Friday, July 29, 2011

ཡེ་རྡོར་སྤྱང་དྲགས་ནས་བསྟོད་བསྔགས་རེག་འདུག

ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༨ རེས་གཟའ་ཕུར་བུ
༄༅། །༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཡོད་ཚད་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་སྩལ་རྗེས། འཛམ་གླིང་གི་ཆབ་སྲིད་དེབ་ཐེར་ནང་ལོ་རྒྱུས་གསར་བ་ཞིག་བྲིས་ཡོད་ལ། ལོ་རྒྱུས་དེའང་མང་གཙོ་དང་དྲང་བདེན་གྱི་སྲོག་ཏུ་བྱས་ཡོད། ཡིན་ནའང་སྒེར་གཅོད་དབང་འཛིན་པ་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་ཆབ་སྲིད་ཐད་ཀྱི་དགོངས་ཞུ་གནང་བ་ནི། རང་ཉིད་ལ་གནའ་ནས་ཕོག་ཚར་བའི་སྐྲན་ནད་ངོས་འཛིན་བྱེད་པོ་ཞིག་ཏུ་བརྩིས་ཏེ། ནང་ཁོག་རུལ་ཟིན་པའི་སྐྲན་ནད་དེ་ད་དུང་ཕྱི་ཐུམ་མཛེས་བོ་ཞིག་གིས་གཡོག་རྩིས་ཐེངས་མང་བྱེད་ཀྱི་ཡོད་པ་རེད་ལ། བརྒྱུད་ལམ་རྫུན་བཟོ་བྱས་ཏེ་ནང་ཁོག་རུལ་བའི་གནས་སྟངས་དེ་ཉིད་ཐ་ན་རང་གི་མི་མང་ལའང་སྟོན་འདོད་མེད་པ་རེད་མོད། ཡིད་སྐྱོ་དགོས་པ་ཞིག་ནི། དེང་དུས་ཆ་འཕྲིན་དུས་རབས་ནང་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་རྒྱུའི་གནས་ཚུལ་དངོས་མ་འཛམ་གླིང་ནང་གསལ་བོ་ཆགས་པ་དེ་རེད།
༧གོང་ས་མཆོག་མི་ཞིག་ཡིན་པ་དང་། དགེ་སློང་ཞིག་ཡིན་པ། བོད་པ་ཞིག་ཡིན་ནའང་། བོད་མི་རིགས་ལ་འཁྲི་པའི་ཆབ་སྲིད་ཀྱི་ལས་དོན་ཡོངས་རྫོགས་མཚམས་འཇོག་དགོས་རྒྱུའི་འདོད་འདུན་སྨྲ་རྒྱུ་རྒྱ་ནག་གཞུང་ལ་ངོ་ཚ་དང་འཛེམ་དོགས་ཅི་ཡང་མེད་ནའང་། ༧གོང་ས་མཆོག་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་མཛད་མཁན་ཞིག་ཡིན་སྟབས། རྒྱ་ནག་གཞུང་གི་ཐུགས་འདོད་སྐོང་མི་ཐུབ་པ་ཅི་ལ་མི་མཁྱེན་ནམ། ལོ་རྒྱུས་ནས་ཡོད་པའི་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ། བོད་མི་ཞིག་ཡིན་པའི་འགན་བབ་དོར་དགོས་ཞེ་ན་མི་རྣམས་ཀྱི་རྣ་ལ་འགྲོ་ཐུབ་པ་ཞིག་རེད་དམ། སྐད་ཆ་འདི་དེང་སང་སྲིད་དོན་སྡིངས་ཆའི་སྟེང་གི་ཆེས་ཉམ་ཐག་ཤོས་དེ་མ་རེད་དམ།
