འདོན་སྤེལ། ༢༠༡༡/༠༢/༠༦
བོད་མིའི་རང་དབང་དང་ཐོབ་ཐང་བརྩོན་ལེན་ཐད་ཀྱི་འཐབ་ཇུས་དང་ལག་བསྟར།
རྡོ་རྗེ་དབང་རྒྱལ། ༼ བོད་འབྱོར་རྩོམ་ཡིག༽ འདོན་ཐེངས་སྔ་མའི་འཕྲོས།
རྒྱལ་སྤྱིའི་ལས་འགུལ།
ཉི་ཧོང་རྒྱལ་ཁབ་ཀྱི་སྲིད་བློན་ཟུར་བ་ཧ་ཁོའུ་ཏ་ཡིས་ ༢༠༠༨ ལོའི་ཟླ་ཚེས་ཉིན་ཁྲོ་ཁུའོ་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ། བོད་དོན་ནི་རྒྱལ་སྤྱིའི་གནད་དོན་དུ་གྱུར་ཟིན་པ་རེད་ཅེས་གསུངས་པ་ནང་བཞིན་ ༢༠༠༨ལོའི་བོད་མིའི་རང་དབང་ལས་འགུལ་གྱི་གྲུབ་འབྲས་ཆེས་ཤོས་ནི། རྡ་རམ་ས་ལ་དང་བོད་ཀྱི་གྲོང་གསེབ་ཁག་ནས་བོད་དོན་དེ་རྒྱལ་སྤྱིའི་སྟེགས་བུ་སྟེང་དུ་སྐྱེལ་ཏེ། འཛམ་གླིང་གི་མི་དམངས་ཡོངས་ཀྱིས་ཐོས་པ་དང་བསམ་བློ་གཏོང་དགོས་པ་ཞིག་ཏུ་གྱུར་པ་རེད། བོད་མི་ལ་མཚོན་ན་རྒྱལ་སྤྱིའི་སྟེགས་བུ་དེ་ནི་རྒྱ་མིའི་ངན་མཚང་དམར་རྗེན་དུ་འགྲེམས་སྟོན་བྱེད་ས་ཡིན་པ་དང་། བོད་མིའི་གྲོགས་པོ་ཚོ་དང་མཉམ་འཛོམས་བྱེད་ས། ཁྱད་པར་དུ་བོད་ཕྱི་ནང་གི་བོད་མི་རྡོག་རྩ་གཅིག་སྒྲིལ་གྱིས་བོད་རང་དབང་གི་ལས་འགུལ་སྤེལ་སའི་འཐབ་ར་ཡག་ཤོས་དེ་རེད། གལ་སྲིད་བོད་དོན་དེ་རྒྱལ་སྤྱིའི་སྟེགས་བུ་དང་ཁ་བྲལ་ནས་ས་ཁུལ་ཞིག་ཏུ་བཀག་བསྡམས་བྱས་པ་ཡིན་ན། བོད་དོན་བོར་བརླག་ཏུ་འགྲོ་བའི་མགོ་བརྩམས་པ་རེད། དེའི་ཕྱིར་དམིགས་ཡུལ་ལྡན་པ་དང་འཆར་གཞི་ཞིབ་ཕྲ་ལྡན་པའི་སྒོ་ནས་བོད་མིའི་རང་དབང་ལས་འགུལ་དང་། རྒྱལ་སྤྱིའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་གཤམ་གསལ་གྱི་ལས་འགུལ་རྣམས་སྤེལ་དགོས།
ཀ བཙན་བྱོལ་བོད་གཞུང་ངོས་ལེན་བྱེད་དུ་འཇུག་པ།
རྒྱལ་ཁབ་གཞན་པའི་སྲིད་གཞུང་གིས་བཙན་བྱོལ་བོད་གཞུང་བོད་མི་དམངས་ཀྱི་ཁྲིམས་མཐུན་གྱི་སྲིད་གཞུང་དུ་ངོས་ལེན་འབྱུང་དུ་འཇུག་རྒྱུ་དེ། ཉེ་བའི་ལོ་འགའི་རིང་གི་ཆབ་སྲིད་ཀྱི་དམིགས་འབེན་གཙོ་བོར་བཞག་ནས་བརྩོན་ལེན་བྱ་དགོས་པ་རེད། ཁྲིམས་མཐུན་སྲིད་གཞུང་ལ་ངོས་ལེན་གནང་དུ་འཇུག་རྒྱུ འི་ལས་འགན་གྱི་དམིགས་ཡུལ་མངོན་འགྱུར་འབྱུང་ཆེད། རྒྱ་ནག་སྲིད་གཞུང་དང་དཔལ་འབྱོར་གྱི་འབྲེལ་བ་མེད་པ་དང་ཡང་ན་འབྲེལ་བ་དམ་ཟབ་མེད་པའི་རྒྱལ་ཁབ། དཔེར་ན། ཕའོ་ལེན་དང་ཧང་ག་རུ་ལྟ་བུ་བོད་མི་ལ་སྙིང་ཉེ་ཞིང་རྒྱ་ནག་ལ་སྡང་སེམས་ཡོད་པའི་རྒྱལ་ཁབ་ཚོར། བཙན་བྱོལ་བོད་སྲིད་གཞུང་བོད་མའི་ཁྲིམས་མཐུན་གྱི་གཞུང་དུ་ངོས་ལེན་གནང་དུ་བཅུག་པ་ཡིན་ན། རྒྱལ་ཁབ་གཞན་པ་ཚོས་ཀྱང་དེ་དག་གི་རྗེས་སུ་འབྲངས་ནས་དེ་ལྟར་ངོས་ལེན་གནང་སྲིད་པ་རེད། དེ་ལྟར་བྱུང་བ་ཡིན་ན་གཤམ་གསལ་གྱི་ཆབ་སྲིད་དང་ཁྲིམས་ལུགས། བོད་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱི་ཐོག་བླ་ན་མེད་པའི་ཤུགས་རྐྱེན་ཐེབས་སྲིད། རྡ་རམ་ས་ལར་ཡོད་པའི་བོད་གཞུང་དེ་ངོས་ལེན་བྱེད་པར་རྒྱ་གར་ཕྱོགས་ནས་དཀའ་ཁག་ཡོད་པ་དང་ཆ་རྐྱེན་མི་འཛོམ་ན་ཆ་རྐྱེན་འཛོམ་པའི་རྒྱལ་ཁབ་ཅིག་ནས་བོད་གཞུང་འཛུགས་པ་དང་། རྡ་རམ་ས་ལར་ཡོད་པའི་སྒྲིག་འཛུགས་དེ་དེའི་ཡན་ལག་ལས་ཁུངས་ཡིན་པ་ལྟ་བུ་ཐབས་ལམ་འཚོལ་ན་དཀའ་ཁག་དེ་སེལ་ཐུབ་རྒྱུ་རེད་བསམ།
༡ ཆབ་སྲིད་ཀྱི་ཤུགས་རྐྱེན།
རྒྱ་ནག་སྲིད་གཞུང་དང་རྒྱ་མི་སྒེར་བས་བོད་དོན་སྐོར་ལ་རྩོད་གླེང་བྱེད་དུས་ཁོ་པ་ཚོས་ནམ་ཡིན་ཡང་ལུང་འདྲེན་བྱེད་རྒྱུ་ནི། རྒྱལ་ཁབ་གང་གིས་ཀྱང་ད་སྔ་རྡ་རམ་ས་ལའི་བཙན་བྱོལ་བོད་སྲིད་གཞུང་བོད་མའི་ཁྲིམས་མཐུན་གྱི་གཞུང་དུ་ངོས་ལེན་གནང་མེད་པ་དེ། རྒྱ་ནག་རང་གིས་བོད་བཙན་བཟུང་བྱས་པ་དེ་ཆབ་སྲིད་ཀྱི་རྒྱབ་བརྟེན་དུ་འཛིན་བཞིན་ཡོད་པ་རེད། གལ་སྲིད་རྒྱལ་ཁབ་ཞིག་གིས་བཙན་བྱོལ་བོད་སྲིད་གཞུང་བོད་མའི་ཁྲིམས་མཐུན་གྱི་གཞུང་དུ་ངོས་ལེན་གནང་བ་ཡིན་ན། རྒྱ་ནག་སྲིད་གཞུང་གི་ཆབ་སྲིད་ཀྱི་རྒྱབ་བརྟེན་དེ་ཉིད་རྩ་མེད་དུ་བཏང་བ་རེད། དེ་ལས་ཟློག་སྟེ་བཙན་བྱོལ་བོད་གཞུང་ལ་མཚོན་ན་ཆབ་སྲིད་ཀྱི་ངོས་འཛིན་ཐོབ་ནས་བཙན་བྱོལ་བོད་གཞུང་བརྟན་པོར་གནས་ཐུབ་པ་ལ་ཆབ་སྲིད་ཀྱི་ཁས་ལེན་ཐོབ་པ་རེད།
