Thursday, April 19, 2012

བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་ཆེན་ཐེངས་དྲུག་པ་ངྷ་སར་ཚོགས།

འདོན་སྤེལ། ༢༠༡༢/༠༤/༡༩
བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་དུས་ཡུན་ཉིན་གཉིས་རིང་གི་ལོ་འཁོར་ཚོགས་ཆེན་དེ་གཟའ་ལྷག་པ་ཉིན་ངྷ་སར་མགོ་འཛུགས་བྱས་ཡོད་ཅིང་། ཚོགས་འདུའི་མཛད་སྒོའི་སྟེང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཚོགས་འདུ་གསུང་བཤད་གནང་སོང་།

དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་། ངྷ་ས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༦ པ་མགོ་འཛུགས་གནང་ཡོད་པ་དང་། ཉིན་དང་པོའི་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་སྟེང་། སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་འཐུས་མི། བོད་ཀྱི་ཚོང་པའི་བདེ་ཚོགས་ཀྱི་རྒྱུན་ལས་དང་ཚོགས་མི་བཅས་ཕེབས་འདུག་ལ། མཛད་སྒོའི་ཐོག་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་སྙན་ཐོ་སྒྲོག་སྦྱང་དང་། སོ་སོའི་ལས་ཁུར་རིང་དམིགས་བསལ་གཟེངས་སུ་ཐོན་པའི་ལས་དོན་སྒྲུབ་མཁན་རྒྱུན་ལས་ཁག་ཅིག་དང་། བོད་མིའི་ཚོང་ལས་བདེ་ཚོགས་ལ་རྒྱབ་སྐྱོར་རོགས་འདེགས་བྱེད་མཁན་ཁག་ཅིག་ལ་གཟེངས་བསྟོད་བྱ་དགའ་སྤྲད་སོང་།

མཛད་སྒོ་དབུ་འཛུགས་དང་ཕེབས་བསུའི་གཏམ་བཤད་གནང་གྲུབ་རྗེས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་ནོར་བུ་ལགས་ཀྱིས། བོད་མིའི་ཚོང་ལས་བདེ་ཚོགས་འདི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ཁྲིད་འོག བོད་ཀྱི་ཚོང་པ་རྣམས་མཉམ་འབྲེལ་ཐོག་བོད་མིའི་སྤྱི་ཚོགས་ཀྱི་ཚོང་ལས་ཁོར་ཡུག་རྒྱ་སྐྱེད་དང་། བོད་མིའི་ཚོང་ལས་འཛམ་གླིང་གི་ཚོང་རའི་གར་སྟེགས་སུ་བསླེབ་ཐབས་བཅས་ཀྱི་དམིགས་ཡུལ་སྟེང་། ༢༠༠༤ ལོར་ཐོག་མར་མགོ་འཛུགས་བྱས་པ་ཞིག་ཡིན་པ་དང་། ད་ལྟའི་རྒྱུན་ལས་རྣམས་ཀྱིས་རྒྱ་གར་དང་བལ་ཡུལ་ནང་གི་གཞིས་ཆགས་ཁག་གི་མང་ཚོགས་དང་། དམིགས་བསལ་ན་གཞོན་ཚོར་ཚོང་ལས་སྐོར་གྱི་ཟབ་སྦྱོང་སོགས་སྤྲད་དེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཚོང་ལས་མཐོར་འདེགས་ཡོང་པའི་གོ་རྟོགས་སྤེལ་ཡོད་ལ། མ་འོངས་པར་ཡང་མུ་མཐུད་ཕྱོགས་གང་ཐད་ནས་ཚང་མས་ནུས་པ་གཅིག་ཏུ་སྒྲིལ་ཏེ་འབད་བརྩོན་བྱ་རྒྱུ་ཡིན་པ་སོགས་ཚོགས་པ་དེའི་བྱུང་རིམ་དང་ལས་དོན་སྒྲུབ་ཕྱོགས། དམིགས་ཡུལ་སོགས་ངོ་སྤྲོད་དང་འབྲེལ། ཁོང་གིས་ “བོད་མིའི་ཚོང་ལས་ཡར་རྒྱས་ཆེད། ཚོང་རྒྱག་འདོད་མཁན་ཚོར་ང་ཚོས་དངུལ་གང་ཙམ་རེ་སྤྲད་ནས་རོགས་འདེགས་བྱ་རྒྱུ་དེ་མ་རེད། གཙོ་བོ་ཚོང་ལས་ཀྱི་ཁ་ཕྱོགས་རྒྱ་སྐྱེད་གཏོང་ཐབས་དང་། ན་གཞོན་ཚོར་ཚོང་ལས་དང་འབྲེལ་བའི་ལས་ཀ་བསྐྲུན་ཐབས་བྱ་དགོས་པ་རེད་”ཅེས་བརྗོད་སོང་།

