ཆབ་བྲག་ལྷ་མོ་སྐྱབས།
གང་ལ་རྒྱུས་ཙམ་མངའ་བ་དེར། གང་ཞིག་སྨྲ་ལ་དབང་བས་ན།
དམངས་གཙོའི་བཅའ་ཁྲིམས་རིན་པོ་ཆེའི། རྣམ་ཐར་ཆ་ཙམ་འདི་རུ་བརྗོད།
གླེང་གཞི།
བོད་ཀྱི་མངའ་ཁོངས་ནི་ཆོལ་གསུམ་གངས་ཅན་ལྗོངས་དང་རྒྱལ་ས་ལྷ་ས་ཡིན། དེ་ན་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཤག་ཡོད། འདི་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་དུས་རབས་རིམ་བརྒྱུད་ཀྱི་ལོ་རྒྱུས་རང་བཞིན་ལྡན་ཞིང་ལོ་བཞི་བརྒྱར་ཉེ་བའི་དུས་ཡུན་ཅན་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་སུ་གྲགས་པ་དེའོ།།རྒྱ་ནག་དམར་ཤོག་གིས་རང་གི་རྒྱལ་ཁབ་ཀྲུང་གོ་ཟེར་བ་གསར་དུ་བཙུགས་མ་ཐག་ཀྲུང་གོའི་ལྷོ་ནུབ་ཕྱོགས་ཀྱི་བར་གནས་རྒྱལ་ཁབ་གངས་ཅན་བོད་ལ་བཙན་འཛུལ་བྱས། ༡༩༥༡་ལོར་བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་ཀྱི་དོན་ཚན་བཅུ་བདུན་ཟེར་བ་དེ་པེ་ཅིན་དུ་མིང་རྟགས་མི་འགོད་ཐབས་མེད་བྱུང་ཞིང་དེ་རྗེས་རྒྱ་ནག་སྲིད་གཞུང་གི་སྟངས་འཛིན་འོག་ལོ་བརྒྱད་ཙམ་ལ་ངང་རིང་བཟོད་སྒོམ་གྱིས་ཆིངས་ཡིག་དོན་ཐོག་འཁྱོལ་བའི་རེ་བ་དང་ཐབས་ཤེས་བྱས་ཀྱང་ཆིངས་དོན་འགལ་བཤིག་གིས་བོད་ཁམས་ཡོངས་ལ་བརྡབ་གསིག་ཆེན་པོ་བསླངས་རྐྱེན་བོད་ཆོལ་ཁ་གསུམ་གྱི་ཕྱོགས་འདུས་མི་མང་ཁྲི་ཚོ་དུ་མས་༡༩༥༩།༣།༡༠ ལ་རྒྱལ་ས་ལྷ་སར་བོད་རང་བཙན་བསྐྱར་གསོ་དགོས་པའི་སྐད་འབོད་བྱས་ཤིང་བསྟན་སྲུང་དང་བླང་དམག་གི་སྲུང་སྐྱོབ་འོག་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་གཞུང་བཀའ་ཤག་བདེ་བླག་ངང་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་སྐྱེལ་གནང་ཐུབ་བྱུང་།
༡༩༦༠་ལོ་ནས་བཙན་བྱོལ་བོད་གཞུང་དེ་དམངས་གཙོ་ཅན་དུ་སྒྱུར་མགོ་བཙུགས། ༡༩༩༡་ལོར་དམངས་གཙོའི་ཀ་བ་གསུམ་ལྡན་གྱི་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་གཏན་ལ་ཕབ། ༢༠༠༡ལོ་ནས་བཟུང་མི་དམངས་ཀྱིས་ཐད་ཀར་འོས་འདེམས་ཀྱི་བཀའ་བློན་ཁྲི་བ་རིམ་པར་བྱུང་ནས་དམངས་གཙོའི་ངོ་བོ་འབུར་དུ་ཐོན་པ་དང་དུས་མཚུངས་༸གོང་ས༸སྐྱབས་མགོན་ཆེན་པོས་བཙན་བྱོལ་ནང་གི་ཕྱག་ལས་དག་གནང་མི་དགོས་པར་ཕྱེད་བགྲེས་ཡོལ་ལྟ་བུར་བཞུགས་ཏེ་བོད་རྒྱ་ཞི་མོལ་དང་འཛམ་གླིང་ཞི་བདེར་སྨན་པའི་ཕྱག་ལས་རྒྱ་ཆེར་བསྐྱེད། དེ་ལྟར་བཙན་བྱོལ་བོད་གཞུང་དེ་དམངས་གཙོའི་སྒྲིག་འཛུགས་ཚགས་ཚུད་ཅན་དུ་བསྒྱུར་བ་དང་མཉམ་དུ་བོད་དོན་འཐབ་རྩོད་ཀྱི་སྲིད་བྱུས