སྐལ་བཟང་དགྲ་འདུལ།
འདི་ལོ་རྒྱལ་བ་རིན་པོ་ཆེས་དགའ་ལྡན་ཕོ་བྲང་གི་སྲིད་དབང་མཇུག་སྒྲིལ་བའི་ཆབ་སྲིད་ཀྱི་འགྱུར་བ་ཆེན་པོ་བཏང་བ་ནི་ཧ་ཅང་རླབས་ཆེ་ཞིང་གལ་ཆེ་བ་ཞིག་རེད། འགྱུར་བ་བཏང་བའི་དགོས་པ་རྒྱུ་མཚན་གང་ཡིན་མིན་དེ་རྒྱལ་བ་རིན་པོ་ཆེས་སྔ་རྗེས་གསུངས་ཚར་པ་རེད། གང་གསུངས་ཡོད་མིན་ཐད་དཔེ་མཚོན་འགའ་ཤས་བགྲང་ན། དངོས་གནས་དམངས་གཙོའི་ལམ་ཐོག་བསྐྱོད་དགོས། རྒྱལ་པོ་དང་བླ་མས་སྲིད་དབང་སྐྱོང་བའི་དུས་ཚོད་ཡོལ་ཟིན་པ་རེད། སྔ་ཕྱི་མ་གཏོགས་ང་མེད་པ་ཆགས་ཀྱི་རེད། ད་ལྟ་ནས་ཁྱེད་རང་ཚོས་འགན་ཁྱེར་ཐུབ་པ་དགོས། རྒྱ་མི་གུང་ཁྲན་གྱིས་ཏཱ་ལའི་བླ་མ་ཤི་སྒུག་བརྒྱབ་ནས་བསྡད་ཡོད་རེད། ཏཱ་ལའི་བླ་མ་ཤི་ན་བོད་དོན་ཡལ་འགྲོ་ཡི་རེད་ལབ་ཀྱི་ཡོད་རེད། འདི་དག་ཁྲོད་ལས་དོན་སྙིང་གལ་ཆེ་ཤོས་དེ་ནི་མ་འོངས་པ་རྒྱལ་བ་རིན་པོ་ཆེ་འདས་གྲོངས་རྗེས། བོད་མི་དམངས་ལ་དཀའ་ངལ་ལམ་ཉེན་ཁ་མང་པོ་ཞིག་འཕྲད་སྲིད་པ་གཟིགས་ཏེ་དེ་དག་ལས་སྐྱོབ་པ་བྱེད་པ་དེ་རེད། རྒྱ་ནག་གཞུང་གིས་ཀྱང་ “བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས” ཟེར་བ་གཏན་འབེབ་བྱས་པ་སོགས་འཕྲད་སྲིད་པའི་ཉེན་ཁ་དེ་དག་ཁྲོད་ཁེ་ཕན་ཇི་ལྟར་ལེན་མིན་གྱི་ལས་དོན་སྒྲིག་གིན་ཡོད་པ་གསལ་པོ་རེད། རྒྱལ་བ་རིན་པོ་ཆེའི་ཐུགས་རེ་བཞིན་དམིགས་ཡུལ་འདི་འགྲུབ་ཐུབ་ཀྱི་རེད་དམ་མ་རེད། མ་འོངས་པ་རྒྱལ་བ་རིན་པོ་ཆེ་འདས་རྗེས་བོད་ཀྱི་སྤྱི་ཚོགས་ལ་འཕྲད་སྲིད་པའི་དཀའ་ངལ་གང་ཡོད་རེད་དམ།
འཛམ་བུ་གླིང་གི་མི་རིགས་དང་རྒྱལ་ཁབ་གང་གི་ལོ་རྒྱུས་ལ་བལྟས་ཀྱང་། སྲིད་དབང་རྙིང་པ་མེད་པ་གྱུར་བ། ཤུགས་རྐྱེན་ཅན་གྱི་དབུ་ཁྲིད་འདས་གྲོངས་ཕྱིན་པ། བསམ་བློ་གསར་རྙིང་འགྱུར་བ་ཐེབས་པ་སོགས་ལོ་རྒྱུས་ཀྱི་དཀྱོག་མཚམས་རེར། སྟོབས་ཤུགས་རྙིང་པའི་ཚབ་བྱེད་ཀྱི་སྟོབས་ཤུགས་གསར་པ་ཞིག་སྲ་བརྟན་མ་འབྱུང་བར་སྤྱི་ཚོགས་བརྟན་ལྷིང་མེད་པ། ཟང་ངེ་ཟིང་ངེའི་ནང་གནས་ཀྱི་ཡོད་པ་ནི་ཆོས་ཉིད་རེད། དཔེ་མཚོན་ཞིག་བཀོད་ན། ད་ལྟ་ང་ཚོ་ཚང་མས་མཐོང་བཞིན་པའི་བལ་ཡུལ་གྱི་གནས་སྟངས་འདི་ལས་གསལ་པོར་ཤེས་ཐུབ། སྲིད་གཞུང་རྙིང་པ་རྒྱལ་པོའི་སྲིད་དབང་མེད་པ་གྱུར་ནས་ད་ལྟ་བར་སྲིད་དབང་བརྟན་པོ་ཞིག་འཛུགས་མ་ཐུབ་པར་གནས་ཡོད། རྒྱ་ནག་སྤྱི་ཚོགས་ལ་མཚོན་ན་ཡང་། ༡༩༡༡ ལོར་མན་ཇུའི་སྲིད་དབང་མགོ་རྟིང་བསློགས་རྗེས། འཕྲལ་མར་གཞུང་བརྟན་པོ་ཞིག་བྱུང་མེད་པ། ༡༩༤༩ ལོར་དམར་པོའི་སྲིད་དབང་མ་བཙུགས་བར་སྤྱི་ཚོགས་ཟང་ངེ་ཟིང་ངེའི་ནང་ཕྱིན་པ་རེད། ས་གནས་རེར་དཔོན་པོ་རེས་ཡུལ་ལུང་བཅད་བཟུང་བྱས་ནས་གཅིག་འོག་གཅིག་མ་འདུས་པ། ལྷག་པར་གོ་མིན་ཏང་དང་གུང་ཁྲན་ཏང་དབར་ནང་འཁྲུག་བརྒྱབ་པ་སོགས་བྱུང་ཡོད། བོད་རང་གི་འདས་པའི་ལོ་རྒྱུས་ལ་མཚོན་ཡང་། ལོ་རྒྱུས་ཀྱི་དཀྱོག་མཚམས་ཆེན་པོ་ཞིག་སྟེ་སྤྱི་ལོ་ ༨༤༢ ལོར་བཙན་པོའི་སྲིད་དབར་ཐོར་བ་ནས་ལོ་བརྒྱ་ཕྲག་མང་པོའི་རིང་བོད་དེ་གཅིག་འོག་གཅིག་མ་འདུས་པར་སིལ་བུར་གནས་ཡོད། གོང་དུ་བརྗོད་པ་འདི་དག་ལྟར། ད་ལྟ་བོད་ཀྱི་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྱུར་བ་ཆེན་པོ་འགྲོ་བའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཆེན་པོ་ཞིག་བརྒྱུད་བཞིན་ཡོད། འདི་འདྲའི་ལོ་རྒྱུས་དཀྱོག་མཚམས་ལ། ལྷག་པར་མ་འོངས་པ་རྒྱལ་བ་རིན་པོ་ཆེ་འདས་རྗེས་བོད་ཀྱི་སྤྱི་ཚོགས་ནང་འཕྲད་སྲིད་པའི་ཉེན་ཁ་གང་ཡོད་མིན་ཐད། ངའི་བསམ་པར་ཆེ་ས་ནས་བཤད་ན། གཙོ་བོ་ཕྱོགས་གཉིས་ནས་རེད། གཅིག་ནི་སྒང་གི་སྣེ་ཁྲིད་མཁན་གྱི་གཞུང་བརྟན་པོ་མེད་པ། ཟང་ངེ་ཟིང་ངེའི་ནང་དུ་གནས་སྲིད་པ། གཞན་ཞིག་ནི་མི་དམངས་གཞུང་གི་རྗེས་སུ་འབྲང་མི་ཐུབ་པ། བློ་སེམས་གཅིག་ཏུ་སྒྲིལ་མི་ཐུབ་པ་དེ་རེད།
