Friday, June 24, 2011

ཤེས་ཡོན་སྲིད་བྱུས་གསར་པའི་ཐོག་ལྟ་སྟངས་གང་འདྲ་ཡོད་དམ།

སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དབུ་འཛུགས་གནང་བ་དང་བསྟུན་ཏེ། བདམས་ཐོན་སྤྱི་འཐུས་གསར་པ་ཁག་ཅིག་ལ་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གསར་བའི་ཐོག་གི་དཀའ་ངལ་སྐོར་ཞིག་གི་ཐད་དགོངས་འཆར་བསྡུས་ཡོད།

དབུས་གཙང་སྤྱི་འཐུས་སྐལ་བཟང་དགྲ་འདུལ་ལགས་སུ། སྐྱབས་བཅོལ་སྤྱི་ཚོགས་ཤིག་གི་ངོས་ནས་ཤེས་ཡོན་སྲིད་བྱུས་གསར་པ་ལེགས་འགྲུབ་འབྱུང་རྒྱུར་དཀའ་ངལ་ག་རེ་ཡོད་དམ། ཞེས་དྲིས་པར་ཁོང་གིས་ལན་འདེབས་གནང་དོན། ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱེད་པ་དེ་ངའི་ལས་གཞི་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་རེད། ལྷག་པར་དུ་བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་དང་ཤེས་རིག་ལས་ཁུངས་བར་དམིགས་བསལ་གྱི་འབྲེལ་བ་ཆེན་པོ་ཡོད། དེ་བཞིན་ས་རཱ་མཐོ་སློབ་ནས་སློབ་མཐར་ཕྱིན་པ་མང་དག་ཅིག་ཤེས་ཡོན་སྲིད་བྱུས་གསར་པ་དང་འབྲེལ་བ་བྱུང་བསྡད་ཡོད་པ་རེད། དཔེ་སྟོན་སློབ་གྲྭའི་ནང་ས་རཱ་མཐོ་སློབ་ནས་ཐོན་པའི་བོད་ཡིག་དགེ་རྒན་གང་འཚམ་ཡོད་པ་རེད། ད་ལྟ་དཔེ་སྟོན་སློབ་གྲྭ་ནི་དོན་དངོས་ཐོག་མིག་དཔེར་འོས་པའི་སློབ་གྲྭ་ཚད་ལྡན་ཞིག་ཆགས་ཡོད། སློབ་གྲྭ་དེའི་སློབ་ཕྲུག་ཚོས་བོད་སྐད་གཙང་མ་དང་ཚད་ལྡན་བཤད་ཐུབ་པ་མ་ཟད། དབྱིན་སྐད་ཀྱང་ཕྲུ་གུ་གཞན་ལས་མགྱོགས་པོ་ཤེས་ཀྱི་འདུག དཔེ་སྟོན་སློབ་གྲྭར་ཐོག་མར་བོད་ཡིག་མ་གཏོགས་སློབ་ཚན་གཞན་སློབ་ཀྱི་ཡོད་པ་མ་རེད། དེ་ནས་རིམ་པར་དབྱིན་ཡིག་བསླབ་ཡོང་དུས། ཁོང་ཚོས་ཤེས་ཚད་དེ་འཛིན་རིམ་དང་པོ་ནས་དབྱིན་ཡིག་སྦྱོང་མཁན་གྱི་བྱིས་པ་ལས་ཡག་པོ་ཡོང་གི་འདུག དེ་ཧ་ཅང་གནད་འགག་ཅིག་ཏུ་མཐོང་གི་འདུག ང་ཚོས་བཙན་བྱོལ་སློབ་གྲྭ་ཁག་གི་ནང་ཤེས་ཡོན་སྲིད་བྱུས་ཀྱི་འགྲོ་སྟངས་ལག་ལེན་ཡོང་ཐབས་སུ་འབད་བརྩོན་གནང་དགོས་ཀྱི་འདུག