ཟླ་བ་7 པ་འདི་ནི་ཨ་རིའི་མི་མང་ལ་མཚོན་ན། ༧གོང་ས་མཆོག་གིས་ནང་ཆོས་ཀྱི་ཟབ་གནད་ཆར་བཞིན་བསྩལ་པའི་ཟླ་བ་དེ་ཡིན་ལ། ལྷག་པར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀའ་དྲིན་བསྩལ་ནས་༧གོང་ས་མཆོག་གི་མཐའ་བསྐོར་དུ་” སྲིད་འཛིན་ཧུའུ་ཅིན་ཐོའི་མཐའ་བསྐོར་དུ་འདུས་པ་ལས་” ཀྱང་མི་རིགས་འདྲ་མིན་གྱི་མི་བུ་སྟོང་ཕྲག་བརྒལ་བ་འདུས་ཡོད། མི་རྣམས་ཀྱི་ཚེ་སྲོག་གི་གྲུབ་ཆ་གཙོ་བོ་ཡིན་པའི་”རང་དབང་”ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན། ༧གོང་ས་མཆོག་གི་མཐའ་བསྐོར་དུ་འདུས་ཤིག་ཅེས་སྐད་རྒྱག་མི་དགོས་པ་འདི་གཅིག་པུས་ཀྱང་། རང་དབང་གྲུབ་ཆར་གྱུར་བའི་ཚེ་སྲོག་ལ་ད་གཟོད་བརྟན་བརླིང་ཡོད་པ་མཐོང་ཞིང་། མི་གཙོ་བོ་ཡིན་པ་དང་ཚེ་སྲོག་གཙོ་བོ་ཡིན་པའང་མཐར་གཏུག་ན་རང་དབང་ཡོད་མེད་ཀྱིས་མཚམས་འབྱེད་ཐུབ་པ་ནི་ཆོས་རྣམ་འབྱེད་ཀྱི་མིག་ལ་སྣང་ཐུབ་པ་ཞིག་ཅི་ལ་མིན་ནམ།
མི་རྣམས་དེ་ལྟར་རང་དབང་དང་ངང་གིས་༸གོང་ས་མཆོག་གི་མཐའ་བསྐོར་དུ་འདུས་ཏེ། ཨ་རིའི་ཕོ་བྲང་དཀར་པོའི་ཕྱི་ནང་གཉིས་སུ་༧གོང་ས་མཆོག་གི་ཡོན་ཏན་གྱིས་རབ་ཏུ་ཀུན་ཏུ་ཁེངས་པ་ནི། ” མི་གཙོ་བོ་ཡིན་པར་སྒྲོག་ལ་དགའ་བ་དང་། སྲིད་འཛིན་ཧུའུ་ཅིན་ཐའོ་དང་ཏང་ཀྲུང་དབྱང་གི་མཐའ་བསྐོར་དུ་འདུས་རོགས་ ” ཟེར་བའི་རྒྱ་ནག་གུང་བྲན་དང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་མ་ཡིན་ནམ། ༧གོང་ས་མཆོག་གིས་རང་བྱུང་དང་རང་དབང་གི་འདུ་ཚོགས་ཆེན་མོ་དེའི་ཡོ་འཁྱོམ་ཁྲོད་ནས་མི་རྣམས་ལ་ཟབ་རྒྱས་གསུང་གི་ལམ་སྟོན་མཛད། མཇལ་འཕྲད་གནང་བ་ནི་” ཏཱ་ལའི་ཆབ་སྲིད་དང་ཁ་མ་བྲལ་བའི་”རྟགས་སུ་བཀོད་པ་ནི་རྒྱ་ནག་གཞུང་གིས་ཨ་རིའི་ནང་སྲིད་ལ་ཐེ་བྱུས་བྱས་པ་དང་། ཨ་རིའི་མི་མང་གི་མངོན་འདོན་ལ་རྡོག་རོལ་བཏང་བ་ཞིག་རེད།