དང་པོ། སྒང་སྣེ་ཁྲིད་མཁན་ཁྲོད་བརྟན་པོ་མེད་པ་ཆགས་སྲིད་པ་དེའི་ཐད་བརྗོད་ན། སྤྱིར་ད་ལྟ་བཙན་བྱོལ་བོད་གཞུང་འདི་ལ་འཛིན་སྐྱོང་དང་གྲོས་ཚོགས་སོགས་ལྡན་པའི་སྒྲོམ་གཞི་གང་འཚམས་འཐུས་སྒོ་ཚང་པོ་ཡོད། འོན་ཀྱང་ད་དུང་བརྟན་པོ་ཞིག་མ་རེད། ལོ་རྒྱུས་ཀྱི་དཀྱོག་མཚམས་བརྒལ་ཟིན་པའི་སྒྲོམ་གཞི་ཞིག་མ་རེད། འགྱུར་བ་གཏོང་དགོས་པ་མང་པོ་ཡོད། བསྒྱུར་བཅོས་གཏོང་སྟངས་ཐད། སྤྱི་ཚོགས་ནང་བསམ་ཚུལ་ཡོད། གྲོས་ཚོགས་ལྟ་བུར་མཚོན་ན། ཁ་ཤས་ཀྱིས་ཆོལ་ཁ་དང་ཆོས་ལུགས་སྤྱི་འཐུས་དགོས་ཀྱི་མི་འདུག་ཆབ་སྲིད་ཚོགས་པའི་ཐོག་ནས་འགྲོ་དགོས་བརྗོད་པ། ཁ་ཤས་ཀྱིས་ས་གནས་མི་འབོར་གཞིར་བཟུང་འཐུས་མི་འོང་དགོས་བརྗོད་པ། ཁ་ཤས་ཀྱིས་ཆོལ་ཁའི་སྤྱི་འཐུས་མུ་མཐུད་གནས་དགོས། གྲོས་ཚོགས་གོང་འོག་གཉིས་བཟོ་དགོས་བརྗོད་ཀྱི་ཡོད། འཛིན་སྐྱོང་དབུ་ཁྲིད་ཐད་བརྗོད་ན། ད་ལྟ་རྒྱལ་བ་རིན་པོ་ཆེས་དགའ་ལྡན་ཕོ་བྲང་སྲིད་དབང་མཇུག་བསྒྲིལ་ནས་མ་འོངས་བོད་ཀྱི་དབུ་ཁྲིད་དེ་འོས་འདེམས་བྱེད་པའི་མི་སྣས་གནང་རྒྱུ་ལས་སྔར་བཞིན་རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་། དེ་བཞིན་ཆོས་ལུགས་དབུ་ཁྲིད་གཞན་པར་རྩིས་སྤྲོད་བྱ་བ་སོགས་ཀྱི་གནས་ཚུལ་དེ་མེད་པ་ཆགས་པ་རེད། དེ་ནི་རླབས་ཆེན་པོ་ཞིག་དང་དོན་སྙིང་ལྡན་པ་ཞིག་རེད། འོན་ཀྱང་མ་འོངས་པར་ཆབ་སྲིད་ཚོགས་པ་འཐོན་ཚེ་འོས་བསྡུའི་འགྲོ་སྟངས་སོགས་ཀྱི་ཐད་འགྱུར་བ་དང་ཤུགས་རྐྱེན་ཡོད་པ་རེད། དེ་བཞིན་འགའ་ཤས་ཀྱིས་ད་ལྟ་ང་ཚོ་དམངས་གཙོ་ལས་འཐབ་རྩོད་གལ་ཆེ་མིན་ནམ། ལྷག་པར་ཆབ་སྲིད་ཚོགས་པ་མང་པོ་འཐོན་ན། སྤྱིའི་ཁེ་ཕན་ལས་ཚོགས་པའི་ཁེ་ཕན་ཤུགས་ཆེ་འཛིན་ནས་ལས་དོན་འཐུས་ཤོར་གཏོང་གི་རེད་ཅེས་གསུངས་ཀྱི་ཡོད། འགའ་ཤས་ཀྱིས་ཆབ་སྲིད་ཚོགས་པ་མེད་ན་དམངས་གཙོ་མ་རེད་ཀྱང་གསུངས་ཀྱི་ཡོད། མདོར་ན། གཞུང་གི་སྒྲོམ་གཞི་བརྟན་པོ་ཞིག་བཟོ་མ་ཐུབ་ཚེ་མ་འོངས་པའི་ལམ་ཁ་འགྲོ་ཕྱོགས་དང་ལྟ་བ་འཛིན་སྟངས་སོགས་ཀྱི་ཐད་ནས། ཁ་ཤས་ཀྱིས་ཤར་ལ་འགྲོ་དགོས་རེད་ཟེར་བ་དང་ཁ་ཤས་ཀྱིས་ནུབ་ལ་འགྲོ་དགོས་རེད་བརྗོད། སྐབས་དེར་ཤུགས་རྐྱེན་ལྡན་པའི་དབུ་ཁྲིད་གཅིག་མེད་སྟབས་སུ་གང་གི་བཀོད་པའི་འོག་འགྲོ་མི་ཐུབ་པར་གཅིག་འོག་གཅིག་མ་འདུས། ཟང་ངེ་ཟིང་ངེའི་ནང་ཚུད་རྒྱུའི་ཉེན་ཁ་ཡོད་པ་ཧ་ཅང་གསལ་པོ་རེད། ཐ་ན་ཤོག་ཁག་འདྲ་མིན་ཆགས་ནས་འདི་བོད་གཞུང་ཡིན། དེ་བོད་གཞུང་ཡིན་བརྗོད་ནས་གཞུང་ཁོ་རང་གཉིས་གསུམ་ཡང་འཐོན་སྲིད་པ་རེད། གོང་དུ་བརྗོད་པ་ལྟར། གལ་སྲིད་གཞུང་དང་དབུ་ཁྲིད་མཁན་བརྟན་པོ་མེད་པ་ཆགས་པ་ཡིན་ན། མི་དམངས་ཁ་ཐོར་རྒྱུ་ལས་གཅིག་སྒྲིལ་བྱེད་པ་དང་ནུས་པ་གདོན་རྒྱུ་ཡོང་ཐབས་མེད་པ་ནི་བཤད་མ་དགོས་པ་རེད།
གཉིས་པ། གལ་སྲིད་གྲ་སྒྲིག་དང་འབད་བརྩོན་འཐུས་ཚང་བྱས་པ་བརྒྱུད་མ་འོངས་པར་སྒང་ནས་དབུ་ཁྲིད་མཁན་གྱི་གཞུང་བརྟན་པོ་ཞིག་དང་དབུ་ཁྲིད་ནུས་ལྡན་ཡོད་ཀྱང་། མི་དམངས་ཀྱིས་བློ་གཏད་ནས་རྗེས་སུ་འབྲང་རྒྱུ་དཀའ་ལས་ཡོད། གང་ཡིན་ཞེ་ན། བོད་མི་རིགས་ཀྱི་སྲོལ་རྒྱུན་བསམ་བློའི་ནང་ཆོས་ལུགས་དང་བླ་མར་དད་པ་བྱེད་པ་ལས་གཞུང་དང་དབུ་ཁྲིད། བོད་མི་རིགས། བོད་རྒྱལ་ཁབ་འདི་དག་ལ་ཆེ་མཐོང་སྤྲད་པ་དང་དགའ་ཞེན་བྱེད་སྲོལ་ཤིག་ཧ་ལམ་མེད་པ་རེད། མི་རིགས་དང་རྒྱལ་ཁབ་ཅེས་པའི་འདུ་ཤེས་ཀྱང་དེ་ཙམ་མེད། ད་ལྟ་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གཙོ་བོ་དེ་ཆོས་ལུགས་རེད། དེའི་མཚོན་རྟགས་ནི་རྒྱལ་བ་རིན་པོ་ཆེ་རེད། མ་འོངས་པ་རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་སྐབས་གང་ཆགས་སྲིད་དམ། མིག་སྔར་