Monday, March 19, 2012

ད་ལོ་དང་སང་ལོའི་དཔལ་འབྱོར་གནས་བབ་འདི་འདྲ་རེད།

འདོན་སྤེལ། ༢༠༡༢/༠༣/༡༦

ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་ལ་མ་དངུལ་ཧིན་སྒོར་ ༧༠༥༨༣༠༠༠༠ འདུག་ལ། ད་ལོ་ནས་སང་ལོའི་བར་འགྲོ་འཆར་སྒོར་ ༡༠༤༡༣༦༠༠༠༠ དང་ཡོང་འཆར་སྒོར་ ༡༠༤༡༣༦༠༠༠༠ ཙམ་རེད། འདིའི་ཐོག་སྤྱི་འཐུས་གྲོས་ཚོགས་ཀྱིས་འགྲོ་གླེང་བྱེད་མུས་རེད།

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་གཉིས་པ་སྟེ། ཁ་སང་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་འགྲུབ་མཆོག་གིས་ལྷན་ཁང་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༢ ནས་ ༢༠༡༣ བར་གྱི་སྔོན་རྩིས་གྲོས་ཚོགས་ལ་སྙན་སྒྲོན་ཞུས་སོང་།

དཔལ་འབྱོར་བཀའ་བློན་མཆོག་གིས་ད་རེབ་ཀྱི་སྔོན་རྩིས་འདི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་བཅུ་བཞི་པའི་སྔོན་རྩིས་དང་པོ་དེ་ཆགས་ཡོད་སྟབས། ལས་འཆར་གལ་གནད་ཆེ་བ་གང་འཚམ་ཞིག་སྔོན་རྩིས་སུ་འཆར་འབུལ་ཞུས་ཡོད། ད་ལྟའི་ཆར་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་དང་། བོད་མིའི་སྡོད་གནས་གཞིས་ཆགས་སོ་སོའི་ནང་འཚོ་རྟེན་དང་ཤེས་ཡོན། འཕྲོད་བསྟེན་བཅས་ཀྱི་མཐུན་རྐྱེན་འོས་འཚམ་འདུག་པར། ད་དུང་ཡར་རྒྱས་འགྲོ་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

ད་ལོའི་སྔོན་རྩིས་ནང་། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གསུམ་ ༦༣༨༨༡༠༠༠༠ ཡོད་པ་དང་། ཕྱི་ལོ་ ༢༠༡༡ ནས་ ༢༠༡༢ བར་སྒོར་བྱེ་བ་དྲུག་དང་ས་ཡ་བདུན་ ༦༧༠༢༠༠༠༠ ཙམ་ཁ་སྣོན་བྱས་ཏེ། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༣༡ ཉིན་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་བདུན་དང་ས་ཡ་ལྔ་ ༧༠༥༨༣༠༠༠༠ ཙམ་ཆགས་ཡོད་འདུག

ཕྱི་ལོ་ ༢༠༡༢ ནས་ ༢༠༡༣ བར་འགྲོ་འཆར་ཁྱོན་ཧིན་སྒོར་ཐེར་འབུམ་གཅིག་དང་བྱེ་བ་བཞི་ ༡༠༤༡༣༦༠༠༠༠ ཙམ་དགོས་པའི་རྒྱབ་གཉེར་ཞུས་འདུག་ལ། དེ་དག་ལས་གསོལ་ཕོགས་ཐོག་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ ༢༢༢༩༥༠༠༠༠ དང་། ལས་ཁུངས་ཁག་གི་རྒྱུན་གྲོན་ཐོག་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ ༡༧༦༨༠༠༠༠༠ ། གཞན་དམིགས་བསལ་ལས་དོན་དང་དམིགས་བཀར་ལས་འཆར་ཐོག་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བཞི་ ༦༤༡༦༡༠༠༠༠ ཙམ་གཏོང་འཆར་ཡོད་འདུག

ཕྱི་ལོ་ ༢༠༡༢ ནས་ ༢༠༡༣ བར་ཡོང་འཆར་ཁྱོན་ཧིན་སྒོར་དུང་ཕྱུར་དགུ་དང་བྱེ་བ་ལྔ་ ༩༥༡༦༩༠༠༠༠ ཙམ་ལ་ཚོད་དཔག་བྱས་འདུག་པ་ལས་ལས་ཁུངས་སོ་སོའི་ཟུར་བཀོལ་རྩིས་ཁོངས་སུ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བརྒྱད་ ༦༨༤༢༥༠༠༠༠ དང་། དཔལ་འབྱོར་ལས་ཁུངས་སུ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ ༢༦༧༤༣༠༠༠༠ ཡོང་རྒྱུར་ཚོད་དཔག་བྱས་འདུག

ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༣༡ ཉིན་བར་དང་བླང་དཔྱ་དངུལ་ལག་དེབ་ཞུ་མཁན་ ༡༤༢༠༨༨ བྱུང་ཡོད་པ་ནས་ལག་དེབ་ ༡༣༩༨༡༩ བཟོས་ཏེ་དོ་བདག་ལ་སྤྲད་ཟིན་ཡོད་འདུག་ཅིང་། དང་བླང་དཔྱ་དངུལ་ལག་དེབ་དང་། ངེས་ཅན་བསྡུ་དངུལ། ངེས་མེད་ཞལ་འདེབས་བཅས་ལས་སྒོར་ ༩༨༥༩༠༠༠༠ ཙམ་ཡོང་རྒྱུར་ཚོད་དཔག་བྱས་འདུག

མཇུག་ཏུ་དཔལ་འབྱོར་བཀའ་བློན་མཆོག་གིས་ “བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་དང་ལོ་རེའི་གཏོང་ཡོང་གི་གནས་སྟངས་མི་དམན་ཙམ་ཡོད་ནའང་། ཕྱིའི་རོགས་རམ་ལ་མུ་མཐུད་བརྟེན་དགོས་པ་དང་། ལྷག་པར་དུ་བཙན་བྱོལ་བའི་གནས་བབ་ཀྱི་ཆ་ནས་འགྲོ་གྲོན་གང་ཅིའི་ཐད་དགོས་ངེས་བསྲི་ཚགས་གནང་རྒྱུ་གལ་འགངས་ཆེ་བས། དེ་ལ་ཚང་མས་དགོངས་བཞེས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན ”ཞེས་གསུངས་བྱུང་།

No comments:

Post a Comment