ང་ཚོས་ཐུབ་ན་དཔེ་སྟོན་སློབ་གྲྭའི་གྲངས་འབོར་མང་དུ་གཏོང་དགོས་པ་དང་། དེ་ལྟར་མ་བྱུང་ཡང་ཤེས་རིག་གི་ལམ་སྟོན་འོག་འགྲོ་བཞིན་པའི་ཤེས་ཡོན་སྲིད་བྱུས་དེ་སྔར་ལས་ཚགས་ཚུད་གཏོང་ཐུབ་པ་ཡིན་ན། ང་ཚོའི་ཤེས་ཡོན་གྱི་ལས་གཞིའི་ཐོག་ཕན་ཐོགས་ཆེན་པོ་ཡོང་གི་རེད། འོན་ཀྱང་། ང་ཚོར་དཔལ་འབྱོར་མཐུན་རྐྱེན་མ་འདང་བའི་དཀའ་ངལ་འཕྲད་ཀྱི་རེད། ས་ཆ་རག་དགོས་པ་དང་འཛུགས་བསྐྲུན་རྒྱ་སྐྱེད་གཏོང་དགོས་དུས། དཔལ་འབྱོར་གྱི་མཐུན་རྐྱེན་དགོས་རེད། ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་ན། བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐོག་ཧ་ལས་པའི་ནུས་པ་ཐོན་ས་རེད་བསམ་གྱི་འདུག ང་ཚོའི་སྤྱི་ཚོགས་ནང་མི་ཁག་ཅིག་ལ་སེམས་འཚབ་ཆེན་པོ་ཡོད་པ་རེད། ཁོང་ཚོས་ཤེས་ཡོན་སྲིད་བྱུས་ཐོག་མུ་མཐུད་ཕྱིན་པ་ཡིན་ན། སློབ་ཕྲུག་ཚོ་བོད་པའི་རིག་གཞུང་དང་སྐད་ཡིག་ཐོག་ཡག་པོ་ཆགས་ཐུབ་ཀྱང་། ཚན་རིག་གཙོས་པའི་དེང་དུས་སློབ་ཚན་ཐོག་དཀའ་ངལ་འཕྲད་སྲིད་ཀྱི་རེད། ཅེས་བརྗོད་བྱུང་།

མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར་ལགས་སུ། ཤེས་ཡོན་སྲིད་བྱུས་གསར་པའི་སློབ་ཚན་ཁག་གཏན་འབེབས་བྱེད་སྟངས་ལ་ལེགས་ཉེས་གང་འདྲ་གཟིགས་ཀྱི་ཡོད། ཅེས་དྲིས་པར་ཁོང་གིས་ལན་འདེབས་བྱས་དོན། ཤེས་ཡོན་སྲིད་བྱུས་གསར་པ་དེ་བོད་གཞིས་བྱེས་གཉིས་ཀྱི་འཕྲལ་ཕུགས་ཀྱི་གནས་སྟངས་ལ་བལྟས་ཏེ་ལག་བསྟར་བྱེད་བཞིན་ཡོད་པ་ཞིག་རེད། སྲིད་བྱུས་འདིའི་དམིགས་ཡུལ་དང་ཁ་ཕྱོགས་ནོར་ཡོད་པ་མ་རེད། འོན་ཀྱང་སློབ་ཚན་བོད་བསྒྱུར་བྱེད་སྟངས་དང་། བསླབ་གཞི་སྒྲིག་སྟངས་ཐོག་ཞན་ཆ་རེ་ཟུང་ཡོད་སྲིད་པ་ཞིག་རེད། ལྷག་པར་དུ་བཙན་བྱོལ་ནང་ཤེས་ཡོན་སྲིད་བྱུས་འདི་ཁྲིད་སྤེལ་བྱེད་མཁན་གྱི་དགེ་རྒན་ཚད་ལྡན་ཁག་པོ་ཡིན་རྒྱུ་རེད། འོན་ཀྱང་ཤེས་ཡོན་སློབ་གསོའི་ཐོག་ལ་བརྡབ་གསུག་ཆེན་པོ་དེ་འདྲ་ཡོང་གི་མ་རེད། བསྐྱར་ཞིབ་དང་ལེགས་བཅོས་བརྒྱུད་དེ་རིམ་གྱིས་ཡར་རྒྱས་