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན། རྡ་རམ་ས་ལར་གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོ་འཚོགས་སྐབས། རྒྱལ་བ་རིན་པོ་ཆེ་མེད་པ་ཡིན་ན་བཀའ་བློན་ཁྲི་པ་སོགས་སུ་ཕེབས་ཀྱང་མི་དམངས་མཉམ་ཞུགས་བྱེད་ནས་ཕེབས་མཁན་ཤིན་ཏུ་ཉུང་ཉུང་རེད། གལ་སྲིད་སློབ་གྲྭ་ཁག་ནས་སྒྲིག་ཁྲིམས་ཀྱིས་དེད་དེ་མངགས་གཏོང་བྱས་པའི་སློབ་ཕྲུག་མེད་ཚེ་སྡིངས་ཆའི་སྒང་གི་མི་གྲངས་དང་འོག་གི་མི་དམངས་གྲངས་འབོར་གཉིས་འདྲ་པོ་འདྲ་པོ་ཆགས་ནས་ཕལ་ཆེར་མཛད་སྒོ་འཚོགས་ཐབས་མེད་པ་རེད། རྒྱལ་བ་རིན་པོ་ཆེས་གློ་ཞིག་བརྒྱབ་ཀྱང་ཧ་ལམ་གསར་འགྱུར་བརྒྱུད་ལམ་ནང་འཐོན་གྱི་ཡོད། འོན་ཀྱང་བཀའ་བློན་ཁྲི་པ་སོགས་གཞུང་གི་དབུ་ཁྲིད་ཀྱི་མཛད་འཆར་ཐད་ལ་མི་དམངས་ནས་དོ་སྣང་ཡོད་མ་རེད་ལ། ཐ་ན་བཙན་བྱོལ་ཁྲོད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་དེ་དག་བདག་པོ་དེ་ཙམ་རྒྱག་གི་མེད། དེ་བཞིན་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཚོགས་གཙོ་སོགས་ཕྱི་རྒྱལ་དུ་ཕེབས་ནས་བོད་མི་རྣམས་ལ་གསུངས་བཤད་གནང་དགོས་ཚེ། གཙོ་བོ་རྒྱལ་བ་རིན་པོ་ཆེའི་མཛད་འཆར་བསྟུན་ནས་ཕེབས་ཀྱི་ཡོད། དེ་ལྟར་མ་བྱས་ཚེ་མི་དམངས་འཛོམས་ནས་གསུངས་བཤད་གནང་རྒྱུ་དཀའ་ལས་ཁག་པོ་རེད།
བོད་ནང་གི་བོད་མི་ཚོར་མཚོན་ན་ཡང་མང་ཆེ་བ་དེ་ལྟར་རེད། ད་ལྟ་བར་སྐད་འབོད་རྒྱག་མཁན་དང་རང་ལུས་མེར་བསྲེགས་གཏོང་མཁན་དེ་ཚོ་ཡོངས་ཁུངས་ཀྱི་ཆ་ནས་མང་ཆེ་བ་གཞི་རིམ་མང་ཚོགས་རེད། དེའི་ནང་ནས་གྲྭ་བཙུན། དེའི་ནང་ནས་དགེ་ལུགས་པའི་གྲྭ་བཙུན་རེད། ལས་བྱེད་དམ་ཤེས་ཡོན་ཆུ་ཚད་གང་འཚམས་ཡོད་པའི་ཁྲོད་ལངས་མཁན་ཧ་ཅང་ཉུང་ཉུང་རེད། འདུ་ཤེས་ཐད་ནས་བརྗོད་ན། གཙོ་བོ་ཆོས་ལུགས་འདུ་ཤེས་སྒང་ནས་ཡར་ལངས་བྱས་པ་རེད། འབོད་ཚིག་གཙོ་བོ་ནི་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། སྐུ་ཚེ་ཁྲི་ལོ་བརྟན་པ་ཤོག་ཅེས་པ་དེ་རེད། བོད་ནང་བོད་མིའི་ཁྲོད་ནས་ཕྱི་སྐྱོད་ལག་ཁྱེར་ཐབས་ཤེས་བྱས་ཏེ་ལོ་ལྟར་མི་མང་པོ་ཞིག་རྒྱ་གར་ལ་འོང་བསྡད་ཀྱི་ཡོད། འདི་བརྒྱུད་བོད་གཞིས་བྱེས་གཉིས་བར་གྱི་འབྲེལ་བ་དེ་ཡོང་གི་ཡོད། ཁོང་ཚོས་དཀའ་ལས་བརྒྱབ་སྟེ་འོངས་བའི་དམིགས་ཡུལ་གཙོ་བོ་རྒྱལ་བ་རིན་པོ་ཆེ་མཇལ་རྒྱུ་དེ་ཡིན། བོད་ཕྱི་ནང་གཉིས་ཀྱི་བོད་མིའི་བསམ་བློའི་འཁྱེར་སོ་འདི་འདྲའི་འོག་ནས་མ་འོངས་པར་རྒྱལ་བ་རིན་པོ་ཆེ་དགོངས་པ་རྫོགས་རྗེས། གལ་སྲིད་སྒང་གི་བོད་གཞུང་དང་དབུ་ཁྲིད་བརྟན་པོ་ཞིག་ཡོད་ཀྱང་མི་དམངས་ཀྱིས་བློ་ག་ཚོད་ཕྱོགས་ཐུབ་ཀྱི་རེད། འཐབ་རྩོད་ནང་ག་ཚོད་ཞུགས་ཀྱི་རེད་དམ།
གོང་དུ་བརྗོད་པ་ལྟར། གལ་སྲིད་ད་ལྟ་གདོང་ལེན་གྱི་གྲ་སྒྲིག་ལེགས་པོ་ཞིག་མ་བྱུང་པ་བརྟེན་རྒྱལ་བ་རིན་པོ་ཆེ་འདས་གྲོངས་རྗེས། བོད་མི་དམངས་རྣམས་སྤོ་ལོ་ཕུ་ཤོར་བ་ལྟར་གྱུར། གཞུང་དང་དབུ་ཁྲིད་ཀྱི་རྗེས་སུ་འབྲང་མ་ཐུབ་པ། གཅིག་སྒྲིལ་ནུས་པ་གདོན་མ་ཐུབ་ན། རྩ་དོན་དང་འཐབ་རྩོད་ལ་གྱོང་གུད་ཆེན་པོ་ཞིག་ཡིན་པ་ནི་བཤད་མ་དགོས་པ་རེད། དེ་བཞིན་སྒང་གི་དབུ་ཁྲིད་མཁན་གཞུང་བརྟན་པོ་མེད་པར་ཟང་ངེ་ཟིང་ངེའི་ཁྲོད་དུ་ལྟུང་ཚེ། གཅིག་བྱས་ན་ལོ་མང་པོ་ཞིག་གི་རྗེས་གཞི་ནས་གཅིག་སྒྲིལ་དང་བརྟན་པོ་བྱ་ཐུབ་སྲིད་པ་རེད། གཅིག་བྱས་ན་གཅིག་སྒྲིལ་ཞིག་གཏན་ནས་བྱ་མི་ཐུབ་པར་དུས་དེ་ནས་བཟུང་བོད་བསྐྱར་གསོ་དང་བོད་མིས་ཡར་ལངས་བྱེད་པའི་ལས་འགུལ་དེ་ནུས་པ་འཐོར་ཏེ་རིམ་པས་ཡལ་སྲིད།
