འདོན་སྤེལ། ༢༠༡༡/༠༣/༢༤
༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཐོག་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རྒྱུའི་ཆེད་དམིགས་བསལ་ཚོགས་ཆེན་ཞིག་གམ། གཞུང་མང་ཚོགས་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཞིག་སྐབས་བཅུ་བཞི་པའི་སྤྱི་འཐུས་ལས་ཡུན་མ་རྫོགས་གོང་བསྡུ་སྐོང་གནང་དགོས་ཟེར།
དེ་རིང་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཉིན་དགུ་བའི་སྟེང་། བཀའ་སྤྱི་གཉིས་ལས་གྲུབ་པའི་༸གོང་ས་མཆོག་གི་གསུང་འཕྲིན་ཐད་ཀྱི་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་གྲོས་ཚོགས་ནང་སྙན་སྒྲོན་ཞུས་སོང་ལ། ལས་འཆར་ཚོགས་ཆུང་ནང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་བཅས་རེད།
སྐབས་དེར་བཀའ་ཁྲི་མཆོག་གིས་སྙན་ཐོ་སྒྲོག་སྦྱོང་གནང་དོན། ༧གོང་ས་མཆོག་གིས་ཐོག་མར་ཕྱི་ཚེས་ ༡༤ ཉིན་གྲོས་ཚོགས་ལ་གསུང་འཕྲིན་བཀའ་ནན་ཕེབས་པ་དང་། ཚེས་༡༩ཉིན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་གསུང་ཆོས་སྐབས་སླར་ཡང་བཀའ་སློབ་གསུང་གི་བདུད་རྩི་ཟབ་ནན་ཕེབས་པ་བཅས་ལ་བརྟེན། ད་ཆ་གསུང་འཕྲིན་ཇི་ཕེབས་ཀྱི་དགོངས་དོན་རྣམས་ཉམས་ལེན་ལག་བསྟར་ཞུ་རྒྱུ་ལས་མ་འདས་ཤིང་། ༸གོང་ས་མཆོག་གི་གསུང་འཕྲིན་ནང་ “ ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་པ་དང་། སེམས་ཤུགས་ཆག་པ།བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན། ” ཞེས་གསུངས་པ་ལྟར། ད་རེས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཀྱིས་བཀའ་དགོངས་ཉམས་ལེན་ཞུ་རྒྱུ་བསོད་བདེ་དམན་པ་ཞིག་ཏུ་མི་བརྩི་བར། བྱུང་རབས་ཀྱི་དོན་སྙིང་ལྡན་པའི་གོ་སྐབས་ཤིག་ཏུ་བརྩི་རྒྱུ་ཡིན། ཞེས་གསུངས་སོང་།
སྙན་ཐོའི་ནང་མུ་མཐུད་དུ་བསྟན་དོན། ཀ ༽ ཕྱོགས་གཅིག་ནས་༸གོང་ས་མཆོག་གི་བཀའི་ཕེབས་སྒོ་གཞིར་བཟུང་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་གཏོང་བའི་བསྐྱར་བཅོས་དང་འབྲེལ་འོས་འདེམས་བྱས་པའི་མགོ་ཁྲིད་རྣམས་ཀྱིས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགན་ཁུར་ཆ་ཚང་ཐུབ་པའི་ཆ་རྐྱེན་བསྐྲུན་རྒྱུ།ཁ༽དེ་དང་ཆབས་ཅིག་ཕྱོགས་གཞན་ནས་གསུང་འཕྲིན་རིན་པོ་ཆའི་ནང་ “ ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པ་དང་། བོད་མི་རིགས་དང་རྒྱལ་དབང་སྐུ་ཕྲེང་བར་ལས་སྨོན་གྱི་འབྲེལ་བའི་དབང་གིས་རྒྱ་ཆེའི་མང་ཚོགས་ཚང་མའི་ཡིད་ཆེ་བློ་གཏད་ཡོད་པ་དེ་སྲིད་དུ་ངོས་ནས་བོད་ཀྱི་བསྟན་སྲིད་སྤྱི་དོན་ཡལ་བར་འདོར་མི་སྲིད།” ཅེས་པའི་ཞལ་བཞེས་བཟང་པོ་ལ་འཁྲིལ་ཏེ་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་གཞིས་བྱེས་བོད་རིགས་ཡོངས་ཀྱི་བླ་ན་མེད་པའི་སྐྱབས་མགོན་དང་། བླང་དོར་ལམ་སྟོན་པའི་མཛད་ཁུར་རྒྱུན་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུའི་བརྒྱུད་ལམ་གསར་བ་ཞིག་འཚོལ་ཐུབ་པའི་ཐབས་ཤེས་གནང་དགོས་པའི་རྒྱབ་གཉེར་ཞུ་རྒྱུ་ཡིན།ཞེས་བསྟན་འདུག
