Saturday, January 1, 2011

༢༠༡༠ལོའི་༧གོང་ས་མཆོག་གི་མཛད་འཕྲིན་ཕྱོཊ་བསྡུས།

འདི་ག་གསར་ཁང་གིས་ལོ་རེ་རེའི་ལོ་མཇུག་ཙམ་ལ་༧གོང་ས་མཆོག་གི་མཛད་འཕྲིན་གལ་ཆེན་ཁག་དང་བོད་ནང་གི་གནས་ཚུལ། བཙན་བྱོལ། དེ་བཞིན་རྒྱ་ནག་དང་རྒྱལ་སྤྱི་བཅས་ཀྱི་གསར་འགྱུར་ཆེ་ཁག་ཕྱོགས་བསྡོམས་ཀྱིས་བསྐྱར་སྤེལ་བྱེད་སྲོལ་ཡོད་པ་ལྟར། འདི་ལོའི་༧གོང་ས་མཆོག་གི་མཛད་འཕྲིན་ཆེ་ཁག་ཕྱོགས་བསྡུས་བྱས་ཡོད།
ཟླ་དང་པོ། ཚེས་ ༡ ཉིན་རྒྱ་གར་མངའ་སྡེ་གུ་ཇུ་ར་ཊིའི་ནང་ཕེབས་ཏེ་ལོ་གསར་བའི་མཛད་འཕྲིན་ཐོག་མ་བསྐྱངས། ཚེས་ ༣ ཉིན་གྲོང་ཁྱེར་པ་ཊི་ན་རུ་གཅེར་བུ་བའི་མཁས་དབང་དང་ལྷན་དུ་ཚོགས་འདུར་མཉམ་བཞུགས་དང་། ཚེས་ ༥ ནས་ ༩ བར་རྡོར་གནད་དུ་གསུང་ཆོས་བསྩལ། ཚེས་ ༡༡ ཨོ་རི་སར་ཆིབས་བསྒྱུར་དང་། ཚེས་ ༢༣ ཉིན་བོད་གཞུང་མང་ཡོངས་ཀྱིས་ཁོང་ལ་བརྟན་བཞུགས་རྒྱས་པ་ཕུལ་ཡོད།
ཟླ་གཉིས་པ། ཚེས་ ༡༨ ཉིན་ཨ་རིའི་ཕོ་བྲང་དཀར་པོར་སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་ཀྱིས་འཛམ་གླིང་སྤྱིའི་གནས་བབ་དང་། ཡང་སྒོས་བོད་རྒྱའི་གནད་དོན་སྐོར་ལ་གྲོས་མོན་གནང་ཞིང་། ཚེས་ ༡༩ ཉིན་ཨ་རིའི་དམངས་གཙོ་ཐེབས་རྩ་ཁང་གི་དམངས་གཙོའི་མཛད་རྗེས་ཀྱི་གཟེངས་རྟགས་དེ་ཁོང་ལ་ཕུལ་ཡོད་པ་དང་། ཚེས་ ༢༡ ཉིན་རྒྱལ་སྤྱིའི་དྭ་ཕྲུག་གཅེས་སྐྱོང་ཁང་གིས་གོ་སྒྲིག་འོག་མི་མང་ ༦༠༠༠ ལྷག་ལ་གསུང་བཤད་གནང་།
ཟླ་གསུམ་པ། ཚེས་ ༡༠ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་བསྩལ་བ་མ་ཟད། ཚེས་ ༡༥ ཉིན་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་གཡུ་ཐོག་གཟེངས་རྟགས་ཐོག་མ་དེ་ཁོང་དང་ཁོང་གི་བླ་སྨན་ཞིང་གཤེགས་པ་བསྟན་འཛིན་ཆོས་གྲགས་རྣམ་གཉིས་ལ་ཕུལ་ཡོད།
ཟླ་བཞི་བ། ཚེས་ ༥ ཉིན་སོ་ལོ་ཝི་ནི་ཡ་རྒྱལ་ཁབ་ཏུ་ཆིབས་བསྒྱུར་གྱིས་ཚེས་ ༦ ཉིན་ཡུལ་དེའི་མི་མང་ ༥༠༠༠ ཙམ་ལ་སྟོང་ལོ་གསར་བའི་ཀུན་སྤྱོད་ཁྱེར་སོ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་། ཚེས་ ༧ ཉིན་སུད་སིར་ཞབས་སོར་བཀོད་ཅིང་། ཚེས་ ༡༤ སྐྱེ་དགུ་མདོར་ས་ཡོམ་གྱི་རྐྱེན་པས་མི་མང་བོ་འདས་གྲོངས་དང་ཚབས་ཆེའི་རྨས་སྐྱོན་ཕོག་པར་བསྔོ་སྔོན་དང་ཐུགས་གསོ་མཛད།
ཟླ་ལྔ་བ། ཚེས་ ༡༦ ཉིན་ཨ་རིར་ཆིབས་བསྒྱུར་གྱིས་ཝི་སི་ཀོན་སིན་མངའ་སྡེའི་རྒྱལ་ས་མེ་ཌི་སེན་གྱི་ནང་ཨ་རིའི་ནང་སྙན་གྲགས་ཆེ་བའི་སེམས་ཁམས་རིག་པའི་ཚན་རིག་པ་ཆར་ཌི་ཌེ་ཝི་དི་སེན་ལྷན་དུ་སེམས་བདེ་ཐང་ལ་དཔྱད་པ་ཞེས་པའི་བགྲོ་གླེང་སྟེང་མཉམ་བཞུགས་གནང་།
ཟླ་དྲུག་པ། ཚེས་ ༥ ཉིན་རྒྱ་གར་བྱང་ཕྱོགས་ཇམ་མུ་དང་ཀ་ཤི་མིར་དུ་ཆིབས་བསྒྱུར་གྱིས་ཧི་མ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པས་གསར་འཛུགས་གནང་བའི་ནང་པའི་རིག་གཞུང་སློབ་གྲྭ་དང་ཆོས་སློབ་ཁང་གཉིས་མི་ལོ་ ༡༥ འཁོར་བའི་དུས་དྲན་མཛད་སྒོར་ཕེབས་ཏེ་གསུང་བཤད་གནང་། ཚེས་ ༡༨ ཉིན་ཉི་ཧོང་དུ་ཞབས་སོར་བཀོད་དེ་བདུན་ཕྲག་གཅིག་རིང་གི་མཛད་འཕྲིན་བསྐྱངས།
ཟླ་བདུན་པ། ཚེས་ ༡༦ ཉིན་ཊི་ཝི་ཊར་དྲ་རྒྱ་བརྒྱུད་དེ་ཐེངས་དང་པོར་རྒྱ་རིགས་ཚོའི་དྲི་བར་བཀའ་ལན་གནང་། ཚེས་ ༡༩ ཉིན་རྒྱ་གར་ཕྱི་སྲིད་དྲུང་ཆེ་ Nirupama Rao ལགས་ངྷ་སར་ཕེབས་ཏེ་ཁོང་ལ་མཇལ་བཅར་གྱིས་ནང་མོལ་གནང་། ཚེས་ ༢༧ ཉིན་ཨི་ཊ་ལིའི་གྲོང་ཁྱེར་རྗེལ་སི་ཡིས་འདི་ལོའི་ལོ་འཁོར་རྒྱལ་སྤྱིའི་ཁྲིར་གྷི་ལེ་ཡ་ཞེས་པའི་གཟེངས་རྟགས་བཞེས།
ཟླ་བརྒྱད་པ། ཚེས་ ༡༤ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མདོ་སྨད་འབྲུག་ཆུ་རྫོང་དུ་ཆུ་ལོག་དང་རི་ཉིལ་འདམ་ཟེགས་ཀྱི་དོན་རྐྱེན་བྱུང་བར་ཐུགས་སྨོན་དང་སེམས་གསོའི་གསུང་འཕྲིན་བསྩལ། ཚེས་ ༣༡ ཉིན་སྦེལ་ཀོབ་སེ་ར་ཐེག་ཆེན་ཆོས་གླིང་བླ་སྤྱིར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་མཇུག་བསྡོམས་སྟེང་ཞབས་སོར་བཀོད་དེ། གདན་ས་ཁག་གི་དགེ་བཤེས་ཚོར་༼ ཚན་རིག་ཀུན་བཏུས ༽ དང་ ༼ ལྟ་གྲུབ་ཀུན་བཏུས ༽ ཀྱི་གཞུང་བརྩམ་དགོས་པའི་བཀའ་ནན་ཕེབས།