འོ་ན་གནས་སྟངས་འདི་འདྲ་ཞིག་མི་འབྱུང་བར་སྔོན་འགོག་ཆེད་དུ་གང་བྱས་ཡོད་རེད། གང་བྱ་རྒྱུ་ཡོད་རེད་དམ། ད་ལྟ་བར་འདིའི་ཐོག་གྲ་སྒྲིག་བྱེད་མཁན་རྒྱལ་བ་རིན་པོ་ཆེ་མ་གཏོགས་མེད་པ་རེད། རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་འཚབ་ཆེན་པོ་ཞིག་སྐྱེ་ཡི་ཡོད་པ། ད་ལོ་དགའ་ལྡན་ཕོ་བྲང་གི་སྲིད་དབང་མཇུག་བསྒྲིལ་བ་དང་བོད་གཞུང་གི་མིང་རྗེ་པོ་བརྒྱབ་པ་སོགས་ཆབ་སྲིད་བཅོས་སྒྱུར་གནང་བ་དེ་གཙོ་བོ་ཉེན་ཁ་འདི་དག་གདོང་ལེན་བྱ་རྒྱུའི་ཆེད་དུ་ཡིན་པ་གསལ་དུ་གསལ་དུ་འགྲོ་ཡི་འདུག དཔེར་ན། སྤྱི་ཟླ་ ༧ པའི་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཏྲོན་ལ་དུས་འཁོར་དབང་ཆེན་གནང་བ་དང་བསྟུན། ཨ་རིའི་གཞུང་ལ་མ་འོངས་པར་བོད་རྒྱ་ཞི་མོལ་ཐད་རྒྱ་ནག་གཞུང་དང་བཀའ་མོལ་གནང་མཁན་དེ་སྔོན་ལྟར་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་མ་ཡིན་པར་ “བོད་མིའི་སྒྲིག་འཛུགས” ཀྱི་སྐུ་ཚབ་ལྷན་བཀའ་མོལ་གནང་རྒྱུར་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུས་ཡོད། ཡིན་ཡང་སྲིད་འཛིན་ཨོ་བྷ་མ་ཡིས་འདིའི་ཐོག་རྒྱབ་སྐྱོར་གནང་མེད། སྐུ་ཚབ་དེ་སྔར་བཞིན་རྒྱལ་རིན་པོ་ཆེའི་སྐུ་ཚབ་ཡིན་དགོས་སྐོར་བརྗོད་ཡོད། དེ་བཞིན་ཉེ་སྔོན་ཟླ་བ་ ༡༡ ནང་རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་ནས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད། དེའི་སྙིང་དོན་ནི་ཁོང་རང་ཉིད་ངོས་ནས་སྔར་ལྟར་མ་ཡིན་པར། བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་གནད་དོན་ཐད་ཨ་རི་དང་དེ་མིན་གཞུང་གཞན་ལ་འབྲེལ་བ་བྱེད་རྒྱུའི་ལས་དོན་མཚམས་འཇོག་བྱས་ཟིན། དེ་དག་ཚང་མ་བོད་ཀྱི་དོན་གཅོད་ཁང་ནས་འགན་འཁུར་གྱི་ཡོད་ཅེས་པ་དེ་རེད། གོང་གསལ་དཔེ་མཚོན་འདི་གཉིས་ནས་གསལ་པོ་མཐོང་ཐུབ་པ་ནི། མ་འོངས་པ་རྒྱལ་བ་རིན་པོ་ཆེ་མ་བཞུགས་པ། རྒྱལ་བ་རིན་པོ་ཆེའི་མཚན་གནས་བེད་སྤྱོད་བྱ་རྒྱུ་མེད་པའི་སྐབས་ལ་ཡང་། བོད་རྒྱ་ཞི་མོལ་བྱ་ཐུབ་པ། དོན་གཅོད་ཁག་ཀྱང་ཕྱིའི་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་ཡོད་པའི་ཐོག་སྔར་བཞིན་འཁོར་སྐྱོད་ཐུབ་པ་བྱ་བ་དེ་ཡིན།
རྒྱལ་བ་རིན་པོ་ཆེ་ཕུད་པའི་སྒང་འོག་བར་གསུམ་ཁྲོད། གྲ་སྒྲིག་ལྟ་ཅི་ཐ་ན་ལོ་རྒྱུས་ཀྱི་དཀྱོག་མཚམས་འདི་འདྲ་ཞིག་ལ་ཉེན་ཁ་དང་དཀའ་ངལ་མང་པོ་ཞིག་འབྱུང་གི་ཡོད་པ་དེ་བསམ་བློའི་ནང་ར་ཡག་པོ་ཞིག་མ་འཕྲོད་པ། ཡང་ན་ལྷོད་གཡེང་ཤོར་བ། ཡང་ན་གདེང་ཚོད་དང་བློ་སྟོབས་ཀྱི་མ་འདང་པར་གླེང་མ་ཐུབ་པར་ལུས་ཡོད། ན་ནིང་ཟླ་བ་དགུ་པ་ཡན་མན་ནས་བཟུང་རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་བཅོས་སྒྱུར་དེ་འདྲ་ཞིག་གནང་རྒྱུའི་བཀའ་གནང་འགོ་བཙུགས་པ་རེད། བཀའ་གནང་བ་ནས་ད་ལོ་སྤྱི་ཟླ་ལྔ་པར་དངོས་སུ་འགྱུར་བ་མ་བཏང་བར་རྩ་བའི་ཆ་ནས་འཛིན་སྐྱོང་རེད། གྲོས་ཚོགས་རེད། དེ་བཞིན་མི་དམངས་ཚང་མས་དེ་འདྲའི་དགོངས་བཞེས་མི་གནང་རོགས། དེ་འདྲའི་བཀའ་གནང་བ་ཡིན་ན་ཉིན་མོའི་ཟས་ལ་བྲོ་བ་མི་འདུག མཚན་མོའི་གཉིད་ཁུག་གི་མི་འདུག གསོལ་བ་ཕུར་ཚུགས་སུ་འདེབས་ཀྱི་ཡོད་བརྗོད་པ་རེད། ཡིན་ཡང་སྟབས་ཡག་པ་ཞིག་ལ་རྒྱལ་བ་རིན་པོ་ཆེས་རྩ་བ་ཉིད་ནས་གསན་མེད། འགྱུར་བ་བཏང་བ་ནས་ད་ལྟའི་བར་ལ་མཚོན་པ་ཡིན་ནའང་། ལས་ཀྱི་སྣེ་མོ་བ་དང་ཤེས་ཡོན་པའི་ཁྲོད་དུ་འདིའི་ཐོག་རིམ་པས་གོ་རྟོགས་སད་པ་དང་། མ་འོངས་པའི་ཉེན་ཁ་དེ་དག་གདོང་ལེན་ཆེད་རང་འགུལ་གྱིས་གྲ་སྒྲིག་བྱེད་པའི་རྣམ་པ་ཞིག་མཐོང་རྒྱུ་མེད། གྲ་སྒྲིག་ལས་དོན་རྒྱལ་བ་རིན་པོ་ཆེ་གཅིག་པུས་གནང་ཞིང་མར་བཙན་འགེལ་གནང་བ་ལྟ་བུ་ཆགས། གཤམ་འོག་ནས་མུ་མཐུད་དེའི་དགོས་པ་དང་རིན་ཐང་ངོས་བཟུང་མ་ཐུབ་པ། མཉམ་ཞུགས་མེད་པ། རང་འགུལ་མེད་པ་ལྷག་ཚེ་ནུས་པ་འཐོན་རྒྱུ་དང་དམིགས་ཡུལ་འགྲུབ་རྒྱུ་ཧ་ཅང་ཁག་པོ་རེད། འགྲུབ་མི་ཐུབ་བརྗོད་ཀྱང་མི་ཆོག་པ་གང་ཡང་མེད།
འོ་ན་མི་དམངས། ལྷག་པར་ལས་ཀྱི་སྣེ་མོ་བ་དང་ཤེས་ལྡན་པ་ཚོས་རང་ངོས་ནས་གྲ་སྒྲིག་གང་བྱ་དགོས་སམ་ཞེ་ན། ཐོག་མར་བསམ་བློའི་གོ་རྟོགས་སད་དགོས། བོད་ཀྱི་ལོ་རྒྱུས་དཀྱོག་མཚམས་འདི་འདྲ་ཞིག་ལ་དཀའ་ངལ་ལམ་ཉེན་ཁ་མང་པོ་ཞིག་འཕྲད་ཀྱི་ཡོད་པ། རྒྱལ་བ་རིན་པོ་ཆེ་འདས་གྲོངས་རྗེས་དེ་དག་ཕྱིར་མངོན་ནས་ཐ་ན་སྤྱི་ཚོགས་རྦད་དེ་ཁ་ཐོར་བའི་ཉེན་ཁ་ཡོད་པ། ད་ལྟ་བར་ཆབ་སྲིད་བཅོས་སྒྱུར་འདི་འདྲ་ཞིག་གཏོང་བའི་དགོས་པ་དང་གལ་འགངས་ར་མ་འཕྲོད་པ། རང་ངོས་ནས་གྲ་སྒྲིག་གང་ཡང་མེད་པ། ཐ་ན་རྒྱལ་བ་རིན་པོ་ཆེའི་གྲ་སྒྲིག་ལས་དོན་ལ་གསོལ་བ་ཕུར་ཚུགས་སུ་འདེབས་ཡིན་བརྗོད་ནས་འགོག་རྐྱེན་བཟོ་བ་ནི་ནོར་འཁྲུལ་ཡིན་པ། རྗེས་ལུས་ཡིན་པ། བླུན་པོའི་ངང་ཚུལ་ཡིན་པ་བསམ་བློའི་ནང་ནོངས་འགྱོད་དང་བཅས་པའི་ཐོག་ནས་གསལ་པོར་ར་འཕྲོད་དགོས།
གཉིས་པ། སྒང་གི་གཞུང་དང་དབུ་ཁྲིད་བརྟན་པོ་མེད་པ་ཟང་ངེ་ཟིང་ངེ་མི་འབྱུང་བའི་ཆེད་གང་བྱ་དགོས་སམ། འདིའི་ཐོག་འཚམས་ཤོས་འདི་རེད། འདི་བྱེད་དགོས་ཞེས་ཞིབ་ཕྲའི་ཐབས་ལམ་གང་ཡང་བཤད་ཤེས་ཀྱི་མི་འདུག འོན་ཀྱང་སྤྱིའི་ཆ་ནས་བཤད་ན། ཞིབ་ཕྲའི་ཐབས་ལམ་འཚོལ་བའི་ཆེད་དུ་ཤེས་ཡོན་པ་དང་ལས་ཀྱི་སྣེ་མོ་བ་ཚོའི་ངོས་ནས། བཙན་བྱོལ་སྤྱི་ཚོགས་ཀྱི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་སྒྲོམ་གཞི་དེ་ད་ཡོད་རྨང་གཞིའི་ཐོག་ད་དུང་ལེགས་བཅོས་གང་དགོས་ཐད་དོན་ཕན་ལྡན་པའི་ཉམས་ཞིབ་དང་། བགྲོ་གླེང་འགོ་འཛུགས་ཏེ་དུས་ཀྱི་འགྱུར་འགྲོས་དང་མཐུན་ལ་སྐབས་བབ་བོད་ཀྱི་ལོ་རྒྱུས་དང་འཚམས་པའི་སྒྲོམ་གཞི་བརྟན་པོ་ཞིག་གཏོད་དགོས། དེ་བཞིན་མཁས་མཛངས་ནུས་པ་ལྡན་པའི་དབུ་ཁྲིད་དཔུང་སྡེ་གསོ་སྐྱོང་བྱ་རྒྱུ་གལ་ཆེ།
གསུམ་པ། དཀའ་ངལ་གཉིས་པ་སྟེ་མ་འོངས་པ་རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་སྐབས་ལ་གང་འདྲ་བྱས་ནས་མི་དམངས་རྣམས་གཞུང་དང་དབུ་ཁྲིད་ལ་དགའ་ཞེན་དང་རྗེས་སུ་འབྲང་བར་བྱ་ཐུབ་བམ། དྲིལ་བསྒྲགས་ཀྱི་ལས་དོན་རྒྱ་ཆེ་ཞིག་སྤེལ་ཏེ་བོད་མིའི་སྲོལ་རྒྱུན་བསམ་བློའི་ནང་འདུ་ཤེས་གསར་པ་བླུགས་པ་དང་སྲ་བརྟན་གཏོང་དགོས། འདུ་ཤེས་དེ་དག་ནི་བོད་གཞུང་དང་དབུ་ཁྲིད། བོད་མི་རིགས། བོད་རྒྱལ་ཁབ། རང་དབང་རང་བཙན། བོད་ཀྱི་རིག་གཞུང་། ཚན་རིག དམངས་གཙོ་སོགས་ཡིན་དགོས། ལོ་རྒྱུས་ཀྱི་དཀྱོག་མཚམས་འདིའི་ནང་བོད་མིའི་བསམ་བློ་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་པ་རེད། འདུ་ཤེས་འདི་དག་བོད་མིའི་བསམ་བློའི་ནང་གང་འཚམས་སླེབས་ནས་འཐབ་རྩོད་ཀྱི་སྟོབས་ཤུགས་གང་འཚམས་ཆགས་ཡོད། འོན་ཀྱང་། ལོ་ངོ་སྟོང་ཕྲག་གི་བག་ཆགས་ལ་འགྱུར་བ་དང་ད་ལྟ་རྒྱལ་བ་རིན་པོ་ཆེ་བཞུགས་པའི་སྐབས། བོད་དོན་གྱི་སྟོབས་ཤུགས་གཙོ་བོ་དེ་ཆོས་ལུགས་ཡིན་པ་ནས་མི་རིང་བར་འདུ་ཤེས་གསར་པ་འདི་དག་གིས་ཚབ་བྱེད་ཐུབ་པ་དགོས་པ་ནི་ལས་སླ་པོ་ཞིག་མ་རེད། དེར་བརྟེན་འདུ་ཤེས་འདི་དག་སྤེལ་ཆེད་གཞས་དང་རྩོམ་རིག བགྲོ་གླེང་སོགས་རྣམ་པ་འདྲ་མིན་གྱི་དྲིལ་བསྒྲགས་ཀྱི་ལས་དོན་ཤུགས་ཆེ་སྤེལ་དགོས། དྲིལ་བསྒྲགས་ཀྱི་ནུས་པ་ནི་ཧ་ཅང་ཆེན་པོ་རེད་ལ་མེད་དུ་མི་རུང་བའི་མཚོན་ཆ་ཞིག་རེད། རྒྱ་ནག་གཞུང་གིས་རང་ཉིད་བོད་ཀྱི་ས་ཐོག་ཏུ་དབང་སྒྱུར་ཐུབ་པ་དེ་གཙོ་བོ་རྒྱུ་རྐྱེན་གཉིས་ཏེ་དྲིལ་བསྒྲགས་དང་དམག་དཔུང་ཡིན་བརྗོད་ཀྱི་ཡོད། དོན་དངོས་ཐོག་ནས་དེ་ལྟར་རེད།