བཅའ་ཁྲིམས་བསྐྱར་བཅོས་ཞུ་ཕྱོགས་ཐད། གསུང་འཕྲིན་གྱི་དགོངས་དོན་བཞིན་༸གོང་ས་མཆོག་གི་སྐུ་དབང་དང་མཛད་འགན་ཁག་ཁྲིམས་ཞིབ་པ་དང་བཀའ་བློན་ཁྲི་པ། སྤྱི་འཐུས་གྲོས་ཚོགས། སྤྱི་འཐུས་ཚོགས་གཙོ་གཅས་ལ་གང་ལ་ཅི་འོས་ཆ་བགོས་དང་། སྡེ་སྲིད་ལྷན་ཚོགས་ཀྱི་ཆ་རྐྱེན་ཁག་ཕྱིར་བསྡུ་བྱ་རྒྱུ། སྔོན་གླེང་དང་༸གོང་ས་མཆོག་གི་སྐོར་དོན་ཚན་གཅིག་གསར་སྣོན་བྱ་རྒྱུ། དེ་དང་ཆབས་ཅིག་བཙན་བྱོལ་སྒྲིག་འཛུགས་རྒྱུན་གནས་ཡོང་སླད་ད་ལན་བསྐྱར་བཅོས་འདི་མཉམ་ཡུལ་ཁྲིམས་དང་སྲིད་དོན་གྱི་ཐོག་ནས་འབྱུང་འགྱུར་སྐུ་ངལ་འཕྲད་གཞིའི་མིང་ཚིག་རེ་ཟུང་ཡོད་པ་དག་ཀྱང་ཆབས་ཅིག་བསྒྱུར་བཅོས་ཐུབ་ན་བཀའ་དགོངས་དང་མཐུན་པ་ཡོང་གི་རེད། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་རིགས་ཡོངས་ཀྱི་བླ་ན་མེད་པའི་སྐྱབས་མགོན་དང་བླང་དོར་ལམ་སྟོན་པའི་མཛད་ཁུར་རྒྱུན་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུ་དང་། གཞི་རྩའི་བཅའ་ཁྲིམས་བསྐྱར་བཅོས་ཐོག་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ཆེད་དམིགས་བསལ་ཚོགས་ཆེན་ཞིག་གམ། གཞུང་མང་ཚོགས་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཞིག་སྐབས་བཅུ་བཞི་པའི་སྤྱི་འཐུས་ལས་ཡུན་མ་རྫོགས་གོང་བསྡུ་སྐོང་ཐོག སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་འདེམས་གསལ་བསྒྲགས་ཐོན་པ་རྣམས་ཀྱང་མཉམ་ཞུགས་ཀྱིས་མང་ཚོགས་དང་ལྷན་དུ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཚིག་བརྗོད་རྣམས་བགྲོ་གླེང་མཐིལ་ཕྱིན་གནང་སྟེ། མོས་མཐུན་བྱུང་མཚམས་༸གོང་ས་མཆོག་ལ་བཅའ་ཁྲིམ་བསྐྱར་བཅོས་ཟིན་བྲིས་སྤྱན་འབུལ་དང་འབྲེལ་གསོལ་འདེབས་ཨུ་ནན་ཞུ་རྒྱུ།
༸གོང་ས་མཆོག་གིས་ཞལ་བཞེས་བྱུང་མཚམས་སྐབས་བཅུ་བཞི་པའི་སྤྱི་འཐུས་ཀྱི་གྲོས་ཚོགས་འཕར་མ་ཞིག་གམ།ཡང་ན་སྐབས་བཅོ་ལྔ་པའི་སྤྱི་འཐུས་དམ་འབུལ་ཟིན་འཕྲལ་ཚོགས་དུས་འཕར་མ་ཞིག་ཚོགས་ཏེ། བཅའ་ཁྲིམས་བསྐྱར་བཅོས་ཡོངས་རྫོགས་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་ཡོང་ཐབས་གནང་རྒྱུ་དང་། གཏན་འབེབས་ཟིན་འཕྲལ་༸གོང་ས་མཆོག་ལ་ཆོག་མཆན་ཞུས་རྗེས་རྩ་འཛིན་གནང་རྒྱུ་འམ། ཡང་ན། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་སྐབས་བཅུ་བཞི་པའི་གྲོས་ཚོགས་ནང་མོས་མཐུན་བྱུང་བ་དེ་དག་ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་། བོད་རིགས་སྤྱི་མཐུན་ཚོགས་པ་སོགས་བརྒྱུད་འགྲེམས་སྤེལ་གྱིས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་གནང་དགོས་ཅི་དགེའི་བཀའ་བསྡུར་གྱིས་གདམ་ཀ་གང་ཡང་རུང་བ་ཞིག་གཏན་འབེབས་དང་། ཚོགས་ཆུང་བསྐོ་འཛུགས་ཀྱིས་མཚོན་པའི་ལས་འཆར་གང་ཡིན་འཕྲལ་དུ་མགོ་འཛུགས་གནང་རྒྱུ། གལ་གནད་ཆེ་ཤོས་ནི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་རགས་པ་ཙམ་ད་ལན་ཚོགས་ཐོག་ཏུ་ཐུགས་གཏན་འཁེལ་བ་དགོས་གལ་ཆེ་བར་མ་ཟད། མཐའ་མའི་གཏན་འབེབས་སྤྱི་འཐུས་སྐབས་བཅུ་བཞི་བ་དང་བཅོ་ལྔ་པ་གང་གིས་གནང་རྒྱུའི་ཐག་གཅོད་ཀྱིས་ ༢༠༡༡ ལོའི་ཕྱི་ཟླ་ ༦ པའི་ཚེས་ཤར་ལ་བཅའ་ཁྲིམས་བསྐྱར་བཅོས་ལས་རིམ་གྲུབ་པ་གནང་དགོས། ཞེས་སྒྲོག་སྦྱོང་དང་འབྲེལ་ད་ལྟའི་བཅའ་ཁྲིམས་ནང་༸གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་དོན་ཚན་ ༣༩ ཡོད་པ་དག་དང་། གལ་གནད་ཆེ་ཤོས་དོན་ཚན་༡༩པ་བཅས་བསྐྱར་བཅོས་དགོས་ལུགས་སྙན་སྒྲོན་ཞུས་སོང་།
སྙན་ཐོ་དེའི་ཟུར་འཛར་ནང་དོན་ཚན་ ༤ ཡི་གསོལ་འདེབས་ཤིག་བཀོད་དོན། བཅའ་ཁྲིམས་ནང་མི་གསལ་བའི་༸གོང་ས་མཆོག་བོད་མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས་ཡིན་སྟབས། དང་པོ། བོད་མི་རིགས་ཀྱི་བདེ་དོན་དང་བསམ་སྤྱོད་ཀྱི་ཡར་རྒྱས། ཆོས་དང་ལེགས་བྱང་། རིག་གནས་བཅས་ཀྱི་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་དང་བཀའ་སློབ་གནང་རྒྱུ། གཉིས་པ། བོད་མི་རིགས་དང་བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་ལ་གསུང་འཕྲིན་དང་བཀའ་སློབ་ལམ་སྟོན། དམིགས་བསལ་ཚོགས་ཆེན་བསྡུ་སྐོང་། མང་མོས་ཐག་གཅོད་འོས་བསྡུ་དགོས་པའི་ལམ་སྟོན་གནང་རྒྱུ། གསུམ་པ། ཡེ་ཤེས་དབྱིངས་དཔྱད་ཀྱིས་བོད་ཀྱི་རྩ་དོན་བསྒྲུབ་སླད་སྤྱིར་བཏང་དང་དམིགས་བསལ་སྐུ་ཚབ་ཁག་གཏན་འཇགས་སམ་དུས་ཡུན་རྒྱས་བཅད་ཀྱི་བསྐོ་འཛུགས་གནང་རྒྱུ་དང་། སྐུ་ཚབ་རྣམ་པས་བཙན་བྱོལ་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་བྱ་བར་འགན་མཉམ་འཁྱེར་བྱ་ཆོག བཞི་བ། བཙན་བྱོལ་སྒྲིག་འཛུགས་དང་བོད་མི་མང་གི་མགྲིན་ཚབ་པའི་ངོ་བོར་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང་། གལ་ཆེའི་མི་སྣ་རིགས་ལ་མཇལ་འཕྲད་གནང་རྒྱུ། ཅེས་ལས་རིམ་ཚོགས་ཆུང་གི་སྙན་ཐོ་སྒྲོག་སྦྱོང་གནང་སོང་།
མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་མཆོག་གིས། སྤྱི་འཐུས་མི་རེ་ངོ་རེ་ཡིས་སྙན་ཐོ་འདིའི་ནང་དོན་ལ་བློ་རྩེ་གཅིག་ཏུ་བསྒྲིལ་ཏེ་ཐུགས་སྣང་དང་གོ་དོན་རྟོགས་པར་བྱ་དགོས་སྐོར་དང་། སྙན་ཐོ་འདི་དང་འབྲེལ་བའི་ཐོག་བགྲོ་གླེང་ཉི་མ་ག་ཚོད་དགོས་ཀྱང་ད་རེབ་མུ་མཐུད་མཇུག་སྐྱོང་དང་གྲོས་ཆོད་གྲོས་འཆར་གཏན་འབེབས་བྱ་རྒྱུ་ཡིན། ཞེས་གསལ་བསྒྲགས་བསྐྱངས་སོང་
No comments:
Post a Comment