༢ ཁྲིམས་ལུགས་ཐད་ཀྱི་ཤུགས་རྐྱེན།
ཉེ་བའི་དུས་ནས་བཟུང་རྒྱ་ནག་སྲིད་གཞུང་གིས་བཙན་བྱོལ་བོད་གཞུང་ལ་ཁྲིམས་འགལ་གྱི་སྲིད་གཞུང་ཞེས་བརྗོད་འགོ་བརྩམས་པ་རེད། དེས་བཙན་བྱོལ་བོད་གཞུང་ཁྲིམས་ལུགས་ཐོག་ནུས་མེད་དང་གཞི་མེད་དུ་གཏོང་བའི་ལས་འགུལ་སྤེལ་རྩིས་ཡོད་པའི་མངོན་རྟགས་མཚོན་གྱིན་ཡོད་པར་བསམ། རྒྱལ་ཁབ་གཞན་པས་བཙན་བྱོལ་བོད་གཞུང་ངོས་ལེན་གནང་བ་ཡིན་ན་རྒྱ་ནག་སྲིད་གཞུང་གི་ཇུས་ངན་དེ་ལ་སྔོན་འགོག་དང་། བོད་མིའི་རང་དབང་ལས་འགུལ་ལ་ཁྲིམས་ཀྱི་རྨང་གཞི་དང་རྒྱབ་རྩ་ཆེན་པོ་བཏང་སྟེ། བོད་ཀྱི་བདག་དབང་བོད་མི་ལ་ཡོད་པ་མ་ཟད་དེའི་ཁྲིམས་མཐུན་གྱི་སྐུ་ཚབ་ནི་བཙན་བྱོལ་བོད་གཞུང་ཡིན་པར་ངོས་འཛིན་བྱས་ཡོད་པ་རེད།
༣ བོད་མིར་ཐེབས་པའི་ཤུགས་རྐྱེན།
བཙན་བྱོལ་བོད་གཞུང་རྒྱལ་ཁབ་གཞན་གྱིས་ངོས་ལེན་གནང་པའི་གནས་ཚུལ་དེ་བཙན་བྱོལ་བོད་མི་ཚོས་ཐོས་པ་ཡིན་ན། ཁོ་ཚོ་བོད་རང་དབང་ལས་འགུལ་ལ་རེ་བ་ཆེ་རུ་འགྲོ་བ་དང་བཙན་བྱོལ་བོད་གཞུང་ལ་ཡིད་ཆེ་སྔར་ལས་གཏིང་ཟབ་པོ་དང་བཙན་བྱོལ་བོད་གཞུང་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བ་གདོན་མི་ཟ། གནས་ཚུལ་དེ་གཞིས་སྲུང་བོད་མིས་ཐོས་པ་ཡིན་ན་གཞིས་སྲུང་བོད་མི་རྣམས་ཀྱི་སེམས་ཁམས་རྒྱ་ནག་དང་རིང་དུ་གྱེས་ནས་བཙན་བྱོལ་བོད་གཞུང་ལ་ཕྱོགས་རྒྱུ་ཡིན་པ་མ་ཟད་དེ་དང་སེམས་ཐག་ཧ་ཅང་ཉེ་བར་འགྱུར་རྒྱུ་རེད།
༤ རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན།
དེ་ལྟར་བྱུང་བ་ཡིན་ན་བཙན་བྱོལ་བོད་གཞུང་གིས་རང་ཉིད་ལ་ངོས་འཛིན་ཡོད་པའི་རྒྱལ་ཁག་དེ་དག་དང་གཞུང་འབྲེལ་འབྲེལ་བ་བཙུགས་ནས། ཆབ་སྲིད་དང་དཔལ་འབྱོར། རིག་གཞུང་། སློབ་གསོ་སོགས་ཕྱོགས་གང་ཅིའི་ཐད་ཕན་ཚུན་འབྲེལ་འདྲེས་དང་བརྗེ་རེས་གནང་ཆོག་པའི་སྟེང་། རྒྱལ་ཁབ་དེས་བོད་དོན་སྐོར་