ཟླ་དགུ་བ། ཚེས་ ༡༣ ཉིན་ལ་དྭགས་རྒྱལ་ས་སླེ་རུ་ཆིབས་ཐོན་གྱིས་དེ་གར་ཆུ་ལོག་གི་རྐྱེན་པས་འདས་གྲོགས་སུ་གྱུར་བ་རྣམས་ལ་བསྔོ་སྨོན་དང་ཐུགས་གསོ་མཛད། ཚེས་ ༡༧ ཉིན་ཧང་གྷ་རི་རྒྱལ་ཁབ་ཏུ་ཆིབས་བསྒྱུར་གྱིས་ཚེས་ ༡༩ ཉིན་ཡུལ་དེའི་རྒྱལ་ས་བྷོ་ཌ་པོ་སི་གྲོང་ཁྱེར་གྱི་ཆེས་མཐོའི་གཟེངས་རྟགས་བཞེས་ཡོད། ཚེས་ ༢༡ ཉིན་འཇར་མན་དུ་ཆིབས་བསྒྱར་གྱིས་ ༢༠༡༠ ལོའི་ཡུ་རོབ་ཆེ་མཐོང་མི་སྣའི་གཟེངས་རྟགས་ཞེས་པ་བཞེས། ཚེས་ ༢༢ ཉིན་ནས་པོ་ལན་ཌིར་ཆིབས་བསྒྱུར་གྱིས་ཆིག་སྒྲིལ་ལས་འགུལ་ཟེར་བའི་ལོ་འཁོར་ ༣༠ མཛད་སྒོའི་ཐོག་གསུང་བཤད་གནང་།
ཟླ་བཅུ་བ། ཚེས་ ༤ ནས་ ༧ བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གྱི་ཆོས་ཞུ་བ་གཙོས་རྒྱ་ནག་སྐམ་ས་ནས་ཕེབས་པའི་རྒྱ་རིགས་ ༡༣༠༠ བཅས་རྒྱལ་ཁབ་ ༥༧ ཙམ་གྱི་དད་ལྡན་ཆོས་ཞུ་བར་བཀའ་ཆོས་བསྩལ། ཚེས་ ༡༢ ཉིན་ཨ་རིའི་བྱང་ཁ་ལེ་ཧྥོ་ནི་ཡའི་མངའ་སྡེ་སོན་རྗོ་སིའི་ཚོགས་ཁང་དུ། བོད་དང་ཧི་མ་ཡ་ལའི་རི་རྒྱུད་ཀྱི་མི་མང་ལ་བཀའ་སློབ་བསྩལ་ཡོད།
ཟླ་བཅུ་གཅིག ཚེས་ ༦ ཉིན་ཉི་ཧོང་དུ་ཆིབས་བསྒྱུར་གྱིས་ཚེས་ ༧ ཉིན་ཨེན་ཊེ་ཟི་ཚོགས་ཁང་དུ་ཉི་ཧོང་གཙོས་རྒྱལ་ཁབ་ ༢༩ ལྷག་གི་གཞོན་སྐྱེས་ ༥༠༠༠ ལྷག་ལ་གསུང་བཤད་དང་། དེ་བཞིན་ཧི་རོ་ཤི་མ་སོགས་སུ་ཕེབས་ཏེ་བཀའ་སློབ་བསྩལ། ཚེས་ ༢༡ ཉིན་ལྡི་ལིའི་སི་ཨན་ཨན་( CNN-IBN)གསར་ཁང་གི་ལས་རིམ་གཙོ་སྐྱོང་བ་ཀཱ་རན་ཐཱ་པར་གྱི་དྲི་བའི་ལན་དུ་ཁོང་གིས་མ་འགྱངས་པའི་ཟླ་དྲུག་ནང་ཚུད་དུ་བགྲེས་ཡོལ་ཆ་ཚང་གནང་འདུན་ཡོད་པའི་བཀའ་ལན་གནང་། ཚེས་ ༢༠ ནས་ ༢༣ བར་ལྡི་ལི་ཏཱ་ལའི་བླ་མ་ཀུན་ཕན་བདེ་རྩ་ཚོགས་པ་དང་ཝར་ན་བཅས་ཀྱི་གོ་སྒྲིག་བྱས་པའི་ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་ ༢༢ པའི་སྟེང་ཆིབས་བསྒྱུར་བསྐྱངས།
ཟླ་བཅུ་གཉིས། ཚེས་ ༩ ཉིན་ནས་མགོ་འཛུགས་ཀྱིས་རྒྱ་གར་གྲོང་ཁྱེར་ལེག་ནོ་དང་འབྲས་ལྗོངས་བཀའ་རྡོར་སྒང་གསུམ་བཅས་སུ་ཕེབས་ཏེ་ས་གནས་མང་ཚོགས་ཚོར་བོད་ཡིག་ལ་སློབ་སྦྱོང་གནང་དགོས་པའི་སྐུལ་མ་གནང་ཞིང་། ཁོང་བགྲེས་ཡོལ་དུ་ཕེབས་འདོད་ཡོད་ཚུལ་གསུངས་པ་དེ་གཞུང་འབྲེལ་གྱི་ལས་དོན་ཁག་མཚམས་འཇོག་བྱ་རྒྱུ་ཙམ་ལས་བོད་མི་རིགས་ཀྱི་རྩ་དོན་ནམ་ཡང་བློས་གཏོང་བྱ་འདུན་མེད་སྐོར་གསལ་བཤད་གནང་སྟེ། ཚེས་ ༢༩ ཉིན་ཕྱིར་བཞུགས་སྒར་དུ་ཞབས་སོར་བཀོད་ཡོད།
གསར་འགོད་པ། ཨ་རིག་འགྱུར་མེད།

No comments:

Post a Comment