་དེ་ཡང་རང་ཕྱོགས་ཀྱི་ཚད་མཐོའི་ཐོབ་ཐང་བོད་རང་བཙན་འཐབ་རྩོད་བྱེད་པ་ནས་མར་ལ་བབས་ཤིང་ཕར་ཕྱོགས་ཀྱི་བོད་རང་སྐྱོང་ལྗོངས་ཙམ་གྱི་གནས་བབ་དམའ་མོ་ལས་ཡར་ལ་འབུད་དགོས་པ་གངས་ཅན་བོད་པ་ཡོངས་རྫོགས་ཁྱིམ་ཚང་གཅིག་གི་མི་རིགས་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་བའི་གཉིས་སྨན་དབུ་མའི་ལམ་མཆོག་གཏན་འབེབས་དང་ཕྱི་གསལ་ནང་གསལ་གནངས་ཡོད། ལྷག་པར་མིང་དོན་མཚུངས་པའི་བོད་རང་སྐྱོང་ཡོང་ཐབས་ཀྱི་གཞུང་འབྲེལ་བསམ་འཆར་ཡིག་ཆ་ཡང་རྒྱ་ནག་གཞུང་ལ་ཕུལ་ཡོད། དམིགས་འབེན་འདི་རང་བཟུང་ནས་ད་ཡོད་ཀྱི་བོད་གཞུང་གི་ངོ་བོ་དང་ལངས་ཕྱོགས་མཚོན་བྱེད་བཅའ་ཁྲིམས་དེ་ཉིད་ལ་ལེགས་བཅོས་ཀྱི་གསར་བརྗེ་ཐེངས་གཅིག་བྱེད་དགོས་པ་ཡང་དུས་ཀྱི་དགོས་མཁོར་གྱུར།
སྨྲས་པ།
སྔོན་གྱི་བྱུང་རབས་ལྷ་རྗེའི་གཟི་མདངས་གང། ད་ལྟ་ཉམ་ཐག་ནད་པའི་ངང་ཚུལ་ཏེ།
མྱུར་སྐྱོབ་སྨན་བཅོས་མ་ནོར་གནང་རྒྱུ་འདི། ལྷ་ཡི་ལུང་མིན་རིགས་པས་མངོན་སུམ་གྲུབ།
གཅིག༽ བཅའ་ཁྲིམས་བསྐྱར་བཅོས་ཀྱི་བྱུང་རིམ།
༡༽གོང་དུ་ཞུས་པ་ལྟར་བཙན་བྱོལ་བོད་གཞུང་གི་མི་རིགས་འཐབ་རྩོད་ཀྱི་གཞི་རྩའི་རྩ་དོན་ནམ་སྲིད་བྱུས་ལ་འཕོ་འགྱུར་བྱུང་བ་དེས་ད་ཡོད་བཅའ་ཁྲིམས་ལ་འགྱུར་བ་འགྲོ་དགོས་པ་ཞིག་རང་བཞིན་གྱིས་ཆགས་ཡོད།
༢༽༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་ཏཱ་ལའི་བླ་མའི་སྔར་སྲོལ་རང་བཞིན་ཅན་གྱི་སྲིད་སྐྱོང་གི་རྣམ་པ་འདི་ཡོངས་སུ་སྒྱུར་བཅོས་གནང་རྒྱུའི་དུས་ལ་བབས་པར་གཟིགས་ནས་ཁོང་ཉིད་ཡོངས་སུ་བགྲེས་ཡོལ་གནང་རྒྱུའི་ཐུགས་འདུན་དེ་ཡང་ཞལ་ཇེ་གསལ་ནས་ཇེ་གསལ་གྱིས་ཡོངས་བསྒྲགས་གནངས།
༣༽ ༢༠༡༡ལོའི་ཟླ་གསུམ་པའི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐ་མའི་ཐོག་ལ་ངེས་པར་དུས་ཐུང་རིང་ལ་བཅའ་ཁྲིམས་བསྐྱར་བཅོས་དགོས་གལ་གྱི་གསུང་འཕྲིན་གསལ་ཞིང་རྒྱས་པ་དེ་གནངས།
༤༽གོང་གསལ་གནས་སྟངས་སམ་རྒྱུ་མཚན་དེ་དག་དབང་གིས་གྲོས་ཚོགས་ཀྱིས་དེ་བཞིན་དུ་ལག་བསྟར་བགྱིད་དགོས་པ་ཞིག་ཆགས་ཡོད་ན་ཡང་གྲོས་ཚོགས་ཀྱི་འཐུས་མི་ཕལ་མོ་ཆེས་འགན་དེ་མ་བཟོད་པར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ལ་བཅའ་ཁྲིམས་བསྐྱར་བཅོས་མི་དགོས་པའི་གསོལ་འདེབས་སྙན་ཞུ་ཕུལ་ན་ཡང། དེ་མ་ཐག་ཞལ་བཞེས་གནང་ཐབས་མེད་པའི་བཀའ་ལན་འབྱོར་བས་གྲོས་ཚོགས་ཀྱི་ལས་རིམ་ཚོགས་ཆུང་ཞིག་གསར་འཛུགས་ཀྱིས་ཇི་ལྟར་བཀའ་དགོངས་ལག་བསྟར་གནང་དགེའི་ལས་རིམ་སྙན་ཐོ་བཟོས་པ་སླར་ཡང་གྲོས་ཚོགས་ནང་བགྲོ་གླེང་མང་མོས་ཐོག་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་ཟུར་འཛུགས་དགོས་པ་དང་མི་མང་གི་བསམ་ཚུལ་བསྡུ་ཕྱིར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་བསྐོང་རྒྱུ་གཏན་ལ་ཕབ།