རྒྱ་གཞུང་གིས་“ཏཱ་ལའི་རུ་ཚོགས” དང་ “ཏཱ་ལ” ཞེས་བསྒྲགས་ནས་མིའི་སེམས་སུ་འདི་དག་འདྲེའི་གཟུགས་སུ་བཀོད་ཐུབ་པ་ལ། ང་ཚོས་གང་བྱེད་ནས་བོད་མིའི་སེམས་སུ་གཞུང་དང་དབུ་ཁྲིད་ཀྱི་གཟུགས་བརྙན་ལྷ་ལྟར་བསྒྱུར་མི་ཐུབ་བམ། གང་བྱེད་ནས་དེ་ལྟར་མི་བྱེད་དམ།འདུ་ཤེས་འདི་དག་ནི་མ་འོངས་བོད་མི་རིགས་སྒང་འོག་བར་གསུམ་གོང་བུ་གཅིག་ཏུ་སྒྲིལ་བའི་བསམ་བློའི་རྨང་གཞི། ཆོས་ལུགས་ཀྱི་ཚོས་མདོག་མེད་པའི་སྲིད་གཞུང་དང་དབུ་ཁྲིད་ཀྱི་མཚོན་རྟགས། དེ་བཞིན་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་མཐུན་པ་ཞིག་ཀྱང་རེད།
སྤྱིར་མ་འོངས་པའི་བོད་དོན་སྟོབས་ཤུགས་གཙོ་བོ་དེ་ད་ལྟའི་ཆོས་ལུགས་ནས་འདུ་ཤེས་གསར་པ་དག་གིས་ཚབ་བྱེད་ཀྱི་ཡོད། འོན་ཀྱང་ཆོས་ལུགས་ནི་སྔར་བཞིན་བོད་དོན་སྟོབས་ཤུགས་ཡིན་ལ་དེ་ནི་བོད་ཀྱི་རིག་གཞུང་གི་ཆ་ཤས་ཀྱང་རེད། ཡང་སྲིད་ཀྱི་གནད་དོན་གཙོ་བོ་རྒྱལ་བ་རིན་པོ་ཆེ་སྐུ་སྒེར་ནས་མཐའ་མའི་ཐག་གཅོད་ཀྱི་ཡིན་གསུངས་པ་ནི་ཧ་ཅང་འོས་ཤིང་འཚམས་པ་ཞིག་རེད། སྤྱི་ཟླ་དགུ་པའི་ནང་ཆོས་ལུགས་ཚོགས་འདུའི་སྐབས། ཡང་སྲིད་ཕེབས་མིན་མ་འོངས་པར་ཐག་གཅོད་ཀྱི་ཡིན་ཞེས་གསུངས་ཡོད། སྤྱིར་སྔར་ལྟར་མི་འདྲ་བར། བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ནང་འགའ་ཤས་ལ་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་དགོས་གལ་མེད་པ་ལྟ་བུར་གྱུར་ཡོད། འོན་ཀྱང་ངའི་བསམ་པར་སྤྱི་ཡོངས་ཀྱི་ཐོག་ནས་བཤད་ན་མ་འོངས་དུས་ཚོད་རིང་པོའི་ནང་ཡང་སྲིད་སྔར་བཞིན་དགོས་མཁོ་ཡོད་པ། ཕེབས་དགོས་པ་ཞིག་རེད། དེར་བརྟེན་བོད་གཞུང་དང་མི་དམངས་ངོས་ནས་ཀྱང་རྒྱལ་བའི་ཡང་སྲིད་བདག་པོ་བརྒྱབ་ཐུབ་པ་དགོས།
བཞི་པ། གྲ་སྒྲིག་ལས་དོན་ཕྱི་ལས་ནང་གལ་ཆེ། ད་ལྟ་ཕྱི་རྒྱལ་དོན་གཅོད་ཁང་དང་བོད་རྒྱ་ཞི་མོལ་དང་འབྲེལ་བའི་ལས་དོན་ཐད་རྒྱལ་བའི་མཚན་བེད་སྤྱོད་མ་བྱས་པར་རྒྱལ་སྤྱིའི་སྲིད་གཞུང་ཁག་གི་རྒྱབ་སྐྱོར་ཐོབ་ཐབས་བྱེད་པ་ནི་ཧ་ཅང་གལ་ཆེན་པོ་རེད། མུ་མཐུད་ཕྱིའི་རྒྱབ་སྐྱོར་དང་འབྲེལ་བའི་གནད་དོན་ཐོག་ཤུགས་བརྒྱབ་དགོས། འོན་ཀྱང་གཙོ་ཕལ་གྱི་ཆ་ནས་ལོ་རྒྱུས་ཀྱི་དཀྱོག་མཚམས་འདིའི་ཉེན་ཁ་གདོང་ལེན་བྱ་བར། རྒྱལ་སྤྱིའི་རྒྱབ་སྐྱོར་བཙལ་བ་སོགས་ཕྱི་ཕྱོགས་ཀྱི་གྲ་སྒྲིག་ལས་དོན་ལས་ནང་གི་གྲ་སྒྲིག་ལས་དོན་ལྡབ་བརྒྱ་ཕྲག་གི་གནད་འགག་ཆེ་བ་དང་མགོ་རྙོག་པ། དཀའ་ལས་ཆེ་བ་ཡོད། ནང་སྦོ་ལུག་ན་ཕྱིའི་སྟོབས་ཤུགས་གང་གིས་ཀྱང་བྱ་ཐབས་མེད། དེར་བརྟེན་ནུས་པ་དང་གྲ་སྒྲིག་ཤུགས་ཆེ་བ་ནང་གི་གྲ་སྒྲིག་ཐོག་བསྒྲིལ་རྒྱུ་ནི་ཧ་ཅང་གལ་ཆེ།
ལྔ་པ། ཤེས་ཡོན་པ་དང་ལས་ཀྱི་སྣེ་མོ་བ་ཚོས་ངག་སྒོ་ཡོངས་སུ་དབྱེ་སྟེ་བསམ་བློའི་སྣེ་ཁྲིད་གནང་དགོས། སྤྱིར་བོད་ཀྱི་སྤྱི་ཚོགས་འདི་ཕྱོགས་ཚང་མ་འགྱུར་བ་ཆེན་པོ་ཕྱིན་ཏེ་ད་ལྟ་ལོ་རྒྱུས་ཀྱི་དཀྱོག་མཚམས་ཆེན་པོ་ཞིག་བརྒྱུད་བཞིན་ཡོད། འོན་ཀྱང་གཏོང་བཞིན་པའི་སྤྱི་ཚོགས་བཅོས་སྒྱུར་གྱི་དགོས་མཁོའི་ཐོག་ནས་བཤད་ན། ཆ་རྐྱེན་མ་ཚང་བ་སྟེ་བསམ་བློའི་ཁྱབ་ཁོངས་ལ་ནག་ཐོམ་མེ་རེད། ཤེས་ཡོན་པ་དང་ལས་ཀྱི་སྣེ་མོ་བའི་བསམ་བློ་མ་སྨིན་པ་ཆབ་སྲིད་བཅོས་སྒྱུར་གྱི་དགོས་མཁོའི་རྗེས་སུ་ལུས་ཡོད། དངོས་གནས་བྱེད་ན་ཆབ་སྲིད་ཚོགས་པ་སོགས་གང་དགོས་ཀྱང་རང་བཞིན་གྱིས་འབྱུང་བ་དང་ནུས་པ་ལྡན་པ་ཞིག་ཆགས་དགོས་ལ། སྤྱི་ཚོགས་བཅོས་སྒྱུར་དང་གྲ་སྒྲིག་ལས་དོན་དག་ཀྱང་རང་ངོས་ནས་བྱ་དགོས་པ་ཞིག་རེད། འོན་ཀྱང་ད་ལྟ་བར་དེ་འདྲ་བྱུང་མེད།ཐ་ན་ཤེས་ཡོན་པ་དང་ལས་ཀྱི་སྣེ་མོ་བའི་ཁྲོད་ད་བར་དེ་དག་ཐད་གླེང་སློང་ཡང་ཉུང་ཉུང་ཧ་ལམ་མེད་པ་ལྟ་བུ་རེད། སྤྱི་ཚོགས་བཅོས་སྒྱུར་གང་འདྲ་ཞིག་ཡིན་ཡང་སྔོན་ལ་བསམ་བློའི་སྣེ་ཁྲིད་དགོས་པ་ནི་ཆོས་ཉིད་ཡིན། འདི་མེད་ན་སྤྱི་ཚོགས་བཅོས་སྒྱུར་ལ་བླ་སྲོག་མེད་པ་རེད།