གཏོང་ཆོག་གི་རེད། ད་ལྟ་གཏན་འབེབས་བྱས་ཡོད་པའི་ཤེས་ཡོན་སྲིད་བྱུས་གསར་པ་དེ་ཐོག་མར་གཏན་འབེབས་བྱེད་སྐབས་ཀྱང་། བོད་ཕྱི་ནང་གཉིས་དང་ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ཀྱི་ཉམས་ཞིབ་པ་དང་མཁས་པ་སོགས་འདུ་འཛོམས་ཀྱིས་གཏན་འབེབས་བྱས་པ་ཞིག་རེད། དེའི་ནང་གི་གཙོ་བོ་གཅིག་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱ་རྒྱུ་དེ་རེད། ད་ལྟ་བོད་ནང་དུ་དཀའ་ངལ་འཕྲད་བཞིན་པ་ནི། རྒྱ་ནག་གཞུང་གིས་མངོན་ལྐོག་གཉིས་ཀྱི་ཐོག་བོད་ཀྱི་སྲོལ་རྒྱུན་རིག་གནས་རྩ་མེད་བཟོ་བཞིན་པ་དང་། མི་རིགས་ཀྱི་ངོ་བོ་རྩ་མེད་དུ་བཟོ་བཞིན་ཡོད་པ་དེ་རེད། སྲིད་བྱུས་དང་བྱེད་སྟངས་དེ་ནི་རྒྱ་གཞུང་གི་མཐའ་མའི་དམིགས་ཡུལ་དང་མངོན་འདོད་ཆགས་ཡོད་པ་རེད། ལྡོག་ཕྱོགས་ནས་བཤད་ན། ང་ཚོའི་ཕྲག་ཏུ་བབ་པའི་ལས་འགན་དེ། བོད་མི་རིགས་ཀྱི་རྩ་ཆེའི་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དེ་ཡིན་ཞིང་། ང་ཚོས་མི་རིགས་ཀྱི་རིག་གཞུང་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་ཐུབ་པ་ཡིན་ན། མི་རིགས་འདིའི་ངོ་བོ་མ་བརླག་པར་མུ་མཐུད་སྡོད་ཐུབ་ཀྱི་ཡོད་ལ། དེ་ལྟར་བྱས་ན། མ་འོངས་པའི་འཐབ་རྩོད་ཀྱི་རྒྱལ་ཁའི་ཆ་ཤས་ཤིག་ཏུ་འགྱུར་ཐུབ་ཀྱི་རེད། ད་ལྟ་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་སུ་བལྟས་པ་ཡིན་ན། ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱེད་པར་ཁོར་ཡུག་གི་གནས་བབ་དང་འཚོ་བའི་དགོས་དམིགས་སོགས་གནད་དོན་རེ་ཟུང་ཐོག་དཀའ་ངལ་འཕྲད་སྲིད་ཀྱང་། རིམ་བཞིན་ང་ཚོ་སློབ་གསོའི་སྲིད་བྱུས་ཀྱི་ལམ་ཁ་གཅིག་གི་ཐོག་འགྲོ་ཐུབ་པའི་དུས་ཤིག་ཡོང་གི་རེད། ཅེས་བརྗོད་བྱུང་།