༥༽ བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་ལས་རིམ་ཚོགས་ཆུང་གི་སྙན་ཐོ་གཞིར་བཟུང་བཅའ་ཁྲིམས་ཀྱི་སྔོན་གླེང་གསར་བ་དང། ༸གོང་ས༸སྐྱབས་མགོན་ཆེན་མཆོག་བོད་དང་བོད་མི་རིགས་ཀྱི་མཚོན་རྟགས་དང་མགོན་སྐྱབས་ཡིན་པའི་དོན་ཚན་ཞིག་བཅའ་ཁྲིམས་ནང་གསར་སྣོན་དང། སྡེ་སྲིད་ལྷན་ཚོགས་ཀྱིས་གཙོས་བཅའ་ཁྲིམས་ནང་ནས་ཕྱིར་བསྡུ་བྱེད་དགོས་པ་ཁག་དང། དོན་ཚན་བཅུ་དགུ་པ་བོད་གཞུང་གི་འགན་འཛིན་དབང་ཆས་གཙོས་སྒྱུར་བཅོས་གནང་དགོས་པ་དག་རེ་རེ་བཞིན་དུ་ཟིན་བྲིས་བཏབ་ནས་མང་ཚོགས་ནང་ལ་གསལ་བསྒྲགས་དང་བཅས་ཟླ་ལྔ་བའིི་ཚེས་ཉེར་གསུམ་ནས་ཉེར་དྲུག་རིང་ལ་ཚོགས་ཆེན་སྐོང་འཚོགས་གནངས། ཚོགས་ཆེན་ཐོག་ནས་གཞི་རྩའི་བཅའ་ཁྲིམས་སྒྱུར་བཅོས་ཐད་ལ་སྤྱི་མོས་བྱུང་ཡོད། འོན་ཀྱང་བོད་གཞུང་ཞེས་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པར་བསྒྱུར་རྒྱུ་ལ་འདོད་པ་མེད་པར་རང་འཇགས་འཇོག་རྒྱུར་ཚད་མཐོའི་མང་མོས་བྱུང།
༦༽ཚོགས་ཆེན་གྱི་སྤྱི་ཡོངས་བསམ་ཚུལ་རྣམས་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསན་ཞུས་པར་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་གསར་འཇུག་དེ་ཕལ་ཆེར་ཞལ་བཞེས་གནང་ཆོག་ཚུལ་གསུངས་ཤིང།ཚོགས་བཅར་བ་ཡོངས་ལ་དམངས་གཙོའི་གལ་ཆེའི་རང་བཞིན་དང་འབྲེལ་བཅའ་ཁྲིམས་སྒྱུར་བཅོས་བྱ་དགོས་ཚུལ་དང་ཆབས་ཅིག་བོད་གཞུང་གི་མཚན་བྱང་དེ་ཡང་ནང་ཁུལ་ཙམ་ལས་ཕྱི་ལོགས་སུ་བེད་སྤྱོད་གཏོང་གི་མེད་ཚུལ་སོགས་བརྗེ་སྒྱུར་དགོས་གལ་ཆེ་ལུགས་ཀྱི་བཀའ་སློབ་ཞིབ་གསལ་བསྩལ།
༧༽བཀའ་སློབ་གནང་སྐབས་བོད་གཞུང་གི་མིང་ཚབ་ལ་གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་ངམ་སྒྲིག་འཛུགས་ལྟ་བུར་བསྒྱུར་ན་གང་འདྲ་ཞེས་དཔེ་མཚོན་ཞིག་གསུངས་ན་ཡང་སྐུ་སྒེར་ཡིག་ཚང་བརྒྱུད་གྲོས་ཚོགས་ལ་དངོས་སུ་བཀའ་ལན་ཕེབས་པའི་ནང་བོད་མིའི་སྒྲིག་འཛུགས་ཞེས་བཀོད་ཡོད་ལ། གཞུང་ཐམ་ངོས་སུ་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པ་ལེགས་ཚུལ་ལས་གཞན་གལ་ཆེ་ཤོས་ཁོང་གི་སྐུ་དབང་དང་འབྲེལ་བའི་བཅའ་ཁྲིམས་དོན་ཚན་དང་པོ་གསར་སྣོན་དེ་ཡང་ཐོག་མའི་རེ་སྐུལ་ལས་དམའ་རུ་ཕབ་གནང་ཡོད།
༨༽ གྲོས་ཚོགས་ནང་ལ་བོད་མིའི་སྒྲིག་འཛུགས་ཞེས་པའི་མཚན་བྱང་དང། དོན་ཚན་དང་པོའི་སྐོར། ལྷག་པར་སྔོན་གླེང་ནང་ལ་བསམ་ཚུལ་ཤུགས་ཆེ་ཙམ་བྱུང་ནས་ཚིག་དོན་ཕྲན་ཙམ་རེ་བསྒྱུར་ཡོད། དེ་མིན་བཅའ་ཁྲིམས་ཀྱི་ཚིག་དོན་གཞན་དག་ཕལ་མོ་ཆེ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཟིན་བྲིས་ལྟར་གཏན་ལ་ཕབ་ཡོད།
སླར་སྨྲས་པ།
ཇི་ལྟར་བྱུང་བའི་རིམ་པ་མ་ཤེས་ན། ཇི་ལྟར་སྒྲུབ་པའི་ཚུལ་ཡང་ག་ལ་ཤེས།
ཅི་ཞིག་གནད་འགག་ཡིན་པ་ངོས་ཟིན་ན། ཅི་ཞིག་ནོར་འཁྲུལ་ཡིན་མིན་རང་ངོ་འཕྲོད།
གཉིས།༽ བཅའ་ཁྲིམས་གསར་བའི་རྣམ་པ།
༡༽ ཕྱིར་བསྡུ་ཆེན་པོ་གཉིས།དེ་ནི་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་ད་ཡོད་བོད་གཞུང་གི་འགན་འཛིན་དབང་ཆ་དང། སྐུ་ཕྲེང་རིམ་འབྱོན་ལ་སྔར་སྲོལ་རྒྱུན་འཛིན་གྱི་སྐུ་དབང་ལམ་ལུགས་ཤིག་ཡོད་པའི་དོན་ཚན་ཁག་ཕྱིར་བསྡུ་གནངས་པ་དེ་ཡིན། འདིས་བཅའ་ཁྲིམས་ཀྱི་གཞི་རྩའི་སྒྲོམ་གཞི་ལ་འགྱུར་བ་ཐེབས་ཡོད། སྐད་ཆ་གཞན་ཞིག་ནས་བཤད་ན་དེང་དུས་དམངས་གཙོའི་ཁྲིམས་སྲོལ་དང་མཐུན་པར་གྱུར་བ་རེད།
༢༽ གསར་སྣོན་ཆེན་པོ་གཉིས།དེ་ནི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་དང་སྔོན་གླེང་གཉིས་ཡིན། དོན་ཚན་དང་པོ་དེས་༸གོང་ས་༸སྐྱབས་མགོན་ཆེན་པོ་བཅུ་བཞི་པ་མཆོག་ལ་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་སྐུ་དབང་དང་ཐུགས་འགན་དམིགས་བསལ་བ་ཞིག་རང་ཆས་སུ་ཡོད་ཚུལ་མཚོན་པ་དང་ལྷན་དུ་བོད་དོན་ཆེད་ལ་རྒྱལ་སྤྱིའི་དབུ་ཁྲིད་ཁག་དང་གལ་ཆེའི་མི་སྣ་ཁག་ལ་མཇལ་འཕྲད་བཀའ་སློབ་གནང་རྒྱུ་དང། བོད་སྤྱི་ཚོགས་ཁྱོན་ཡོངས་དང་བྱེ་བྲག་གྲོས་ཚོགས་དང་འཛིན་སྐྱོང་ལའང་བཀའ་སློབ་གནང་རྒྱུའི་ཐུགས་འགན་ཡང་ཡོད་པ་གཏན་ལ་ཕབ་ཡོད། འདི་ནི་ང་ཚོའི་བཅའ་ཁྲིམས་ཀྱི་དམངས་གཙོའི་དགེ་མཚན་གྱི་རྣམ་པ་གསར་བ་ཞིག་ཆགས་ཡོད།
སྔོན་གླེང་གིས་བོད་ཀྱི་རྒྱལ་རབས་རིམ་བྱུང་གི་ལོ་རྒྱུས་རང་བཞིན་གསལ་མཚོན་དང་འབྲེལ་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་འཕེལ་རིམ་དང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་དགོས་གལ་རང་བཞིན་བཅས་བསྟན་ཡོད་ལ། ལྷག་པར་སྔོན་གླེང་གི་མཇུག་ལ་ “་་་བཅའ་ཁྲིམས་བསྐྱར་བཅོས་བྱས་པ་དང་ཆབས་ཅིག་བཙན་བྱོལ་བོད་གཞུང་འདི་ཉིད་མངའ་དབང་ལྡན་པའི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་དབང་ལྡན་འཛིན་སྐྱོང་པ་དང༌། ངོ་ཚབ་ཡིན་པའི་ངོ་བོ་རྒྱུན་སྐྱོང་ཐོག ད་ཡོད་བཅའ་ཁྲིམས་ལེའུ་བཅུ་གཅིག་པ་གཞིར་བཟུང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཅའ་ཁྲིམས་བསྐྱར་བཅོས་ལ་ཆོག་མཆན་བསྩལ་བའི་སྒོ་ནས་ྋགོང་ས་མཆོག་གི་སྲིད་ཕྱོགས་ཀྱི་འགན་དབང་ཁག་འོས་འདེམས་བྱས་པའི་འགོ་འཁྲིད་ཚོར་བསྩལ་ཏེ་དེ་དག་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་དང་སྲི་ཞུ་སྒྲུབ་པའི་ནུས་ལྡན་དུ་མཛད་་་“ ཅེས་བོད་མིའི་སྒྲིག་འཛུགས་འདི་ཉིད་བོད་ཀྱི་ལོ་རྒྱུས་རང་བཞིན་ཅན་དང་བོད་མི་ཡོངས་ཀྱི་སྒྲིག་འཛུགས་ཆེན་པོ་ཞིག་ཡིན་པའང་བསྟན་ཡོད། དེ་ཡང་སྤྱི་མོས་ཀྱིས་གཏན་ལ་ཕབ་པ་ཞིག་ཡིན་པས་སྤྱིར་བཏང་གི་སྔོན་གླེང་གི་ཚད་གཞི་ལས་འདས་ཏེ་ཁྲིམས་ཀྱི་ངོ་བོར་གྲུབ་ཡོད།
༣༽ ལས་བགོས་ཆེན་པོ་གཉིས།
དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་དབང་ཆ་བཀའ་བློན་ཁྲི་པ་ལ་ཡོད་པ་དང། དམངས་གཙོའི་ཀ་ཆེན་གསུམ་པོས་ཁས་ལེན་དམ་བཅའ་གནང་ཡུལ་ཁྲིམས་ཞིབ་པ་ཆེ་བ་ཆགས་པ་དེའོ། བཀའ་བློན་ཁྲི་པའི་གོ་གནས་ཇེ་མཐོར་སོང་ན་ཡང་གྲོས་ཚོགས་ཀྱི་ཁྲིམས་དབང་འོག་ལ་གནས་པ། ཁྲིམས་ཞིབ་ཁང་དེ་བླ་ན་མེད་པ་ཡིན་མོད་བཀའ་སྤྱི་གཉིས་ལ་སྟངས་འཛིན་བྱེད་མཁན་མིན་པ་བཅས་ཀྱིས་དམངས་གཙོའི་ཀ་ཆེན་གསུམ་པོ་འདྲ་མཉམ་དང་དམིགས་བསལ་ཅན་གྱི་རང་བཞིན་རྒྱུན་འཛིན་ཐུབ་ཡོད།
༤༽ ངོ་བོའི་འགྱུར་ཆེན་གཉིས།
གཅིག་ནི་ཡོངས་གྲགས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་དོན་གྱི་བདག་པོ་ཏཱ་ལའི་བླ་མ་མཆོག་གིས་རང་ཉིད་སྲིད་ཁྲི་ལས་བབས་པ་དང་མཉམ་དུ་དེ་སྡང་རི་བོ་དགེ་ལུགས་པའི་དབང་སྒྱུར་བའི་སྡེ་བ་གཞུང་ཡང་ཡོངས་སུ་མཇུག་བསྒྲིལ་པ་འདིའོ། འདིས་ཕྱོགས་གཅིག་ནས་བོད་མིའི་རྩ་དོན་འཐབ་རྩོད་ཀྱི་སྒྲིག་འཛུགས་འདི་དེང་དུས་དམངས་གཙོའི་རྣམ་པ་སྟོབས་ཅན་ཞིག་ཏུ་བསྒྱུར་བ་ཞིག་དང། ཡང་ཕྱོགས་གཞན་ཞིག་ནས་བོད་རང་བཙན་ཤོར་ན་ཡང་ད་དུང་ཡང་བོད་རྒྱལ་ཁབ་ཀྱི་གཙོ་འཛིན་ལྟ་བུའི་མཚན་བྱང་རྫིག་པོ་དེ་རལ་བར་བཏང་བ་ཞིག་ཀྱང་ཡིན་པར་འདོད།
གཉིས་ནི་མ་འོངས་བོད་དེ”ཡུལ་མིའི་རྒྱལ་ཁབ་ཅིག”ཏུ་བྱ་རྒྱུའི་དམིགས་ཡུལ་ཡང”་ཡུལ་མིའི་སྲིད་སྐྱོང”ཞིག་ཏུ་བྱ་རྒྱུར་བསྒྱུར་ཡོད། འདིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་གསར་བ་འདིའི་ཕུགས་དམིགས་ནི་མ་འོངས་པའི་གངས་ཅན་བོད་དེ་དམངས་གཙོའི་ལམ་སྲོལ་ཅན་གྱི་མི་རིགས་རང་སྐྱོང་ཞིག་སྟེ་དབུ་མའི་ལམ་གྱི་དགོངས་དོན་མངོན་འགྱུར་བྱ་རྒྱུ་ཡིན་པ་མཚོན།