ད་ལྟ་ལས་ཀྱི་སྣེ་མོ་བ་དང་ཤེས་ཡོན་པ་ཚོ་གཉིད་ལས་སད་དེ་བསམ་བློའི་སྣེ་ཁྲིད་མི་ཐུབ་པ་ནས་ཐུབ་པ་བྱ་དགོས། སྤྱི་ལ་ཕན་ཆེད་ཀུན་སློང་ལྷག་བསམ་རྣམ་དག་ཡིན་ཚེ་རྣམ་རྟོག་སྤུ་ཙམ་མེད་པ། གང་བཤད་རྒྱུ་ཡོད་ཀྱང་བཤད་ཕོད་པ་དགོས། བཤད་ཆོག་པ་རེད། བཤད་པ་ནོར་ཡོད་ཀྱང་ཧ་ལས་དགོས་མེད་ནོར་ཆོག་པ་ཞིག་ཡིན། སྔོན་ཆད་སྤྱི་ཚོགས་ཁྲོད་སུ་ཞིག་གིས་དགའ་ལྡན་ཕོ་བྲང་སྲིད་དབང་མཇུག་སྒྲིལ་དགོས་འདུག་བརྗོད་ན། སྤྱི་ཚོགས་འདིའི་ནང་གནས་ཐུབ་རྒྱུ་ཧ་ལམ་ཁག་པོ་རེད། ཡིན་ཡང་རྒྱལ་བ་རིན་པོ་ཆེས་དགོས་པ་གཟིགས་ཏེ་དེ་ལྟར་གསུངས་པ་ཙམ་མ་ཟད་སྲིད་དབང་མཇུག་བསྒྲིལ་ཚར་བ་རེད། མིག་རྒྱང་དང་སྙིང་སྟོབས་རླབས་ཆེན་རེད། བསོད་བདེ་ཆེ་བ་ཞིག་ལ་རྒྱལ་བ་རིན་པོ་ཆེ་ནི་དབང་སྒྱུར་གྲལ་རིམ་གཞན་དང་མི་འདྲ་བར་སྤྱི་ཚོགས་བཅོས་སྒྱུར་གྱི་འགོག་རྐྱེན་མ་ཡིན་པར་སྣེ་ཁྲིད་མཁན་ཆགས་ཡོད། ལོ་རྒྱུས་དཀྱོག་མཚམས་ཀྱི་བཅོས་སྒྱུར་རམ་གསར་བརྗེ་ནི་ལས་སླ་པོ་ཞིག་མིན། དགག་དགོས་སར་ཐེ་ཚོམ་མེད་པར་དགག་ཐུབ་པ། བཅོས་སྒྱུར་བྱ་དགོས་སར་ཐེ་ཚོམ་མེར་པར་འགྱུར་བ་གཏོང་ཐུབ་པ་དགོས། གལ་སྲིད་འདི་དག་ལས་ལྡོག་པའི་ལས་དོན་བྱས་ན། བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ལ་འགོག་རྐྱེན་གྱུར་གྱི་ཡོད་ལ་རྒྱལ་བའི་ཆབ་སྲིད་བཅོས་སྒྱུར་དེ་ཡང་རྒྱ་ནག་གི་ཁ་དཔེ་སྟེ་“ཁུ་བ་བརྗེས་སྨན་མ་བརྗེས” པའི་དཔེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད། དེ་བཞིན་སྤྱི་ཚོགས་ནང་དུ་ནམ་རྒྱུན་གཅིག་འགྲིག་གི་མི་འདུག གཅིག་བཤད་རྒྱུ་ཡོད། གཅིག་བྱེད་རྒྱུ་ཡོད་མདོག་མདོག་བྱེད་མཁན་དག་གིས་ཀྱང་མདོག་མདོག་ཙམ་མ་ཡིན་པར། དངོས་གནས་བཤད་རྒྱུ་དང་བྱ་རྒྱུ་ཡོད་ན། འཆད་པའི་དུས་དང་བྱེད་པའི་དུས་ལ་བབ་ཡོད། མདུན་ལ་འཐོན་དགོས། གལ་སྲིད་ཤེས་ལྡན་པ་ཚོས་ངག་སྒོ་ཕྱེ་སྟེ་སྤྱི་ཚོགས་ཀྱི་བསམ་བློའི་ཁྱབ་ཁྱོངས་ལ་“མཁས་བརྒྱ་འགྲན་གླེང་། མེ་ཏོག་མཉམ་བཞད” ཀྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་ཚེ། བསམ་བློ་སྨིན་ནས་སྤྱི་ཚོགས་བཅོས་སྒྱུར་གྱི་དགོས་པ་དང་རིན་ཐང་ར་འཕྲོད་ཀྱི་རེད་ལ། མ་འོངས་ལམ་ཁ་དང་ཉེན་ཁ་གདོང་ལེན་བྱེད་པའི་ཐབས་ཤེས་དང་ལམ་ཁ་ཞིག་ཀྱང་རྙེད་ཐུབ་ཀྱི་རེད།
མི་རིགས་ཤིག་གི་སྤྱི་ཚོགས་བཅོས་སྒྱུར་ནི་སྒྲོམ་གཞི་ཙམ་མ་ཡིན་པ་དེ་བས་ཀྱང་གལ་ཆེ་བ་ནི་བསམ་བློ་དང་ལམ་ལུགས་སྲོལ་ལ་འགྱུར་བ་གཏོང་དགོས། བོད་མི་རིགས་ངོས་ནས་རང་ཉིད་བསྐྱར་དར་གྱི་ཆེད་དུ་ཡར་ལངས་ཤིག་རྒྱག་རྒྱུ་ཡོད་ན་འདས་པའི་ལོ་རྒྱུས་ལ་ཕྱོགས་བསྡོམས་དང་། མ་འོངས་མདུན་སྐྱོད་ལ་རྒྱང་ལྟ་བྱས་ཏེ་ལོ་རྒྱུས་ཀྱི་དཀྱོག་མཚམས་འདི་ནས་རྒྱག་དགོས། བླ་སྲོག་གསར་པ་འཚོལ་དགོས་པ་གང་ཡོད་ཀྱང་འདི་ནས་འཚོལ་དགོས།
དྲུག་པ། བཅོས་སྒྱུར་ལེགས་པར་འགྲུབ་དགོས་ན། རྒྱལ་བ་རིན་པོ་ཆེ་དང་གཤམ་འོག་དབར་གྱི་ཟུང་འབྲེལ་འབྲེལ་བ་ནི་གཅིག་ལ་གཅིག་རྟེན་ཕན་ཚུན་བྲལ་ཐབས་མེད་པ་ཞིག་ཡིན་དགོས། སྤྱིར་སྤྱི་ཚོགས་བཅོས་སྒྱུར་དང་གསར་བརྗེ་ཞེས་པ་ནི་ཁྲག་དང་མིག་ཆུའི་བརྒྱུད་རིམ་ཞིག་ཡིན། ལས་སླ་པོ་ཞིག་མིན། ང་ཡག ཁྱོད་ཡག་ཚང་མ་བཀྲ་ཤིས་བདེ་ལེགས་ཤིག་ཁག་པོ་རེད།
སྤྱི་ཚོགས་བཅོས་སྒྱུར་ཁྲོད་གང་བཤད་རྒྱུ་ཡོད་པ་འཆད། གང་བྱེད་དགོས་པ་བྱེད་ཀྱི་ཡོད། དེ་དག་ཁྲོད་ཕན་ཚུན་འགལ་ཟླ་དང་གདོང་ཐུག་ཀྱང་ཡོང་གི་ཡོད། དེ་ནི་ཡོང་སྲིད་པ་དང་རྒྱུན་གཏན་ཞིག་རེད། ཁྲག་དང་མིག་ཆུར་འཛེམས་ཀྱང་ཆོག་མོད། ད་ལྟ་བོད་ཀྱི་སྤྱི་ཚོགས་ནང་གདོང་ཐུག་ཙམ་ཡང་མི་ཡོང་བ་འདི་ནི་རྒྱུན་གཏན་མིན་པའི་རྟགས་རེད། བཅོས་སྒྱུར་གྱི་དགོས་པ་ངོས་བཟུང་མ་ཐུབ་པ། རིན་ཐང་ལོངས་སྤྱོད་མ་ཐུབ་པའི་རྟགས་རེད། ད་ལྟ་འདྲ་ཆགས་པོ་བྱེད། བཤད་རྒྱུ་བྱ་རྒྱུ་ཚང་མ་རྒྱལ་བ་འདས་པའི་རྗེས་ལ་བཞག་ན་ཉེན་ཁ་རེད། སྐབས་དེ་དུས་ཟང་ངེ་ཟིང་ངེའི་ནང་ལྟུང་རྒྱུ་ལས་མཐུན་འགྱུར་ཞུ་ས་ཡང་མེད།