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་པ་ཁག་ལ་གླེང་སློང་བྱས་ཆོག་པ་དང་། བོད་དོན་ཐད་ཀྱི་སྐུ་ཚབ་དང་མགྲིན་ཚབ་ཞིག་མང་དུ་ཕྱིན་དེ་བོད་དོན་དེ་སྔར་ལས་ལྷག་པར་རྒྱལ་སྤྱིའི་གནད་དོན་ཅན་དུ་གྱུར་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་དགོས་པ་དང་ཐག་གཅོད་བྱེད་དགོས་པ་ཞིག་ཏུ་གྱུར་འགྲོ་བ་རེད།
༥ བོད་རྒྱ་གྲོས་མོལ་ལ་ཐེབས་པའི་ཤུགས་རྐྱེན།
བཙན་བྱོལ་བོད་གཞུང་ངོས་ལེན་བྱས་པ་ཡིན་ན་བཙན་བྱོལ་བོད་གཞུང་གིས་ཆབ་སྲིད་ཀྱི་གཙོ་གནད་ལས་འགུལ་ཞིག་ཏུ་རྩིས་ཏེ། འབད་བརྩོན་བྱེད་བཞིན་པའི་བོད་རྒྱ་འབྲེལ་མོལ་གྱི་ལས་གཞི་དེ་ཡང་། བོད་གཞུང་གིས་ཞུ་བ་འཐེན་མི་དགོས་པར་རྒྱ་ནག་གཞུང་གིས་ཚུར་ལ་གྲོས་འགོ་འདོན་གི་རེད། སྤྱིར་གྲོས་མོལ་བྱེད་པ་ནི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཡིན་པ་ལས། དམིགས་ཡུལ་དུ་རྩིས་ནས་དེ་ཁོ་ནར་འབད་བརྩོན་བྱས་པ་ཡིན་ན་རྩ་བ་དོར་ནས་ཡལ་གར་འཇུས་པ་རང་རེད། རྒྱ་མིས་གྲོས་མོལ་བྱེད་པ་དེ་ཆབ་སྲིད་ཀྱི་རྩེད་མོ་ཁོ་ནར་བེད་སྤྱོད་བྱེད་ཀྱིན་ཡོད་པས་བོད་པས་ཀྱང་ཁོ་ཚོ་ལ་རྩེད་རོགས་བྱས་ཏེ། རྩེད་མོ་དེའི་ཁྲོད་ནས་རྒྱལ་ཁ་ཐོབ་ཆེད་བསྐྲུན་དགོས་པ་ནི་ཁོར་ཡུག་བཟང་པོ་མ་རེད། དེ་ལས་ལྡོག་སྟེ་ཆ་རྐྱེན་བཟང་པོ་རེད། དེ་འདྲ་ཡིན་པས་བཙན་བྱོལ་བོད་གཞུང་དམངས་གཉིས་ཀའི་ནུས་ཤུགས་ཆེ་རུ་སོང་བ་དང་གཞིས་བྱེས་བོད་མི་གཅིག་གྱུར་དང་མཐུན་སྒྲིལ་ཡོང་བ། རྒྱལ་ཁབ་གཞན་གྱིས་བཙན་བྱོལ་བོད་གཞུང་ངོས་ལེན་བྱས་པ་ཡིན་ན་ཆ་རྐྱེན་ནང་གི་ཆ་རྐྱེན་བཟང་ཤོས་དེ་རེད། ངོས་ལེན་དེ་ཐོབ་ཆེད་བཙན་བྱོལ་བོད་གཞུང་བཀའ་ཤག་དང་སྤྱི་འཐུས། སྐུ་སྒེར་ཡིག་ཚང་བཅས་མཉམ་འབྲེལ་གྱི་དམིགས་གསལ་ཚོགས་ཆུང་ཞིག་བཙུགས་ཏེ། གཤམ་གསལ་གྱིས་ལས་དོན་ཁག་བསྒྲུབ་དགོས།
༡ རྒྱལ་ཁབ་ཁག་དང་རྒྱ་ནག་བར་གྱི་འབྲེལ་བའི་སྐོར་གྱི་གནས་ཚུལ་བསྡུ་ལེན་བྱས་ཏེ་ཞིབ་ཚགས་པོས་ཉམས་ཞིབ་བྱེད་པ།