༥༽ མིང་སྒྱུར་ཆེན་པོ་གཉིས།
དེ་ནི་གཞུང་གི་ལས་ཐམ་ངོས་ཀྱི”བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ”ཞེས་པ”བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག”ཅེས་པར་བསྒྱུར་པ་དང། “བཙན་བྱོལ་བོད་གཞུང”ཞེས་པ”བོད་མིའི་སྒྲིག་འཛུགས”སུ་བསྒྱུར་བ་གཉིས་སོ། དང་པོས་དེ་སྔའི་རི་བོ་དགེ་ལུགས་པའི་དབང་སྒྱུར་གྱི་རྣམ་པ་འགྱུར་བ་མཚོན་པར་མ་ཟད་བོད་དོན་བདེན་པའི་འཐབ་རྩོད་ཀྱི་རང་བཞིན་དང་རྟེན་འབྲེལ་ཡང་མཚོན། གཉིས་པས་སྔར་བཞིན་བོད་རྒྱལ་ཁབ་ཀྱི་གཞུང་ཚབ་ཅིག་ཡིན་པའི་རྣམ་པ་འགྱུར་བ་དང་ད་ལྟའི་བོད་མིའི་འཐབ་རྩོད་ཀྱི་རྣམ་པ་གསར་བ་ཡང་མཚོན།
༼དེས་ན་འདི་ཡང་མིང་ཙམ་གྱི་འགྱུར་བ་ལས་འདས་ཡོད། དེ་ཡང་གོང་གསལ་སྒྱུར་བཅོས་རྣམས་ཀྱིས་བོད་གཞུང་གི་ངོ་བོར་འགྱུར་བ་ཐེབས་པས་ན་མཚན་བྱང་སྟོང་པ་ཞིག་རང་འཇགས་གནས་རྒྱུར་སྙིང་བོ་མེད། འོན་ཀྱང་མི་ཉུང་བ་ཞིག་གིས་གོང་གསལ་སྒྱུར་བཅོས་ཆེན་པོ་དག་བློས་བཏང་ནས”བོད་གཞུང”གི་མཚན་བྱང་ཙམ་བློས་གཏོང་མི་ཐུབ་པ་འདི་དོན་གནད་མ་མཐོང་བའི་རྨོངས་རྟགས་ལས་མ་འདས་སོ།༽
སྨྲས་པ།
བཅས་པའི་ཁྲིམས་སྲོལ་བཟང་ངན་ཅི་རིགས་ཀྱང། མི་ཡི་སྤྱི་ཚོགས་འཚོ་བའི་དགོས་མཁོ་ཉིད།
བོད་དོན་བདེན་མཐའ་གསལ་བར་དམངས་གཙོ་ཡི། བཅའ་ཁྲིམས་འདི་ཡང་དུས་ཀྱི་དགོས་མཁོ་ཞིག།
གསུམ།༽ བཅའ་ཁྲིམས་བསྐྱར་བཅོས་ཀྱི་དགེ་མཚན་ཆེན་པོ་བཅུ།
ཀ༽ བོད་མིའི་ད་ལྟ་དང་འབྱུང་འགྱུར་ལ་ཕན་པའི་མཐུན་རྐྱེན་གསུམ།
༡༽༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་རིང་ལ་ཕ་ཤུལ་བུས་འཛིན་གྱི་སྦྱོང་བརྡར་ལེགས་པོ་བྱེད་ཐུབ་པ།
༢༽༸ལ་ལ་ཞིག་གིས་གོང་ས་མཆོག་གི་བཀའ་དགོངས་ཞེས་ཁག་དཀྲི་དང་ཡང་ན་འཛེམ་དོགས་ཅི་རིགས་བྱེད་མི་དགོས་པ།
༣༽ མི་རབས་ནས་མི་རབས་སུ་བོད་དོན་བདེན་མཐའ་གསལ་བའི་འཐབ་རྩོད་སྲ་བརྟན་དུ་འགྱུར་བའོ།
ཁ༽ གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ཉིད་ལ་ལྟོས་པའི་མཐུན་རྐྱེན་གཙོ་བོ་གསུམ།
༡༽ སྔར་ལས་ལྷག་པར་རྒྱ་མི་རིགས་ལ་མཉམ་འབྲེལ་དང་གོ་རྟོགས་ཆེར་སྐྱེད་ནུས་པ།
༢༽ སྔར་ལས་ལྷག་པར་འཛམ་གླིང་ཞི་བདེར་སྨན་པའི་མཛད་འཕྲིན་རྒྱས་ཐུབ་པ།
༣༽ སྔར་ལས་ལྷག་པར་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྣམ་པར་རྒྱས་ཐུབ་པའོ།