ཟླ་ ༧ ཚེས་ ༡༦ རེས་གཟའ་སྤེན་པ། ཝ་ཤིན་ཊོན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྐར་ ༣༥ སྟེང༌ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དཀར་པོར་གདན་ཞུ་གནང་སྟེ་མཇལ་འཕྲད་དུས་ཡུན་སྐར་མ་ ༤༥ ཙམ་གནང་སྐབས། ༸གོང་ས་མཆོག་གིས། “ ངོས་རང་དེ་རིང་འདིར་སྐུ་ཉིད་ལ་ང་ཚོའི་འགྱུར་བའི་སྐོར་སྙན་སེང་ཞུ་བར་བཅར་བ་ཡིན་ཞེས་” བཀའ་གནང་ཡོད། སྲིད་འཛིན་མཆོག་གིས་གསུང་དོན། “༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་གཞི་རྩའི་མང་གཙོའི་ལམ་ལུགས་ལ་གུས་བརྩི་ཡོད་སྐོར་ངས་ཤེས་ཀྱི་ཡོད། འོན་ཀྱང་བོད་རྒྱ་འབྲེལ་ལམ་གྱིས་གཙོས་པའི་བོད་མི་རིགས་ཀྱི་ལས་དོན་གནད་འགག་ཆེ་རིགས་ཐད་བོད་རིགས་ཚང་མས་ཡིད་ཆེས་བྱེད་ཡུལ་༧གོང་ས་ཏཱ་ལའི་བླ་མ་མཆོག་ཉིད་གཅིག་པུ་ཆགས་ཡོད་པར་བརྟེན། མུ་མཐུད་ནས་ཐུགས་འགན་བཞེས་དགོས་ཞེས་” གསུངས་པར། ༧གོང་ས་མཆོག་ནས། ” དེ་ལྟར་ཡིན་དང་ཡིན། ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་ཁེ་ཕན་ཐད་གང་ཞིག་བྱེད་དགོས་ཀྱང་དེ་ལྟར་བྱེད་རྒྱུ་ནི་ངོས་ཀྱི་ལས་འགན་ཡིན་ཞེས་ ” བཀའ་ལན་སྩལ་ཡོད།
སྲིད་འཛིན་ཨོ་བྷ་མ་མཆོག་ནི་མི་རིགས་ནག་པོའི་མི་ཞིག་ཨ་རིའི་སྲིད་འཛིན་དུ་བཞེངས་བ་ཐོག་མ་ཡིན་པས། ཨ་རིའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་ཡིན་ལ། ད་དུང་ནོ་ཝེ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་ཀྱང་ཡིན་པས། ༧གོང་ས་མཆོག་ལ་མཇལ་རྒྱུ་ནི་མཐར་གཏུག་ན་ཁོང་གིས་འགྲོ་བ་མིའི་དོན་དམ་བདེ་སྐྱིད་ལ་འགན་བཞེས་པའི་མཚོན་རྟགས་ཤིག་ཀྱང་ཡིན།
༧གོང་ས་མཆོག་ལ་གྲོས་མོལ་བྱེད་འདོད་མེད་ལབ་ན་མི་རྣམས་གད་མོ་མི་ཤོར་རམ།
དུས་རབས་ཉེར་གཅིག་པ་ནི་གྲོས་མོལ་གྱི་དུས་རབས་ཤིག་ཡིན་པར་གསུངས་མཁན་ནི་༧གོང་ས་མཆོག་ཡིན་ལ། གྲོས་མོལ་གྱིས་རྒྱལ་ཁབ་ནས་ཁྱིམ་ཚང་བར་གྱི་རྙོག་གླེང་འདུམ་སྒྲིག་བྱེད་ཐུབ་པར་སྨྲ་མཁན་ཡང་༧གོང་ས་མཆོག་ཡིན། དེ་ནི་༸གོང་ས་མཆོག་གིས་གསུངས་པ་ཙམ་མིན་ལ་ལག་ལེན་བསྟར་མྱོང་བས། རྩིས་མེད་བཏང་ཟིན་པའི་གྲོས་ཐུན་དོན་ཚན ༡༧ ཀྱང་གྲོས་མོལ་གྱི་ལམ་ནས་བྱུང་བ་དང་། སྲིད་འཛིན་མའོ་ཙེ་ཏུང་སོགས་ལའང་དགུང་ན་ཕྲ་བའི་སྐྱེས་བུ་ཤེས་རབ་ཅན་དེས་གྲོས་མོལ་གྱི་རིན་ཐང་འགྲེལ་བཤད་གནང་མྱོང་། མདོར་ན་གྲོས་མོལ་གྱིས་གནད་དོན་གང་ཡང་གསལ་བོ་དང་ཐག་གཅོད་བྱུང་ངེས་པའི་མེས་འཚིགས་མེར་གཏུགས་ཀྱིས་ལོ་ངོ་བརྒྱད་ཀྱི་རྒྱ་ནག་དང་མཉམ་སྡོད་བྱས་པའི་དུས་སྐབས་ནི། སྡོམ་བརྒྱབ་ན་གྲོས་མོལ་གྱི་དུས་སྐབས་ཤིག་ཡིན། གྲོས་མོལ་གྱི་གཤིས་ཀ་འཇགས་པའི་སྐྱེས་བུ་རླབས་ཆེན་དེས། གྲོས་མོལ་ལས་གདུག་རྩུབ་མཆོག་ཏུ་འཛིན་པའི་རྒྱ་གཞུང་གི་བྱ་སྤྱོད་དེར་སུན་སྣང་མེད་པར། བཙན་བྱོལ་དུ་འབྱོར་ནས་ཀྱང་གྲོས་མོལ་ནི་ཆབ་སྲིད་ཀྱི་ཁྱབ་ཁོངས་གཅིག་པུའི་སྤྱོད་བྱ་མིན་པར། རིག་གནས་ཤིག་གི་ངོ་བོར་དྲངས་ཏེ་རྒྱལ་སྤྱིའི་ཁྱོན་དུ་མིའི་འཚོ་གནས་དང་འབྲེལ་ཐབས་མེད་པ་ཞིག་ཡིན་པའི་གནས་སྟངས་གསལ་རྗེན་དུ་མཛད་ཡོད། དེ་བས་གྲོས་མོལ་ནི་༧གོང་ས་མཆོག་གི་མཛད་འཕྲིན་གྱི་གྲུབ་ཆ་ཞིག་ཀྱང་ཡིན།
ཕྱི་ལོ་ ༡༩༧༩ ནས་སྲིད་འཛིན་ཏེན་ཞའོ་ཕིང་གིས་གྲོས་མོལ་གྱི་སྒོ་བརྡུངས་པ་ནས། ༧གོང་ས་མཆོག་གིས་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱེད་དགོས་པའི་སྐུལ་མ་ཡང་ཡང་མཛད་ཡོད། ༡༩༩༢ ཟླ ༧ ཚེས ༢༣ ཉིན་ཏེན་ཞའོ་ཕིང་དང་ཙང་ཙེ་མིན་ལ་བསྩལ་བའི་འཕྲིན་ཡིག་ནང་ ” ངོས་ནས་དཀའ་རྙོག་སེལ་ཐབས་ནི་ཕན་ཚུན་གྲོས་མོལ་བྱེད་པའི་ལང་ཕྱོགས་ཁོ་ན་ཡིན་ཞིང༌། བོད་དང༌། རྒྱ་ནག་མི་མང་གཉིས་ཕྱོགས་སུ་ཕན་པའི་ལྷག་བསམ་གུ་ཡངས་བཅངས་ཏེ་ང་ཚོའི་དཀའ་རྙོག་གྲོས་མོལ་གོ་བསྡུར་གྱིས་སེལ་ཐབས་བྱེད་དགོས་པར་ཡིད་ཆེས་བྱེད་བཞིན་ཡོད། ” ཅེས་གསུངས་ཡོད། ༧གོང་ས་མཆོག་གིས་གྲོས་མོལ་ལ་བཅངས་བའི་ཡིད་ཆེས་ཅུང་ཙམ་རླག་མེད་པར།
༢༠༠༢ ནས་བྱུང་བའི་ད་བར་གྱི་གྲོས་མོལ་རིམ་བྱུང་ནང་སྐུ་ཚབ་རྣམ་པས་གྲོས་མོལ་གནང་རིམ་ནང་། འབྲེལ་བ་རྒྱུན་མི་ཆད་པ་བྱེད་རྒྱུ་ནི་གཞི་རྩའི་རྩ་དོན་ཞིག་ལ་བརྩིས་གནང་ཡོད་པ་རེད། ཡིན་ནའང་། ཡེ་རྡོར་འཐབ་ཕྱོགས་གཅིག་གྱུར་པས། ” ༧གོང་ས་མཆོག་ལ་གྲོས་མོལ་བྱེད་འདོད་དངོས་གནས་ཡོད་མེད་” བརྗོད་པ་ནི་སྔ་ཚིག་ཕྱི་འགལ་གྱི་གཏམ་ཞིག་མ་རེད་དམ། གང་ཡིན་ཞེ་ན་ད་བར་འབྲེལ་མོལ་ཐེངས་དགུ་བྱས་ཟིན་པ་ནི་ཉི་མ་བསྐྱལ་ཐབས་ཤིག་ཏུ་༸གོང་ས་མཆོག་གིས་ནམ་ཡང་བརྩིས་མྱོང་མེད། འོན་ཀྱང་རྒྱ་ནག་གཞུང་འདི་མནའ་བསྐྱལ་དམ་གནས་ལ་ཡིད་ཆེས་མེད་ནའང་། གྲོས་མོལ་བྱེད་འདོད་ཀྱི་ཀུན་སློང་ཡོད་མེད་ལ་མནའ་བསྐྱལ་དགོས་པའི་དགོངས་ཚུལ་འདོན་པ་ནི། དོན་དངོས་སུ་འ་ཆད་འུ་ཐུག་པའི་གླེན་རྟགས་དངོས་གནས་དེ་རེད།