མཛད་སྒོའི་ཐོག་བཀའ་ཁྲི་མཆོག་གིས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱིས་ཚོགས་པ་རྒྱ་སྐྱེད་དང་། ལས་དོན་ཐད་མཉམ་རུབ་ཐོག་ཤུགས་གནོན་བརྒྱབ་པར་བསྔགས་བརྗོད་དང་། མ་འོངས་པར་བཀའ་ཤག་གི་ལྟ་གྲུབ་གསུམ་གཞིར་བཞག་ཐོག་ཕྱོགས་ཀུན་ནས་འབད་བརྩོན་བྱ་དགོས་པ། ལྷག་པར་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་རྒྱུན་ལས་དང་ཚོགས་མི་རྣམས་ཚོང་པ་ཁོ་ན་ཡིན་སྟབས། མ་འོངས་པར་ཚང་མས་བོད་རིགས་མཐོ་སློབ་ཐོན་མཁན་དང་གཞོན་སྐྱེས་ཚོར་ལས་ཀའི་ཁོར་ཡུག་བསྐྲུན་ཐབས་དང་ལས་ཀ་སྤྲོད་རྒྱུར་ནུས་པ་འདོན་རྒྱུ། དེ་བཞིན་བོད་མིའི་ཚོང་ལས་བདེ་ཚོགས་ཀྱིས་གཏན་འབེབས་འབོད་ཚིག་མི་ཆོས་རིང་ལུགས་དང་མཐུན་པའི་སྤྱི་ཚོགས་ལ་འགན་ཁུར་བའི་ཚོང་ལས་(Business with Ethics & Community Social Responsibility) ཞེས་པ་དེ་ཚིག་རྐྱང་པ་ཙམ་མིན་པར། སོ་སོའི་ཚོང་ལས་ཁྲོད་དངོས་སུ་ལག་བསྟར་བྱ་ཐུབ་པ་ཞིག་དགོས་ཚུལ་བཅས་གསུངས་སོང་།

གཞན་ཡང་། བཀའ་ཁྲི་མཆོག་གིས་རྒྱ་གར་དབུས་གཞུང་གིས་བཙན་བྱོལ་བོད་མིར་གུ་ཡང་སྲིད་ཇུས་གསར་པ་ཁག་ཅིག་ཐོན་པའི་སྐོར་ནས་གསུང་རྒྱུར། ༢༠༡༡ ཟླ་ ༡༢ ཚེས་ ༣༠ ཉིན་རྒྱ་གར་དབུས་གཞུང་གིས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོས་རྒྱ་གར་སྤྱི་ཚོགས་ནང་ལས་ཀ་བྱ་ཆོག་པ་དང་། སོ་སོ་སྡོད་སའི་ས་ཆ་ཉོ་ཆོག་པའི་ཐག་གཅོད་བྱུང་ཡོད་པ་དང་། དེ་བཞིན་ད་སྔ་ལོ་ལྟར་ཐོ་འགོད་བྱེད་ཀྱིན་པའི་བཙན་བྱོལ་བོད་མིའི་སྐྱབས་བཅོལ་ལག་དེབ་(RC) རྗེས་ཕྱོགས་ལོ་ ༥ རེའི་མཚམས་སུ་ཐོ་འགོད་ཐེངས་རེ་བྱ་ཆོག་པ་བཟོས་ཡོད། སྐྱབས་བཅོལ་ལག་དེབ་སྟེང་གི་མི་དེ་རྒྱ་གར་ནང་སྐྱེས་མཁན་ཞིག་ཡིན་ཚེ་གོང་གི་ཐག་གཅོད་དེ་མི་འགྱངས་པར་ལག་བསྟར་བྱ་རྒྱུ་ཡིན་པ་དང་། བོད་ནས་སྐྱེས་ཏེ་རྒྱ་གར་ལ་ཡོང་ཡོད་པའི་མིང་ཐོག་ནས་སྐྱབས་བཅོལ་ལག་དེབ་བཟོས་ཡོད་རིགས། ཐག་གཅོད་དེ་ལག་བསྟར་ཡོང་རྒྱུར་རྒྱ་གར་དུ་བསླེབས་ནས་ལོ་ ༢༠ ཕྱིན་ཡོད་པ་ཞིག་ཡིན་དགོས་འདུག

བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་ཆེན་ཉིན་གཉིས་པ་དེ་ཕྱི་ཚེས་ ༡༩ ཉིན་མེག་གྷན་བོད་ཀྱི་མགྲོན་ཁང་ (Hotel Tibet) དུ་འཚོགས་རྒྱུ་ཡིན་པ་དང་། སྐབས་དེར་དཔལ་འབྱོར་བཀའ་བློན་མཆོག་ཚོགས་ཞུགས་ཐོག བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་རྒྱུན་ལས་རྣམས་ཀྱིས། བོད་མིའི་འདུས་སྡོད་ས་གནས་ཁག་ནང་ནུས་པ་ཇི་ལྟར་འདོན་རྒྱུ་དང་། ཕྱི་རྒྱལ་གྱི་ཚོང་པ་རྣམས་དང་འབྲེལ་ལམ་བྱ་ཕྱོགས། རྒྱལ་སྤྱིའི་ཚོང་ལས་ལམ་ལུགས་ཐོག་གོམ་པ་སྤོ་སྟངས། བོད་སྤྱི་ཚོགས་ནང་ལས་ཀ་བསྐྲུན་ཐབས་སོགས་མ་འོངས་ལས་འཆར་སྐོར་གྱི་བརྗོད་གཞིའི་ཐད་བགྲོ་གླེང་གཏན་འབེབས་གནང་རྒྱུ་ཡིན་འདུག

No comments:

Post a Comment