ག༽ ད་བར་གྱི་ཁག་དཀྲི་བསྙོན་འཛུགས་ཆེན་པོ་བཞི་མེད་པར་འགྱུར་བ།
༡༽ རྒྱ་ནག་གཞུང་ཕྱོགས་ནས་བོད་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་རྩིས་ཟེར་བའི་བསྙོན་འཛུགས་དང་ཧམ་བཤད་བྱ་ཡུལ་མེད་པ་ཆགས་པ།
༢༽རྒྱ་ནག་གཞུང་ངོས་ནས་ཏཱ་ལའི་བླ་མའི་སྒེར་གྱི་གནད་དོན་ཞེས་ཨུ་ཚུགས་དང་འཁྱོག་བཤད་བྱེད་ས་མེད་པར་འགྱུར་བ།
༣༽ བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ངོས་ནས་ཀྱང་དམངས་གཙོའི་མཚན་ཉིད་མ་ཚང་པའི་ཞན་ཆ་གླེང་རྒྱུ་མེད་པ་ཆགས་པ།
༤༽སྡེ་བ་གཞུང་ངམ་དགེ་ལུགས་པའི་དབང་སྒྱུར་ཟེར་བ་སོགས་ཀྱི་རྣམ་རྟོག་དག་ཀྱང་ཡལ་བར་འགྱུར་བའོ།།
སྨྲས་པ།
བཅའ་ཁྲིམས་འདི་ནི་ལེགས་པར་བཅོས་པ་སྟེ། ཇི་བཞིན་ནུས་ན་ཡིད་བཞིན་ནོར་བུ་ཉིད།
སྟོང་བསམ་བློ་ཕམ་ལ་སོགས་ཞི་གྱུར་ནས། ཆིག་སྒྲིལ་སྟོབས་ཤུགས་གསར་བ་སྐྱེད་པར་ཤོག
བཞི།༽ མཇུག་གི་གཏམ།
བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་བསྐྱར་བཅོས་འདིའི་ཐད་ལ་འདོད་པ་མེད་མཁན་གྱི་བོད་མི་ཡང་མི་ཉུང་བ་ཞིག་ཡོད་པར་མ་ཟད། ཞན་ཆའམ་སྐྱོན་གནད་ཆེན་པོ་མཐོང་མཁན་ཡང་མི་ཉུང་བ་རེ་ཡོད་ཚོད། མི་འདོད་པ་དག་གི་དཔེ་མཚོན་གཙོ་བོ་གཅིག་ནི་གཞོན་ནུ་ཚོགས་པའི་རྒྱུན་ལས་རྣམ་པ་གཙོས་བོད་རང་བཙན་རྩོད་ལེན་གནང་མཁན་གྱི་རྒྱལ་གཅེས་སྙིང་སྟོབས་ཅན་ཚོ་ཡིན་པར་མཐོང། དེ་ནི་ཁོང་ཅག་གི་གཞི་རྩའི་ཆབ་སྲིད་ལྟ་བའི་ཕུགས་རེ་དང་བར་ཐག་རིང་དུ་འགྲོ་བའི་ཉེན་ཁ་མཐོང་བས་རེད། འོན་ཀྱང་བོད་དེ་སྔ་རང་བཙན་ཡིན་པ་དང་ད་བར་ལ་བོད་དོན་འཐབ་རྩོད་ཇི་ལྟར་བྱས་ཚུལ་ནི་འཛམ་གླིང་སྤྱི་གསལ་ཡིན་པས་སུ་ཞིག་གིས་ཀྱང་གསུབ་མི་ཐུབ་ལ་སྒྱུར་ཡང་མི་ཐུབ་པ་ཞིག་རེད།
དེ་བས་ད་ལྟའི་བོད་གཞུང་གི་མཚན་བྱང་ཕྱིར་བསྡུ་བྱས་པས་ཁྱེད་ཅག་གི་རང་བཙན་འཐབ་རྩོད་ཐད་ལ་རེ་བ་ཆུང་བར་འགྱུར་སྲིད་ཀྱང་འདས་པའི་བོད་ཀྱི་ལོ་རྒྱུས་ནག་སུབ་ཏུ་མི་འགྱུར། མ་གཞི་ནས་བཙན་བྱོལ་བོད་གཞུང་གིས་ལོ་མང་རིང་ལ་ཕྱི་གསལ་ནང་གསལ་དང་སྲ་བརྟན་འགྱུར་མེད་ཀྱིས་དབུ་མའི་ལམ་རང་ལ་སྐྱོད་ཀྱིན་པས་རང་བཙན་རྩོད་ལེན་པ་ཚོ་དང་སྔ་ས་ནས་ཁ་ཐག་རིང་བར་གྱུར་ཡོད་པ་མིན་ནམ། ད་ལྟ་ཁྱེད་ཅག་གིས་བཙན་བྱོལ་བོད་གཞུང་གི་མཚན་བྱང་མུ་མཐུད་རྒྱུན་འཛིན་གནང་རྒྱུར་དགོས་པ་ཆེར་མ་མཐོང། མདོ་དོན་ང་ཚོས་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་ད་ལྟའང་དེ་སླར་གསོ་བྱེད་འདུན་ཡོད་པ་གཅིག་པུ་བཤད་ནས་རྒྱལ་