མདོ་སྟོད་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་སུ། ཤེས་ཡོན་སྲིད་བྱུས་གསར་པ་བརྒྱུད་རྒྱ་གར་མཐོ་སློབ་ཁག་ཏུ་ཚུད་རྒྱུར་དཀའ་ངལ་འཕྲད་སྲིད་དམ། ཞེས་དྲིས་པར་ཁོང་གིས་བརྗོད་དོན། ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱས་ན། མཐོ་སློབ་ཏུ་བསྐྱོད་བཞིན་པའི་བོད་པའི་སློབ་མ་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་མེད་དེ་ཡོངས་གྲགས་ཀྱི་དྲི་བ་ཞིག་ཆགས་ཡོད། མི་ཁ་ཤས་ཀྱི་རྒྱ་གར་མཐོ་སློབ་ཏུ་སྐྱོད་སྐབས་སློབ་ཚན་ཐོག་དཀའ་ངལ་འཕྲད་ཀྱི་འདུག་ཟེར་གྱི་ཡོད་པ་རེད། ཤེས་ཡོན་སྲིད་བྱུས་གསར་པའི་ནང་དབྱིན་ཇིའི་སློབ་ཚན་གང་ཡང་མེད་པ་དེ་འདྲ་མ་རེད། འཛིན་རིམ་ལྔ་པའི་བར་བོད་ཡིག་སློབ་ཚན་ཐོག་འགྲོ་དགོས་པ་དང་། དེ་ནས་སྐད་ཡིག་གཞན་ཞིག་མགོ་འཛུགས་དགོས་ཀྱི་ཡོད་ལ། འཛིན་རིམ་བརྒྱད་པ་ནས་སྐད་ཡིག་གསུམ་པ་ཞིག་མགོ་འཛུགས་དགོས་པ་རེད། མདོར་བསྡུས་ཏེ་བཤད་ན། ཁ་ཤས་ཀྱིས་རྒྱ་གར་མཐོ་སློབ་ཏུ་འགྲོ་མ་ཐུབ་པ་དེ། འཛིན་རིམ་ལྔ་པའི་བར་སློབ་ཚན་ཆ་ཚང་བོད་སྐད་ནང་བཞག་སྟེ། འཛིན་རིམ་ལྔ་པ་ནས་ ABCD གཞི་ནས་བསླབ་ན་སྐད་ཡིག་གི་ཤེས་ཚད་སྐྱོ་བོ་ཆགས་ཏེ། རྒྱ་གར་མཐོ་སློབ་ཁག་ཏུ་འགྲོ་རྒྱུར་དཀའ་ངལ་འཕྲད་ཀྱི་འདུག་ལབ་ཀྱི་ཡོད་པ་རེད། ང་རང་གི་བསམ་ན། འཛིན་རིམ་དང་པོ་ནས་ལྔ་པའི་བར་བོད་ཡིག་གི་རྨང་གཞི་ཡག་པོ་ཆགས་ཐུབ་པ་ཡིན་ན། འཛིན་རིམ་དྲུག་པ་བདུན་པ་སྐད་ཡིག་གཉིས་པ་དང་། བརྒྱད་པ་ནས་སྐད་ཡིག་གསུམ་པ་ཞིག་གསར་དུ་བསླབ་ཀྱང་། སློབ་མ་ཚོར་དཀའ་ངལ་གང་ཡང་འཕྲད་ཀྱི་མ་རེད་བསམ་གྱི་འདུག ང་རང་དགེ་རྒན་ཞིག་ཡིན་པའི་ཉམས་མྱོང་ལྟར་ན། བོད་ནང་དུ་རྒྱ་ཡིག་གི་རྨང་གཞི་ཡག་པོ་ཡོད་པ་དེ་ཚོ། རྒྱ་གར་དུ་བསླེབས་ཏེ་དུས་ཡུན་ལོ་གཉིས་རིང་དབྱིན་ཡིག་གི་རྨང་གཞི་གང་འཚམ་ཡག་པོ་འཇོག་ཐུབ་ཀྱི་འདུག དཔེར་ན། སུ་ཇཱ་བོད་ཁྱིམ་ལྟ་བུར་ཆ་བཞག་ན། རྒྱ་གར་ནང་ལོ་བརྒྱད་ལ་སྦྱོང་དགོས་པའི་སློབ་ཚན་ཁག་སུ་ཇཱ་བོད་ཁྱིམ་དུ་ལོ་གཉིས་གསུམ་ནང་སྦྱངས་ཏེ། རྒྱ་གར་རྒྱལ་ཡོངས་མཐོ་སློབ་ཁག་ཏུ་འགྲིམ་བཞིན་ཡོད་ལ། དེ་དག་ལས་སློབ་གྲོགས་ཁག་ཅིག་རྒྱ་གར་གཙུག་ལག་སློབ་གྲྭ་ཆེ་ཁག་དང་ཨ་རི་དང་ཡུ་རོབ། ཨོ་སི་ཊོ་ལི་ཡ་སོགས་ཀྱི་མཐོ་སློབ་ཁག་འགྲིམ་བཞིན་ཡོད་པ་དངོས་ཡོད་གནས་ཚུལ་ཡིན། ཉམས་མྱོང་འདིའི་ངོས་ཐད་ནས་བཤད་པ་ཡིན་ན། ཤེས་ཡོན་སྲིད་ཀྱིས་བོད་པའི་ཕྲུག་ཚོ་རྒྱ་གར་མཐོ་སློབ་ཏུ་བསྐྱོད་རྒྱུར་དཀའ་ངལ་གང་ཡང་འཕྲད་ཀྱི་མ་རེད་ཟེར་ནས་སྤོབས་པ་ཆེན་པོས་བཤད་ཐུབ་པ་ཞིག་རེད། ཅེས་བརྗོད་བྱུང་།

བོན་པོའི་སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་ལགས་སུ། བཙན་བྱོལ་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱེད་པར་དགེ་རྒན་དང་བསླབ་གཞི། ཁོར་ཡུག་སོགས་ཀྱི་དཀའ་ངལ་ཡོད་དམ། ཞེས་དྲིས་སྐབས་ཁོང་གིས་བརྗོད་དོན། ང་རང་གི་བསམ་ན། ཤེས་ཡོན་སྲིད་བྱུས་གསར་པ་འདི་ལག་བསྟར་བྱས་པ་ཡིན་ན། གནས་སྐབས་རིང་དཀའ་ངལ་འཕྲད་སྲིད་པ་ཞིག་རེད་བསམ་གྱི་འདུག གང་ཡིན་ཞེ་ན། ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱས་ན། དང་ཐོག་སློབ་ཚན་གཏན་འབེབས་བྱེད་ཕྱོགས་ཐོག་ཏག་ཏག་ཅིག་ཡོང་མིན་ཐད་དཀའ་ངལ་ཡོད་པ་རེད། གཏན་འབེབས་བྱས་ཟིན་པའི་བསླབ་གཞིར་ཡང་དགེ་རྒན་ཚད་ལྡན་རག་མིན་གྱི་དཀའ་ངལ་འཕྲད་སྲིད་པ་ཞིག་རེད། ལྷག་པར་དུ། ཁོར་ཡུག་དང་སློབ་མ་རང་ངོས་ནས་བསླབ་གཞིར་དང་ལེན་བྱ་ཐུབ་མིན་གྱི་དབང་གིས་དཀའ་ངལ་འཕྲད་ཀྱི་རེད་བསམ་གྱི་འདུག ཡིན་ནའང་། ང་ཚོ་འཛམ་གླིང་སྤྱིའི་ཁ་ཕྱོགས་དང་བསྟུན་ནས་འགྲོ་དགོས་དུས། དུས་རབས་དང་མཐུན་པར་ཤེས་ཡོན་སྲིད་བྱུས་ལའང་ལེགས་བཅོས་གཏོང་རྒྱུ་གལ་ཆེན་པོ་རེད། སྤྱིར་བཏང་ཁོར་ཡུག་དང་དགེ་རྒན་སོགས་ཀྱི་ཐད་དཀའ་ངལ་ཡོད་ཡོད་པ་ཡིན་ལ། དུས་རབས་འདི་འདྲ་ཞིག་གི་ནང་དུ་སྲོལ་རྒྱུན་ཤེས་ཡོན་བསླབ་གཞི་སློབ་སྟངས་དང་བཅས་པ་ལག་བསྟར་བྱས་ན། ང་ཚོས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱ་དགོས་ཀྱི་ཡོད་པ་རེད། གོམ་པ་རིམ་འཛེགས་བྱས་ན་ཉིན་ཞིག་དཀའ་ལས་གྲོལ་ཐུབ་ཀྱི་ཡོད། བོད་གཞུང་ལ་མཐོ་སློབ་ཁག་རེ་ཟུང་ལས་མེད་ལ། ཝ་ར་ཎ་སི་ལྟ་བུར་མཚོན་ན་གཙོ་ཆེ་བ་ནང་ཆོས་བསླབ་ཀྱི་ཡོད་པ་རེད། སློབ་གྲྭ་དེར་