Thursday, December 1, 2011

ལུས་ལ་གྲྭ་ཆས་གྱོན་པ་ཙམ་གྱིས་ནང་པ་སངས་རྒྱས་པར་འགྱུར་གི་མ་རེད།

༸གོང་ས་མཆོག་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་མཇུག་སྡོམ་ཚོགས་འདུའི་ཐོག་ཆིབས་བསྒྱུར་གནང་སྟེ། ཆོས་ལུགས་ཀྱི་དབུ་ཁྲིད་དང་སྐུ་མགྲོན་རྣམ་པར་བཀའ་སློབ་གསུང་བཤད་གནང་ཡོད།

ཟླ་འདིའི་ཕྱི་ཚེས་ ༢༧ ནས་ ༣༠ བར་རྒྱ་གར་གྱི་ཨ་ཤོ་ཀཱ་ཆོས་ལུགས་ལྷན་ཚོགས་(Ashoka Missoin) ཀྱིས་གོ་སྒྲིག་འོག ཉིན་བཞིའི་རིང་འཛམ་གླིང་གི་ནང་པའི་རྒྱལ་ཁབ་ ༤༢ ལྷག་གི་ནང་པའི་དབུ་ཁྲིད་ལྷན་འཛོམས་ཀྱི་ཚོགས་འདུའི་མཇུག་སྡོམ་ཐོག་༸གོང་ས་མཆོག་གདན་ཞུ་གནང་ཡོད་པ་ལྟར། ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གྷན་ངྷི་རྗེས་དྲན་ཁང་ (Gandhi Smriti ) དང་ནེ་རུའི་སྐྱེས་མོས་ཚལ་ (Nehru Park ) བཅས་སུ་ཆིབས་བསྒྱུར་གྱིས་སྨོན་ལམ་དང་བྱང་ཆུབ་ལྗོན་ཤིང་འདེབས་འཛུགས་སོགས་གནང་ཡོད་པ་དང་། ཆུ་ཚོད་ ༣ དང་ཕྱེད་ཀའི་ཐོག་༸གོང་ས་མཆོག་གིས་ལྷན་ཚོགས་ཀྱི་མཇུག་སྡོམ་དུ་ཆིབས་བསྒྱུར་གནང་སྟེ་བཀའ་སློབ་གསུང་བཤད་གནང་ཡོད།

སྐབས་དེར་༸གོང་ས་མཆོག་གིས་ལྷན་ཚོགས་ཐོག་ཆིབས་བསྒྱུར་གནང་བའི་ཆོས་ལུགས་ཀྱི་དབུ་ཁྲིད་དང་སྐུ་མགྲོན་རྣམ་པར་འཚམས་འདྲི་གནང་རྗེས་གསུང་དོན། “ ང་ཚོ་ནང་པ་སངས་རྒྱས་པ་ཞིག་དང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་ཀུན་སྤྱོད་བཟང་པོ་ཡོང་བར་བསམ་བློ་གཏོང་རྒྱུ་གལ་ཆེན་ཆགས་ཡོད། འགྲོ་བ་མིའི་ལོ་རྒྱུས་ནང་དུས་རབས་ ༢༠ བ་དེ་ཧ་ཅང་དཀའ་ངལ་ཅན་གྱི་དུས་རབས་ཤིག་ཆགས་ཡོད་པ་དང་། དུས་རབས་དེའི་ནང་འཁྲུག་རྩོད་མང་དག་ཅིག་བྱུང་སྟེ་མི་མང་པོའི་ཚེ་སྲོག་ཤོར་ཡོད། དུས་རབས་ ༢༡ དུས་འགོར་ཡང་གཅིག་མཚུངས་ཀྱི་གནས་ཚུལ་བྱུང་བ་དེ་འདས་པའི་ནོར་འཁྲུལ་ལས་བྱུང་བ་རེད། སྤྱིར་ཚན་རིག་ནི་འགྲོ་བ་མིར་དགོས་མཁོ་ཆེན་པོ་ཞིག་ཡིན་ཡང་། ཚན་རིག་དང་དཔལ་འབྱོར་ཁོ་ནར་བརྟེན་ནས་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་ཏུ་བསྐྲུན་ཐབས་མེད། དུས་རབས་འདིའི་ནང་ཞི་བདེ་བསྐྲུན་པ་ལ། ཐོག་མར་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད། ང་ཚོས་ནམ་རྒྱུན་ཁ་ནས་སངས་རྒྱས་ལ་སྐྱབས་སུ་མཆི་ཞེས་བརྗོད་པ་ཙམ་ལས། སོ་སོའི་མི་ཚེའི་ནང་སྟོན་པ་བཅོམ་ལྡན་འདས་ཀྱི་བསླབ་བྱར་བསམ་བློ་མ་བཏང་བར། རྒྱུ་དང་འབྱོར་བ་ཐོབ་ཐབས་དང་མིང་དང་སྙན་གྲཊ་ཁོ་ནར་བསམ་བློ་གཏོང་གི་ཡོད། ཁ་ནས་སེམས་ཅན་ཐམས་ཅད་ཟེར་བ་ལས། དོན་དུ་གཞན་ལ་སེམས་ཁུར་མེད་པའི་ཀུན་སྤྱོད་ངན་པ་ཞིག་ཆགས་ཡོད། གཙོ་བོ་སེམས་ནང་ནས་ཆོས་ལ་དད་པ་དང་ཡིད་ཆེས་ཡོད་པའི་ནང་པ་སངས་རྒྱས་པ་ཞིག་བྱེད་དགོས་པ་རེད། ”ཅེས་གསུངས་ཡོད།

