Sunday, December 11, 2011

ལྕགས་ཕག་ལོའི་གསར་བརྗེ་དང་རྒྱ་ནག་གི་དམངས་གཙོ།

གཟའ་ལྷག་པའི་ཉིན་ལྡི་ལིར་རྒྱ་ནག་གི་ལྕགས་ཕག་ལོའི་གསར་བརྗེ་སྐོར་ལ་བགྲོ་གླེང་ཞིག་བྱས་ཡོད་ཅིང་། སྐབས་དེར་རྒྱ་ནག་པེ་ཅིན་དེང་རབས་ལོ་རྒྱུས་ཞིབ་འཇུག་གླིང་གི་འགན་འཛིན་གཞོན་པས་རྒྱ་ནག་དམངས་གཙོར་འགྱུར་བར་ཕྱིའི་གནོན་ཤུགས་དང་སྐུལ་སློང་དགོས་གལ་ཆེ་ཚུལ་བརྗོད་འདུག

ཟླ་འདིས་ཕྱི་ཚེས་ ༧ ཉིན་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་( India international centre )གི་གོ་སྒྲིག་འོག རྒྱལ་ས་ལྡི་ལི་གསར་པར་༼ ཕྱི་ལོ་ལོ་ ༡༩༡༡ ལོའི་རྒྱ་ནག་གི་གསར་བརྗེ།༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་ཚོགས་ཡོད་ལ། བགྲོ་གླེང་གཏམ་བཤད་པར་རྒྱ་ནག་པེ་ཅིན་དེང་རབས་ལོ་རྒྱུས་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་དང་འགན་འཛིན་གཞོན་པ། རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་ཉམས་ཞིབ་པ་གཅིག་ལྕོགས་སྐུ་ཞབས་བང་ཁྲོ་ཀོང་( Wang Chaoguang )གདན་ཞུ་བྱས་འདུག་ལ། གཞན། རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་མཱ་ངྷ་བེ་ཐ་ཕེ་དང་དྲུང་ཆེ་ཕཱ་ཁྲི་ར་སི་ཡ་ཨོ་བྷ་རོ། ལྡི་ལི་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་ཁྲིམས་དོན་སློབ་སྟོན་པ་ཙི་ཡོན་ཧོན་བཅས་སྲིད་དོན་པ་དང་དམངས་གཙོ་དོན་གཉེར་པ། སྤྱི་ཚོགས་ཞབས་ཞུ་པ། ཁྲིམས་རྩོད་བཅས་གནད་ཡོད་མི་སྣ་ ༣༠ ཙམ་མཉམ་ཞུགས་བྱས་འདུག གཞུང་འབྲེལ་གྱི་བགྲོ་གླེང་འདིས་སྟེང་བོད་ཀྱི་སྐུ་ཚབ་མཚོན་པའི་ཐོག་ནས་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ་དང་། ཎེ་རོ་གཙུག་ལག་སློབ་གྲྭ་ཆེན་མོ་གཉིས་ཀྱི་བོད་རིགས་མཐོ་རིམ་སློབ་མ་ ༩ ཙམ་མཉམ་ཞུགས་ཐུབ་པ་བྱུང་ཡོད་འདུག

བགྲོ་གླེང་སྟེང་རྒྱ་རིགས་བང་ཁྲོ་ཀོང་གིས་ཕྱི་ལོ་ ༡༩༡༡ ལོར་རྒྱ་ནག་ནང་གསར་བརྗེ་ལངས་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་ཆིན་གོང་མ་བཙན་རྒྱལ་རིང་ལུགས་ཀྱི་དབང་སྒྱུར་གཉའ་གནོན་དང་། བཙན་འཛུལ་ལ་མགོ་སྒུར་མ་འདོད་པར་རླབས་ཆེན་གྱི་གསར་བརྗེ་པ་སོན་ཀྲོན་ཧྲན་( song zhongshan )གྱིས་སྣེ་ཁྲིད་འོག་རྒྱ་ནག་གི་ཞིང་པ་དང་བཟོ་བ་གཙོ་པོར་གྱུར་པའི་ཞིང་ཆེན་ ༡༨ མཉམ་འབྲེལ་ཐོག་ཆིན་གོང་མ་མགོ་རྟིང་སློག་པའི་གསར་བརྗེ་ཞིག་ཡིན་ཡང་། སྐབས་དེར་དམངས་གཙོའི་གསར་བརྗེ་མགོ་བརྩམས་པ་ཙམ་ལས་རྒྱལ་ཁ་ཐོབ་ཐུབ་མེད་ཚུལ་སོགས་བརྗོད་ཡོད།