ཚན་རིག་དང་རྒྱལ་རབས་མ་གཏོགས་ད་དུང་དབྱིན་ཡིག་དང་ཧིན་རྡི། ལེགས་སྦྱར་སོགས་སློབ་ཀྱི་ཡོད་ཀྱང་སློབ་ཚན་དེ་ཚོར་འགྱུར་བ་གཏོང་གི་ཡོད་པ་མ་རེད། དེ་ཡིན་དུས། སློབ་གྲྭ་དེར་གཙོ་བོ་རྒྱ་གཞུང་དང་རང་གཞུང་གཉིས་ཁྲིད་བཞིན་ཡོད་ལ། སློབ་ཚན་དེ་གཉིས་གཙོ་བོ་ནང་ཆོས་ཆགས་ཡོད་སྟབས། ནང་ཆོས་ལ་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱ་རྒྱུ་གང་ཡང་ཡོད་པ་མ་རེད། ཤེས་ཡོན་སྲིད་བྱུས་ལ་འགྱུར་བ་གཏོང་ན། གཞི་རིམ་སློབ་གྲྭ་ཁག་དང་གཞི་རིམ་འཛིན་གྲྭ་བཅུ་པ་ནས་བཅུ་གཉིས་པར་འགྱུར་བ་གཏོང་རྒྱུ་དང་། འགྱུར་བ་བཏང་བ་རྣམས་དུས་ཐོག་ལག་ལེན་དུ་འཁེལ་ཐུབ་པ་བྱུང་ན། མ་འོངས་པའི་བོད་ཕྲུག་ཚོའི་མདུན་ལམ་དང་ཤེས་ཡོན་ཐོག་ཕན་འབྲས་ཆེན་པོ་འབྱུང་གི་རེད་དྲན་གྱི་འདུག ཅེས་བརྗོད་བྱུང་།

ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སུ།
ཤེས་ཡོན་སྲིད་བྱུས་གསར་པ་དང་སྐབས་འཕྲལ་བོད་པའི་རྩ་དོན་གཉིས་བར་འབྲེལ་བ་གང་ཞིག་མཐོང་གི་ཡོད་དམ། ཞེས་དྲིས་པར་ཁོང་གིས་བརྗོད་དོན། ཁྱེད་ཀྱི་དྲི་བ་འདི་ཧ་ཅང་གནད་འགག་ཅིག་ཆགས་ཡོད་པ་རེད། ད་ལྟ་ང་ཚོས་སྐད་རྒྱག་གི་ཡོད་པ་དེ་བོད་པའི་རིག་གཞུང་སྲུང་སྐྱོབ་སྐོར་བཤད་ཀྱི་ཡོད་པ་རེད། རྒྱ་ནག་གིས་བོད་ས་བཙན་བཟུང་རྒྱུན་གནས་ཐུབ་ཐབས་སུ་བོད་མི་རིགས་ཀྱི་ནུས་པ་ཉམ་དམས་སུ་གཏོང་དགོས་པ་དང་། བོད་པ་ནུས་མེད་དུ་གཏོང་བ་ལ་ཐོག་མར་བོད་པའི་སྐད་ཡིག་རིག་གཞུང་རྩ་མེད་བཟོ་དགོས་པའི་ཇུས་ངན་དེ་ལག་བསྟར་བྱེད་ཀྱི་ཡོད་པ་རེད། གནས་སྟངས་འདི་འདྲ་ཞིག་གི་འོག་ཏུ་ཤེས་ཡོན་སྲིད་བྱུས་གསར་པ་དེ་ཧ་ཅང་གནད་འགག་ཅིག་ཆགས་ཡོད་པ་རེད། བཀའ་སྤྱི་གསར་རྙིང་གཉིས་དང་ལྷག་པར་དུ་ད་ལྟའི་བོད་གཞུང་གི་ངོས་ནས་དུས་རྒྱུན་ཤེས་ཡོན་སྲིད་བྱུས་གསར་པའི་ཐོག་ཤུགས་སྣོན་རྒྱག་གི་ཡོད་པ་རེད། འདི་དང་མཉམ་དུ་ང་ལ་བསམ་ཚུལ་ཞིག་ཡོད་པ་ནི། མ་འོངས་པར་གཞོན་སྐྱེས་ཚོར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཁུངས་ལྡན་ཞིག་ཤེས་རྟོགས་ཡོང་དུ་འཇུག་རྒྱུ་དང་། ཁྱོན་ཡོངས་ནས་གཞོན་སྐྱེས་ཚོས་བོད་ཀྱི་རྒྱལ་རབས་ཐོག་དོ་སྣང་ཆེ་རུ་གཏོང་དགོས་ཀྱི་འདུག