མདོར་ན་མུ་མཐུད་རྒྱལ་བ་རིན་པོ་ཆེ་གཅིག་པུས་གནང་གཤམ་འོག་ནས་མཉམ་ཞུགས་མེད་ཚེ། དེ་ནི་བླ་སྲོག་མེད་པའི་བཅོས་སྒྱུར་ཞིག་ལ་འགྱུར་ངེས། དེར་བརྟེན་གཤམ་འོག་གི་མཉམ་ཞུགས་ནི་མེད་ཐབས་མེད་པ་ཞིག་ཡིན། གཉིས་པ། དགོས་པ་དང་རིན་ཐང་ར་འཕྲོད་དེ་བཤད་རྒྱུ་ཡོད་པ་བཤད། བྱ་དགོས་པ་བྱས་ཏེ་བཅོས་སྒྱུར་དེ་བཞིན་གཤམ་འོག་ཁོ་ནས་གནང་ན། གཅིག་འོག་གཅིག་མ་འདུས་ཟང་ངེ་ཟིང་ངེའི་ནང་ཚུད་ངེས། དེར་བརྟེན་རྣོ་ངར་ཅན་གྱི་གདོང་ཐུག་འབྱུང་བའི་སྐབས། རྒྱལ་བ་རིན་པོ་ཆེས་རང་ཉིད་ཀྱི་ཤུགས་རྐྱེན་སྤྱད་དེ་ལམ་སྟོན་དང་མཐུན་འགྱུར་གནང་དགོས། དེ་ལྟར་བྱུང་ཚེ་གཞི་ནས་བོད་ཀྱི་ལོ་རྒྱུས་དཀྱོག་མཚམས་ཀྱི་མཐུད་དེ་ཟང་ངེ་ཟིང་ངེའི་ནང་མ་ལྷུང་བར་བདེ་བླག་ངང་བརྒྱབ་ཐུབ་པའི་རེ་བ་ཡོད།
བདུན་པ།ཉེན་ཁའི་རང་བཞིན་ཙམ་མ་ཡིན་པར་ལས་དོན་བསྒྲུབ་པར་ཛ་དྲག་རང་བཞིན་རེད། ཆབ་སྲིད་བཅོས་སྒྱུར་འདིའི་བསྒྲུབ་བྱ་གཙོ་བོ་ནི་རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་རིང་ལ། ངེས་པར་དུ་སྟོབས་ཤུགས་གསར་པས་སྟོབས་ཤུགས་རྙིང་པའི་ཚབ་བྱེད་དགོས་པ་ཙམ་མ་ཟད། སྟོབས་ཤུགས་གསར་པ་སྲ་བརྟན་གཏོང་ཐུབ་པ་དགོས་པ་དེ་ཡིན། ཞིབ་པར་བཤད་ན་ད་ལྟའི་སྐབས་བོད་དོན་སྟོབས་ཤུགས་གཙོ་བོ་དེ་ཆོས་ལུགས་ཡིན་པ་ནས་མི་རིང་བར་སྟོབས་ཤུགས་གཙོ་བོ་དེ་འདུ་ཤེས་གསར་པའི་སྟོབས་ཤུགས་འགྱུར་དགོས། སྒྲོམ་གཞིའི་ཐད་ནས་སྒྲོམ་གཞི་རྙིང་པ་ནས་གསར་པ་སྲ་བརྟན་གཏོང་ཐུབ་དགོས། ལས་འགན་འདི་རྒྱལ་བ་རིན་པོ་ཆེ་བཞུགས་པའི་རིང་ལ་སྒྲུབ་མ་ཐུབ་ཚེ་གཅིག་སྒྲིལ་ཉམས་ཤིང་ཟང་ངེ་ཟིང་ངེའི་ནང་ལྟུང་རྒྱུ་ཕལ་ཆེར་ངེས་པ་རེད།
གལ་སྲིད་རྒྱལ་བ་རིན་པོ་ཆེ་ད་དུང་ལོ་སུམ་ཅུ་ལྷག་བཞུགས་པའི་དབང་དུ་བཏང་ཡང་། དུས་ཚོད་ཆ་ནས་གྲ་སྒྲིག་གི་དུས་ཡུན་ཧ་ཅང་ཐུང་ཐུང་ཞིག་རེད། དུས་ཐུང་འདིའི་ནང་བསམ་བློའི་གོ་རྟོགས་སད་དགོས་པ་མ་ཟད་ཉེན་ཁ་གདོང་ལེན་བྱེད་པའི་ཐབས་ལམ་བཙལ་དགོས། ངེས་པ་རྙེད་པའི་ཐབས་ལམ་རྙེད་པ་ཙམ་མ་ཟད་སྟོབས་ཤུགས་གསར་པ་སྲ་བརྟན་གཏོང་ཐུབ་པ་དགོས། དེར་བརྟེན་མཆོངས་སྐྱོད་ཆེན་པོ་ཞིག་བྱེད་རྒྱུ་ཡོད་ན་མ་གཏོགས་ཉེན་ཁ་གདོང་ལེན་ཐུབ་རྒྱུ་ཁག་པོ་རེད།
མདོར་ན། འདི་ལོ་རྒྱལ་བ་རིན་པོ་ཆེས་གནང་བའི་ཆབ་སྲིད་བཅོས་སྒྱུར་དེ་ནི་བོད་ཀྱི་ལོ་རྒྱུས་དཀྱོག་མཚམས་འདིའི་བཅོས་སྒྱུར་དང་མི་རིང་བར་བོད་མི་དམངས་ཀྱི་མདུན་དུ་འབྱུང་རྒྱུའི་ཉེན་ཁ་སྔོན་འགོག་གི་ལས་གཞི་དབུ་འབྱེད་གནང་བ་ལྟ་བུ་ཞིག་རེད། ཧ་ཅང་མགོ་རྙོག་ཅིང་དཀའ་ཚེགས་ཆེ་བའི་ལས་དོན་གཞི་ནས་བསྒྲུབ་དགོས། ཆབ་སྲིད་བཅོས་སྒྱུར་འདིའི་དམིགས་ཡུལ་དངོས་སམ་གཙོ་བོ་དེ་འགྲུབ་ཐུབ་མིན་ནི། ལོ་རྒྱུས་དཀྱོག་མཚམས་ཀྱི་མཚོན་རྟགས་ཏེ་མ་འོངས་པ་རྒྱལ་བ་རིན་པོ་ཆེ་དགོངས་པ་རྫོགས་པའི་རྗེས་གང་ཡོང་མིན་ལས་ཤེས་ཐུབ་པ་ཞིག་རེད། གལ་སྲིད་སྐུ་འཚོ་བཞུགས་མེད་པ་བསྟུན་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་འདི་གཅིག་འོག་གཅིག་མ་འདུས། ཟང་ངེ་ཟིང་ངེའི་ནང་ཕྱིན་པ་ཡིན་ན་དམིགས་ཡུལ་དེ་འགྲུབ་མེད་པ་རེད། གལ་སྲིད་སྔར་བཞིན་སྲ་བརྟན་དང་གཅིག་སྒྲིལ་ཐོག་གནས་པ་ཡིན་ན་དམིགས་ཡུལ་དེ་འགྲུབ་པ་རེད། བརྗོད་གཞི་འདིའི་འགོ་བརྗོད་དུ་བོད་ཀྱི་ཆབ་སྲིད་བཅོས་སྒྱུར་གྱི་དམིགས་ཡུལ་དངོས་དེ་འགྲུབ་ཐུབ་བམ་ཞེས་དྲི་བའི་ཚུལ་དུ་བཞག་ཡོད། ད་ལྟ་མཇུག་བསྡུ་བའི་སྐབས་ལ་ཡང་སྔར་བཞིན་དྲི་བའི་ཐོག་གནས་ཡོད་པ་རེད། ལན་གང་ཡིན་མིན་དེ་བོད་མི་སྤྱི་བོ་གནམ་བསྟན་ཡོངས། ལྷག་པར་ཤེས་ལྡན་པ་དང་ལས་ཀྱི་སྣེ་མོ་ཚོར་རག་ལས།
No comments:
Post a Comment