ཡང་༸གོང་ས་མཆོག་གིས། “ འཛམ་གླིང་འདིར་ནང་པ་སངས་རྒྱས་པའི་ཆོས་དར་ནས་ལོ་ ༢༥༠༠ ལྷག་ཕྱིན་ཡོད་ཀྱང་། ད་ལྟའི་དུས་འདིར་ཡང་འཛམ་གླིང་གི་གྲགས་ཅན་ཚན་རིག་པ་མང་པོས་ནང་པ་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་བྱེད་བཞིན་ཡོད། ནང་པའི་ཆོས་རླབས་ཆེན་ཡིན་ཡང་། ཆོས་བྱེད་མཁན་གྱི་བླ་སྤྲུལ་དང་དགེ་རྒན་གྱི་སྤུས་ཀ་ཞན་དུ་འགྲོ་བཞིན་པ་དེ་བློ་ཕམ་གྱི་རང་བཞིན་ཡིན། ང་ཚོ་གནས་བརྟན་སྡེ་པའི་ལུགས་དང་ཐེག་ཆེན་གྱི་ལུགས། སྔགས་ཀྱི་ལུགས་བཅས་འཛིན་མཁན་སུ་འདྲ་ཞིག་ཡིན་རུང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་རྣལ་མ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཡང་དག་ཅིག་བྱེད་འདོད་ན། ནང་སེམས་ལ་འགྱུར་བ་གཏོང་དགོས། དེ་བཞིན་ནང་པའི་ལྷན་ཚོགས་འདི་ལྟ་བུ་ཡང་ནས་ཡང་དུ་ཚོགས་ཏེ། མཛད་སྒོ་ཙམ་མ་ཡིན་པར་ནང་ཆོས་ཀྱི་སྐོར་ནས་ཕན་ཚུན་བསམ་ཚུལ་སྤེལ་རེས་དང་བགྲོ་གླེང་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད། ལུས་ལ་གྲྭ་ཆས་གྱོན་པ་ཙམ་གྱིས་ནང་པ་སངས་རྒྱས་པར་འགྱུར་གྱི་མ་རེད། གཙོ་བོ་སེམས་ནས་ནང་པ་སངས་རྒྱས་པའི་རྗེས་འཇུག་རྣལ་མ་ཞིག་བྱེད་དགོས་རེད། དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་ངོས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། འོན་ཀྱང་དགེ་སློང་མའི་སྡོམ་རྒྱུན་སྐོར་ངོས་རང་ལ་དམིགས་བསལ་གྱི་ཐག་གཅོད་བྱེད་དབང་མེད། ནང་པའི་རྒྱལ་ཁབ་གཞན་གྱི་ཆོས་ཀྱི་དབུ་ཁྲིད་རྣམས་དང་ལྷན་དུ་གྲོས་བསྡུར་གྱི་ལམ་ནས་མཐའ་མའི་ཐག་གཅོད་ཡོང་རྒྱུའི་ཡིད་ཆེས་བྱེད་བཞིན་ཡོད། ” ཅེས་ལམ་སྟོན་བཀའ་སློབ་གནང་ཡོད།

ཕྱི་ཚེས་ ༣ ཉིན་ནས་༸གོང་ས་མཆོག་འཛམ་གླིང་དཔེ་དེབ་འགྲེམ་སྤེལ་སྡེ་ཚན་པེན་ཀོང་ (Penguin )ཞེས་པའི་ལོ་འཁོར་ཚོགས་ཆེན་ཐོག་ཆིབས་བསྒྱུར་གྱིས་༼བྱམས་བརྩེའི་ནུས་སྟོབས།༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་འཆར་ཡོད་པ་དང་། ཕྱི་ཚེས་ ༥ ནས་ ༧ བར་རྒྱ་གར་ལྷོ་ཕྱོགས་ཧུན་སུར་གཞིས་ཆགས་སུ་ཆིབས་སྒྱུར་གནང་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པས་༼གསང་འདུས་རིགས་ལྔའི་འགྲེལ་བ༽ དང་༸པཎ་ཆེན་བློ་བཟང་ཆོས་རྒྱལ་གྱིས་མཛད་པས་༼རིགས་ལྔའི་འགྲེལ་བ༽བཅས་ཀྱི་བཀའ་ཆོས་གནང་རྒྱུ་ཡིན་འདུག

No comments:

Post a Comment