སྐད་ཆ་འདི་ཐོན་མ་ཐག འཐབ་ཕྱོགས་གཅིག་གྱུར་ཁང་གི་དབུ་ཁྲིད་རྣམས་དང་མདུན་ཅོག་གཅིག་གི་སྒང་གྲོས་མོལ་གནང་མྱོང་བའི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་གསུངས་རྒྱུར། ” རྒྱ་ནག་གཞུང་གི་མགྲིན་ཚབ་པ་དང་འགོ་ཁྲིད་ཚོས་དེ་སྔོན་ནས་རྒྱ་བོད་གཉིས་ཀྱི་འབྲེལ་བའི་ཐོག་ལ་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་སྐད་ཆ་མང་དག་ཅིག་བཤད་དང་ཤོད་མུས་ཡིན་པར་བརྟེན། ད་ལྟ་རྒྱ་ནག་གི་གསར་ཤོག་ནང་ཐོན་པའི་གནས་ཚུལ་གང་ཡིན་རུང་འཁྱོག་བརྗོད་ཁོ་ན་རེད། ང་ཚོ་ཕྱི་ལོ་ ༢༠༡༠ ཟླ་ ༡ པའི་ཟླ་མཇུག་ལ་ཐུག་འཕྲད་ཐེངས་དགུ་པ་དེ་བྱས་པ་རེད། དུས་དེ་ནས་བཟུང་ད་ལྟ་བར་བཀའ་མོལ་གང་ཡང་བྱུང་མེད། རྒྱལ་སྤྱིའི་ནང་གི་གཞུང་མང་པོ་ཞིག་གིས་རྒྱ་ནག་གཞུང་ལ་ཡང་ནས་བསྐྱར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་བཀའ་མོལ་གནང་དགོས་འདུག་ཅེས་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད། རྒྱ་ནག་གཞུང་ཕྱོགས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་དང་ལྷན་བཀའ་མོལ་མཛད་རྒྱུ་ཡིན་ཞེས་པའི་བཀའ་སློབ་རབ་དང་རིམ་པ་སྩལ་བ་དེ་དག ལྷག་བསམ་རྣམ་དག་མ་རེད་ཅེས་འཁྱོག་བརྗོད་བྱེད་པ་ནི་རྒྱལ་སྤྱིའི་གནོན་ཤུགས་འགེབས་སྲུང་བྱ་རྒྱུའི་ཆེད་དེ་ལྟར་བརྗོད་ཀྱི་ཡོད་པ་རེད།
ཡང་སྐུ་ཚབ་མཆོག་གིས། དེ་བཞིན་ཕྱི་ལོ་ ༢༠༠༢ ནས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་བྱུང་རྗེས་ཕྱི་ལོ་ ༢༠༠༧ དང་ ༢༠༠༨ ལ་ང་ཚོ་ཐུག་འཕྲད་བྱུང་བ་རེད། དེ་རྗེས་རྒྱ་ནག་གཞུང་ནས་གཏམ་བཤད་ཅིག་གི་ནང་” བོད་པའི་སྐུ་ཚབ་དེ་དག་གིས་འབྲེལ་མོལ་བྱེད་སྐབས་ཡར་ལངས་ཏེ་ཕྱིན་པ་དེ་ནི་སྐད་ཆ་ཤོད་འདོད་མེད་པའི་རྣམ་འགྱུར་གསལ་པོ་བསྟན་པ་རེད་”ཅེས་པ་ལྟ་བུའི་རྫུན་གཏམ་དང་འཁྱོག་བཤད་མང་དག་ཅིག་བྱས་ཡོད། གང་ལྟར་རྒྱ་ནག་གཞུང་གིས་རྒྱ་བོད་གཉིས་ཀྱི་འབྲེལ་བའི་ཐོག་ལ་དངོས་བདེན་མ་ཡིན་པའི་འགྲེལ་ལོག་མང་པོ་ཞིག་རྒྱག་བཞིན་པ་དང་དུས་ད་ལྟ་ཡིན་ཡང་མུ་མཐུད་དེ་ལྟར་བཤད་བཞིན་འདུག” ཅེས་གསུངས་ཡོད།