ཁ་ཞིག་འཐོབ་རྒྱུ་ཡོད་ན་ལོས་བྱེད་ཀྱང། བོད་རང་བཙན་དེ་ཕྱིར་འཕྲོག་ཐུབ་ན་མ་གཏོགས་ལོ་རྒྱུས་དང་ཐོབ་ཐང་བཤད་ནས་སྐད་འབོད་བྱས་པས་རག་ཡོང་བ་ཞིག་མིན་པ་ཚང་མས་ཤེས་གསལ་རེད། དེང་སང་གི་རྒྱལ་ཁབ་ཆེ་ཆུང་ཚང་མ་རང་གི་ཁེ་ཕན་གཙོ་བོར་གཉེར་ནས་འགྲོ་གིན་ཡོད་ལ་རྒྱ་གཞུང་གི་ཧམ་སེམས་དང་སྟོབས་ཤུགས་གཞན་ལས་ཆེ་བས་ང་ཚོས་ཕར་ཚུར་གཉིས་ཕན་གྱི་ལམ་ཞིག་འཚོལ་བ་ལས་ཕར་གྱོང་རང་ཁེ་ཁོ་ནའི་བསམ་པ་ནི་རེ་སྟོང་ཙམ་དུ་མ་ཟད་དེང་གི་དོན་དངོས་དང་ཡང་ཆེས་མི་མཐུན་པ་ཞིག་མ་རེད་དམ།དེ་བས་ང་ཚོར་དོན་དམ་གྱི་རྒྱབ་སྐྱོར་ཞིག་ཀྱང་ནམ་ཡང་མི་ཐོབ།
ཅིག་ཤོས་ཁག་ཅག་གི་མི་འདོད་པ་ནི། ཡིད་བཞིན་ནོར་བུས་མུ་མཐུད་བོད་ཀྱི་གཙོ་འཛིན་གནང་མིན་དེ་བོད་དོན་འཐབ་རྩོད་ཀྱི་བདེན་མཐའ་གསལ་མིན་ལ་རག་ལས་ཡོད་པ་དང། བོད་ཀྱི་ད་ལྟ་དང་འབྱུང་འགྱུར་གྱི་དགེ་མཚན་མཐའ་དག་ལ་རག་ལས་ཡོད་པ། རྟེན་འབྲེལ་ནོར་ཉེན་སོགས་ཀྱི་བློས་གཏོང་མི་ཐུབ་པའི་བསམ་ཚུལ་རིགས་ཤིག་རེད། དེ་དག་ལ་དྲི་བ་གཅིག་རང་ཡོད་པ་ནི། ཁྱེད་ཅག་ལ་མི་རིགས་འཐབ་རྩོད་རྒྱུན་འཁྱོངས་ཀྱི་རེ་བ་དང་སྙིང་སྟོབས་ཡོད་མེད་དང་ཡིད་བཞིན་ནོར་བུའི་གལ་ཆེན་གཟབ་ནན་གྱིས་ཐུགས་ཐག་གཙང་མར་བཅད་གནང་བ་འདིར་དད་པའི་རྗེས་འབྲང་གི་ཡིད་ཆེས་ཙམ་ཡང་མི་འབྱུང་ངམ་ཞེས་པ་འདི་དང་ལྷན་དུ་གདམས་པ་གཅིག་ཀྱང་ཡོད་དེ། ཡིད་བཞིན་ནོར་བུས་བོད་མི་ཚོར་ཡིད་ཆེས་དང་རེ་བ་གནང་གིན་ཡོད་པས་བོད་མི་ཚོས་ཀྱང་རང་གིས་རང་ལ་ཡིད་ཆེས་དང་རང་གི་མི་རིགས་ལ་ཡིད་ཆེས་དང་རེ་བའི་སྤོབས་པ་ཞིག་སྐྱེད་ཐུབ་ན་བོད་དོན་བདེན་མཐའ་སྟེ་གཞིས་བྱེས་མཉམ་འཛོམས་ཀྱི་གངས་ལྗོངས་ཁྱིམ་ཚང་ཆེན་པོ་གཅིག་མངོན་འགྱུར་ཐུབ་ངེས།
མཐར། གངས་ལྗོངས་གེ་སར་ཚང་གིས་ཡིག་ངག་གཉིས་ཐོག་ནས་ཇི་ལྟར་རེ་སྐུལ་གནང་བ་དང་སྐབས་སུ་བབ་པའི་རང་གི་འོས་འགན་ཞིག་ཀྱང་ཆགས་ཡོད་པས་འདིར་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་བྱུང་རིམ་དང་བཅའ་ཁྲིམས་གསར་བའི་རྣམ་པ། དེའི་དགེ་མཚན་བཅས་ཀྱི་སྐོར་ནས་རང་གི་མཐོང་ཚུལ་དང་བསམ་ཚུལ་འགའ་ཉུང་ངུ་རྣམ་གསལ་གྱི་ཚུལ་དུ་ཞུས་པ་འདིས་ཀྱང་མགོན་པོ་གང་གི་ཐུགས་བཞེད་ཇི་བཞིན་འགྲུབ་པའི་རྒྱུར་ཅིག་ཅིག།།
སླར་སྨྲས་པ།
མི་རིགས་རང་གཅེས་མི་དམངས་ཀུན་ལ་སྟེ། མིའི་རིགས་སྤྱི་དོན་མི་མཆོག་འགའ་རེར་བབས།
མི་ཡུལ་འཆམ་མཐུན་ཁྱིམ་ཚང་ཆིག་སྒྲིལ་ལ། མི་རབས་གསར་བས་བསམ་ཤེས་ཐུབ་པར་སྨོན།
No comments:
Post a Comment