༢ ཉམས་ཞིབ་དེ་དག་གི་མཇུག་འབྲས་གཞིར་བཞག་ཏེ་བཙན་བྱོལ་བོད་གཞུང་ངོས་ལེན་བྱེད་འདོད་ཡོད་པའི་རྒྱལ་ཁབ་ཁག་ལ་བོད་གཞུང་བཀའ་ཤག་དང་སྤྱི་མཐུས། བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་བཅས་ཀྱིས་མཉམ་འབྲེལ་དང་མཉམ་འབྲེལ་མ་ཡིན་པའི་སྒོ་ནས། རྒྱལ་ཁབ་དེ་དག་གི་སྲིད་གཞུང་ལ་འབྲེལ་གཏུགས་དང་སྙན་ཞུ་ཕུལ་ཏེ་གུས་སྐུལ་ཞུས་རྒྱུ།
༣ བཙན་བྱོལ་བོད་གཞུང་བཀའ་ཤག་དང་སྤྱི་འཐུས། སྐུ་སྒེར་ཡིག་ཚང་བཅས་མཉམ་འབྲེལ་གྱི་དམིགས་གསལ་ཚོགས་ཆུང་དེས། རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པ་གདན་ཞུས་ཀྱིས་བཅར་འདྲིས་ཞུས་ཏེ་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ནས།བོད་ཀྱི་གནས་བབས་དང་བོད་རང་དབང་ལས་འགུལ་གྱི་ཁ་ཕྱོགས་དང་ཐབས་ལམ་ལ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་འཚོལ་བ། ཆབ་སྲིད་ལག་ལེན་ཐད་བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་གང་ཟག་སྒེར་བ་ཚང་མར་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་ལྡོག་ཕྱོགས་ཀྱི་ཐབས་ལམ་(Negative Approach)ཐད་དངུལ་དངོས་དང་དུས་ཚོད་ཀྱི་འགྲོ་གྲོན་ཆུད་ཟོས་སུ་མ་བཏང་པར། དེ་ལས་ལྡོག་སྟེ་མཐུན་ཕྱོགས་ཀྱི་ཐབས་ལམ་(Positive Approach)ལག་བསྟར་བྱས་ནས་བོད་གཞུང་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནུས་ཤུགས་ཅི་ལྟར་ཆེ་རུ་གཏོང་རྒྱུའི་ཆེད། དེ་ཡང་།
ཞིབ་ཕྲ་ཡིན་པ། (Specific)
གྲངས་ཚད་ལྡན་པ། (Measurable)
སྒྲུབ་ཐུབ་པ། (Achievable)
དངོས་ཡོད་གནས་ཚུལ་དང་མཐུན་པ། (Realistic)
དུས་ཡུན་གྱི་ཚད་ཡོད་པའི་(Timely)འཆར་གཞི་དང་རེ་ཞུས་ཕུལ་ནས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་དགོས་པ་ནི་བཙན་བྱོལ་བོད་གཞུང་གི་ལས་ཀ་བསྒྲུབ་ཕྱོགས་ཀྱི་རྩ་འཛིན་ཡིན་ན་འོས།།
No comments:
Post a Comment