འོ་ན་གྲོས་མོལ་གྱི་ལྷག་བསམ་སུ་ལ་ཡོད་མེད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་རང་སྐྱོན་ངོས་ལེན་བྱེད་ཐུབ་ན་མི་དགའ་འམ། མཐའ་དོན་ནན་བརྗོད་བྱེད་འདོད་པ་ཞིག་ནི། སྨྱུག་འཛིན་པས་མཐོང་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་ན། འབྲེལ་མོལ་གྱི་སྒོ་མོ་ནི་སྔར་ལས་ལྷག་བསམ་རྣམ་དག་གིས་ཕྱེས་འདུག་ཅིང་། ༧གོང་ས་མཆོག་སྐུ་སྒེར་དང་དེའི་མཐའ་འཁོར་གྱི་མི་ཁ་ཤས་ཀྱི་འཚོ་གནས་གླེང་བྱ་མ་ཡིན་ལ། བོད་ཀྱི་བདེ་སྡུག་གླེང་བྱ་ཡིན་པའི་འབྲེལ་མོལ་གྱི་སྒོ་མོ་སྟོབས་ཀྱིས་ཕྱེས་འདུག་པས། ༧གོང་ས་མཆོག་གིས་ཕྱག་འཇུ་གནང་སྟེ་ཁྲིད་བཞིན་པའི་བདམས་ཐོན་བཀའ་ཁྲི་བློ་བཟང་སེང་གེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ནི། ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་རྩིས་སྤྲོད་གནང་སའི་མི་རབས་གསར་བའི་དབུ་ཁྲིད་དང་། མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་རེད་འདུག་པས། ཁོང་ཚོས་གྲོས་མོལ་གྱི་སྒོ་མོ་དེ་བས་ཀྱང་གཟི་བརྗིད་ཀྱིས་ཕྱེས་འདུག
ཞོར་དུ་བཤད་དགོས་པ་ཞིག་ནི། སྨྱུག་འཛིན་པས་རྩོམ་འདི་གྲུབ་མཚམས་ལས་རོགས་ལ་མིག་སྟོན་བྱས་པ་ཡིན། སྐབས་དེར་ཁོང་གིས་” ད་ཐེངས་ཡེ་རྡོར་སྤྱང་དྲགས་ནས་༸གོང་ས་མཆོག་གིས་ཨོ་བྷ་མར་མཇལ་འཕྲད་མཛད་པ་དང་། བདམས་ཐོན་བཀའ་སྤྱིའི་དབུ་ཁྲིད་རྣམ་གཉིས་ཁྲིད་དེ་ཨ་རིའི་གྲོགས་པོ་རྙིང་པ་དག་དང་ངོ་སྤྲོད་བྱས་པ། ཨ་རི་ནས་དུས་དབང་བསྩལ་བ་བཅས་ཀྱི་གནས་ཚུལ་བོད་ནང་དུ་རང་བཞིན་གྱིས་གསལ་བསྒྲགས་བྱས་འདུག་པས། ཁོང་ལ་བསྟོད་བསྔགས་ཞིག་ཀྱང་འབབ་ཚོད་གདའ་” ཞེས་གསུངས་སོང་། དེས་ན་ངས་ཀྱང་ཁོང་ལ་ཞོར་དུ་བསྟོད་བསྔགས་ཞུ་རྒྱུ་ཡིན།
༢༠༡༡ ཟླ ༧ ཚེས ༢༧ ལ་བྲིས། ཤར་ཕྱོགས་ཁུག་རྟ།

No comments:

Post a Comment