ཁོང་གིས་བརྗོད་དོན། “ ཕྱི་ལོ་ ༡༩༡༡ ལོའི་གསར་བརྗེ་ནི་རྒྱ་ནག་ལོ་རྒྱུས་སྟེང་དུས་རབས་གསར་པའི་རླབས་ཆེན་གྱི་བྱ་བཞག་ཆེན་མོ་ཞིག་མགོ་བརྩམས་པ་ཡིན་ལ། འདིས་མི་སེར་རྒྱལ་ཁབ་ཀྱི་འབངས་མི་རྣམས་ལ་མདུན་སྐྱོད་ཀྱི་བློ་སྟོབས་སྤེལ་ཏེ། ལོ་ངོ་ཉིས་སྟོང་བརྒལ་པའི་བཙན་རྒྱལ་རིང་ལུགས་ཀྱི་སྲིད་གཞུང་མཇུག་སྒྲིལ་ཐུབ་ཡོད། གཉིད་ལས་བསླངས་པ་ལྟ་བུའི་གསར་བརྗེ་འདིས་གུ་ཡངས་ཀྱི་ཁྲིམས་སྲོལ་གསར་པ་ཞིག་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ། ཆབ་སྲིད་ཚོགས་པ་མང་པོ་ཞིག་ཀྱང་མངོན་གསལ་དུ་ཐོན་ཡོད། གུ་ཡངས་ཀྱི་འོས་འདེམས་བརྒྱུད་དེ་རྒྱ་ནག་ནང་སྲིད་གཞུང་གསར་པ་ཞིག་ཐོག་མར་དབུ་བརྙས་པ་རེད། ཡིན་ན་ཡང་། ནུབ་ཕྱོགས་ཀྱི་དམངས་གཙོའི་ཚོད་ལྟའི་བྱེད་ཐབས་འདི་ལེགས་འགྲུབ་མ་བྱུང་སྟབས་མི་སེར་རྒྱལ་ཁབ་ཀྱི་རྩ་འཛུགས་ལྷན་ཁང་ཁག་གི་རྨང་གཞི་འཐོར་བ་རེད། དེང་སྐབས་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་པར་ཕྱི་ལོགས་ཀྱི་གནོན་ཤུགས་དང་། ལྷག་པར་དུ་འཁྱིམ་མཚེས་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་དང་སྐུལ་སློང་ཤུགས་ཆེན་བྱ་དགོས ” ཞེས་འབོད་སྐུལ་དང་བཅས། དེ་རིང་ང་ལ་འདི་འདྲའི་གཏམ་བཤད་རྒྱ་ཆེན་པོ་སྤེལ་པའི་གོ་སྐབས་གནང་པར་སྙིང་ཐག་པ་ནས་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་གི་འགན་འཛིན་རྣམ་གཉིས་གཙོས་པའི་ཆེད་མཁས་པ་རྣམ་པ་དང་། མཉམ་ཞུགས་བྱེད་མཁན་ཚང་མར་བཀའ་དྲིན་ཞུ་བཞིན་ཡོད་ཅེས་སོགས་བརྗོད་ཡོད་པ་རེད།

བགྲོ་གླེང་གི་མཇུག་བསྡོམས་གཏམ་བཤད་སྟེང་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་མཱ་ངྷ་བེ་ཐ་ཕེ་མཆོག་གིས “ རྒྱ་ནག་ནི་ལོ་ངོ་ཉིས་སྟོང་བརྒལ་པར་བཙན་རྒྱལ་རིང་ལུགས་ཀྱི་དབང་སྒྱུར་འོག་གནས་པའི་རྒྱ་ཁབ་ཅིག་ཡིན་པས། དུས་ཡིན་ཐུང་ངུའི་ནང་འགྱུར་པ་ཐེབས་རྒྱུ་ཁག་པོ་ཡིན་ཡང་། ང་ཚོ་ཚང་མའི་ཐུན་མོང་གི་བགྲོ་གླེང་དང་ཞིབ་འཇུག་བརྒྱུད་རྒྱལ་ཁ་ཐོབ་པའི་རེ་བ་མངོན་གསལ་དུ་འགྱུར་བཞིན་ཡོད་སྟབས། ཚང་མས་ནུས་ཤུགས་གཅིག་ཏུ་བསྒྲིལ་དགོས” ཞེས་འབོད་སྐུལ་དང་བཅས་བགྲོ་གླེང་མཇུག་སྒྲིལ་ཡོད་པ་རེད།

དེང་སྐབས་རྒྱལ་སྤྱིའི་ཐོག་ ༡༩༡༡ ལོའི་རྒྱ་ནག་གི་ལྕགས་ཕག་ལོའི་གསར་བརྗེ་ལ་གླེང་སློང་ཤུགས་ཆེན་ཡོང་གི་ཡོད་ཅིང་། ཉེ་ཆར་ཉི་ཧོང་གི་ཁྲོཀ་ཁེའོ་གཙུག་ལག་སློབ་གྲྭ་ཆེན་མོའི་ཀོ་མ་ཁ་སློབ་གླིང་ནང་དུ་ཡང་ ༼ ༡༩༡༡ ལོའི་རྒྱ་ནག་གི་གསར་བརྗེ ༽ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཆེན་པོ་ཞིག་ཚོགས་ཡོད་ལ། དེ་མིན་ཨོའོ་མན་དང་། ཨ་ཧྥི་རི་ཀ་ལྷོ་མ། ཐེ་ཝན། སེང་གྷ་པོར་སོགས་སུའང་བརྗོད་གཞི་འདིའི་ཐོག་དཔྱད་གླེང་སྣ་ཚོགས་བྱེད་བཞིན་ཡོད་འདུག རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་ད་ཆར་ཕྱི་ལོ་ ༡༩༡༡ ལོའི་རྒྱ་ནག་གི་ལྕགས་ཕག་ལོའི་གསར་བརྗེའི་ཐད་བསྐྱར་གླེང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དེ་རྒྱ་ནག་དམངས་གཙོ་ཅན་དུ་སྐུལ་སློང་དང་། དམངས་གཙོའི་སྟོབས་ཤུགས་རྒྱ་ནག་མི་མང་གིས་ལོངས་སུ་སྤྱོད་རྒྱུའི་རྟགས་མཚན་གསལ་བོ་ཞིག་ཡིན་ཚུལ་རྗོད་བཞིན་ཡོད་པ་རེད

No comments:

Post a Comment