ད་ལྟའི་ཆར་བོད་པའི་གཞོན་སྐྱེས་མང་པོ་ཞིག་ལ་བོད་རང་གི་རྒྱལ་རབས་ལོ་རྒྱས་བཤད་ཡོང་སྐབས་སུན་སྣང་བྱེད་ཀྱི་འདུག དོ་སྣང་རྩ་བ་ནས་མི་འདུག བྱེད་སྟངས་དེས་རྟགས་ངན་པ་ཞིག་སྟོན་གྱི་ཡོད་པ་རེད། རྒྱལ་ཁབ་དང་མི་རིགས་ལ་དུང་ཞེན་དང་ལ་ཞེན་མེད་པ་སྟོན་གྱི་ཡོད་པ་རེད། བོད་རང་གི་སྐད་ཡིག་རིག་གནས་དང་གོམ་སྲོལ་གཤིས་ལུགས་སོགས་དེང་རབས་དང་མཐུན་པའི་ཐབས་ལམ་ཞིག་གི་ཐོག་ནས་འཁྲིད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྔོན་མའི་ལམ་ལུགས་སྲོལ་ནང་བཞིན་སློབ་ཚན་ཁྲིད་བསྡད་ན་ཏག་ཏག་ཅིག་བསྡད་མི་འདུག་ལ། གཞོན་སྐྱེས་ཚོས་ཀྱང་དོ་སྣང་སྤྲོད་ཀྱི་ཡོད་པ་མ་རེད། ཡང་གཞོན་སྐྱེས་ཚོའི་འདོད་པ་ཁོ་ན་སྐོང་བསྡད་ན་ང་ཚོའི་རྩ་དོན་མང་པོ་ཞིག་རང་བཞིན་གྱི་བརླག་འགྲོ་བཞིན་ཡོད་པ་རེད། དེའི་སྟབས་ཀྱིས། ཤེས་ཡོན་སྲིད་བྱུས་དེ་ཧ་ཅང་གལ་ཆེན་ཡིན་དུས། མ་འོངས་པའི་སྤྱི་འཐུས་དང་བཀའ་ཁྲི་གསར་པ་ཡིན་ནའང་འདྲ། དེ་ཚོ་ཚང་མས་དམིགས་བསལ་ཤེས་ཡོན་སྲིད་བྱུས་གསར་པའི་ཐོག་ཤུགས་རྒྱག་རྒྱུ་གནད་འགག་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་།

མདོ་སྨད་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་སུ།
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་རེ་ཟུང་གིས་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱེད་ཀྱི་མེད་དོན་གང་ཡིན། ཞེས་དྲིས་པར་ཁོང་གིས། སློབ་གྲྭའི་འཛིན་སྐྱོང་མང་པོ་ཞིག་གིས་ཤེས་ཡོན་སྲིད་བྱུས་གསར་པ་དེ་ལག་བསྟར་བྱེད་ཀྱི་མེད་པ་དང་། ཤེས་ཡོན་སྲིད་བྱུས་གསར་པ་ལ་ཡིད་ཆེས་དང་སྤོབས་པའི་འདང་གི་ཡོད་པ་མ་རེད། ང་རང་གི་བསམ་པར་འདི་དག་གི་མིག་རྒྱང་ཐུང་དྲགས་སོང་བ་རེད། ཤེས་ཡོན་སྲིད་བྱུས་གསར་པ་འདི་འཕྲལ་དུ་སློབ་ཕྲུག་སོ་སོར་ཡག་པོ་ཡོད་པ་མ་ཟད། ཕུགས་ལ་བོད་མི་རིགས་རྩ་དོན་དང་བཅས་པར་ལག་རྗེས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། ད་ལོ་ནས་བཟུང་བོད་ཁྱིམ་གྱིས་སྔོན་འགྲོའི་འཛིན་གྲྭ་གསུམ་ལ་དབྱིན་ཇིའི་སྐད་ཡིག་མ་གཏོགས་སློབ་ཚན་གཞན་ཚང་མ་བོད་ཡིག་ཐོག་འཁྲིད་རྒྱུ་ལག་ལེན་བསྟར་མགོ་བཙུགས་ཡོད་པ་རེད། དེ་ཡིན་དུས་གཞི་རིམ་སློབ་གྲྭ་ཐོན་ཏེ་མཐོ་སློབ་བསྐྱོད་སྐབས་སློབ་མ་ཚོར་སློབ་ཚན་གྱི་རྗེས་མ་ཆོད་པའི་དཀའ་ངལ་གང་ཡང་འཕྲད་ཀྱི་མ་རེད། གང་ཡིན་ཟེར་ན། སྐད་ཡིག་རིག་པའི་ཐོག་ནས་སྡོམ་ཚིག་བཞག་པ་ལྟར་ན། མ་སྐད་ཅི་ཙམ་གྱིས་ཁྱབ་རྒྱ་ཆེ་བ་དང་མ་སྐད་ཀྱི་ཤེས་ཚད་ཅི་ཙམ་གྱི་མཐོ་བ་ཡོད་ན། དེ་ཙམ་གྱིས་སྐད་གཉིས་པ་དང་གསུམ་པ་སྦྱོང་བདེ་བ་དང་། ཤེས་ཚད་མགྱོགས་སུ་འགྲོ་གི་ཡོད་པ་རེད། མ་སྐད་ཀྱི་ཚད་གཞི་དམའ་བོ་ཡོད་ན། སྐད་ཡིག་གཉིས་པ་མ་སྐད་ལས་བརྒལ་འགྲོ་བའི་གནས་སྟངས་ཤིག སྐད་ཡིག་རིག་པའི་ཐོག་ཡོང་གི་ཡོད་པ་མ་རེད། དང་ཐོག་མ་སྐད་ཀྱི་ཚད་གཞི་ཡག་པོ་ཞིག་བཟོས་པ་ཡིན་ན། སྐད་ཡིག་གི་རྗེས་མ་ཟིན་པའི་དཀའ་ངལ་ཡོད་པ་མ་རེད། ཕྱི་རྒྱལ་གྱི་དེང་རབས་སློབ་གྲྭའི་ནང་སྐད་ཡིག་ཙམ་མ་གཏོགས། སློབ་ཚན་གཞན་ཚང་མ་ང་ཚོ་དང་གཅིག་པ་བྱས་ཏེ་འགྲོ་བཞིན་ཡོད་ལ། བརྒྱུད་ལམ་དེས་བོད་ཀྱི་སྐད་ཡིག་བེད་སྤྱོད་བཏང་ཡོད་པ་རེད། དེ་ལྟར་སོང་ན་མཐོ་རིམ་སློབ་གྲྭར་འགྲོ་རྒྱུར་དཀའ་ངལ་གང་ཡང་མི་འཕྲད་པ་མ་ཟད། སྔོན་མ་ལས་ཤེས་ཚད་ཡག་ཏུ་འགྲོ་བཞིན་ཡོད་པ་རེད་བསམ་གྱི་ཡོད། ང་ཕྱི་རྒྱལ་དུ་ཡོད་པའི་ཚེ་རིང་ཤཱཀྱ་དང་དེ་མིན་བོད་རིགས་མཁས་པ་དེ་ཚོར་མཇལ་སྐབས། ཁོང་ཚོས་བཤད་ན། བོད་ནས་ཐད་ཀར་ཡོང་མཁན་དང་རྒྱ་གར་ནས་ཕར་ཕེབས་འགྲོ་མཁན་ཏེ། ཆུང་དུས་ནས་མ་སྐད་ཀྱི་རྨང་གཞི་རྒྱ་བསྐྱེད་མ་ཐུབ་མཁན་གཉིས་བསྡུར་ཡོང་སྐབས། མ་སྐད་སྦྱངས་ཡོད་མཁན་གྱི་མི་དེ་ཚོར་དེང་རབས་སློབ་སྦྱོང་བྱ་རྒྱུར་རྨང་གཞི་མཐུག་པོ་འདུག་ཅེས་རྗོད་ཀྱི་འདུག ཅེས་བརྗོད་བྱུང་།

No comments:

Post a Comment