Sunday, January 1, 2012

གཞིས་ཆགས་ཐེངས་གཉིས་སྤོ་ཐུབ་བམ།

པད་བཀོད་ཚེ་དབང་རྡོ་རྗེ།

ས་གནས་ཅང་ལང་ནི་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་དེ་ཡང་བར་མེའི་ས་མཚམས་ཀྱི་ཉེ་འགྲམ་དུ་གནས་ཡོད་ཅིང་། ས་གནས་དེ་ནི་ཤིང་ནགས་སྟུག་པོའི་འཐུམ་ཞིང་གཅན་གཟན་མང་བ་དང་འགྲུལ་ཞུགས་སོགས་ཀྱི་དཀའ་ཚེགས་ཆེ་བ་ཡོད། བོད་ཁམས་ཡོངས་རྫོགས་རྒྱ་འོག་ཏུ་ཤོར་བ་ལ་བརྟེན་རང་ཅག་བོད་མི་ཡོངས་ཀྱི་ཁོག་པའི་སྙིང་ལྟ་བུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་པས་རྗེས་སུ་བོད་མི་སྟོང་ཕྲག་མང་པོར་རང་གི་ཕོར་བ་ཙམ་ཡང་འཁྱེར་དབང་མེད་པར་རྒྱ་གར་ཚ་བའི་ས་ཐོག་ཏུ་འབྱོར།
༸་གོང་ས་མཆོག་གི་སྐུ་དྲིན་ཉག་ཅིག་ལ་བརྟེན། ཕྱི་ལོ་༡༩༦༡ ལོར་བཙན་བྱོལ་བོད་མི་སྤྱི་མཚུངས་ལྟར་ས་གནས་ཅང་ལང་NEFAདེང་སྐབས་ཨ་རུ་ན་ཅལ་པར་ཌེཤ་མངའ་སྡེ་སུ་གཞིས་མི་གྲངས་༡༥༠༠ ནས་གཞིས་ཆགས་ཐོག་མར་གསར་འཛུགས་གནང་། མིང་ལ་ཅང་ལང་ཀུན་བཟང་གླིང་ཞེས་བཏགས། གཞིས་ཆགས་དེའི་ནང་གཉུག་གནས་གཞིས་མི་རྣམས་བོད་ལྷོ་ཕྱོགས་པདྨ་བཀོད་ནས་ཡིན་པ་དང་ཁོང་ཚོའི་རྒྱུན་དུ་བེད་སྤྱོད་བྱེད་བཞིན་པའི་སྐད་ལ་འཚང་ལྷ་ཞེས་ཟེར་གྱི་ཡོད། རིང་པོ་མ་སོང་བར་དེ་གའི་ཞིང་ཁའི་སྟོན་ཐོག་ལོ་མང་བསྟུད་མར་མ་སྐྱེས་སྟབས་གཞིས་མི་རྣམས་ཕོངས་པའི་གནས་སུ་སྐྱེལ་སྟེ་མུ་མཐུད་ས་གནས་དེར་གནས་དཀའ་བར་རྒྱུར། རང་གཞུང་ནང་སྲིད་ལས་ཁུངས་ནས་ཀྱང་ཅང་ལང་ཀུན་བཟང་གླིང་གི་མི་མང་རྣམས་ལ་ཐུགས་འགན་མ་བཟོད་པར་གནས་ཚང་རྒྱ་གར་དབུས་གཞུང་ལ་གནས་སྤོ་ཡོང་བའི་གཅིག་ཞུས་གཉིས་མཐུད་ཀྱིས་ཐར་དབུས་གཞུང་ནས་ཞལ་བཞེས་ཐོབ།

དང་ཐོག་མོན་ཏ་བང་ཉེ་འགྲམ་ས་གནས་ཁ་ལག་ཏང་དུ་རང་གཞུང་ནས་མི་སྣ་ཁག་ཅིག་གཟིགས་བསྐོར་ཕེབས་སྟེ་ས་གནས་དེ་འོས་འཚམ་མེད་པའི་རྒྱུ་མཚན་ལ་བརྟེན་མེ་འོ་ས་གནས་སུ་སྤོ་རྒྱུའི་ཐུགས་ཐག་གཅོད། མིང་ལ་མེ་འོ་ཆོས་འཕེལ་གླིང་ཞེས་༸གོང་ས་མཆོག་ནས་གསོལ་བསྩལ་གནང།

༡༩༧༥ཟླ་བ་༡༢་ཚེས་༣༡ ཉིན་གནས་སྤོས་མཇུག་བསྒྲིལ་ཐུབ་པ་བྱུང་ཡོད། སྟབས་མ་ལེགས་པ་ཞིག་ལ་མེ་འོ་ཆོས་འཕེལ་གླིང་མི་མང་རྣམས་ལ་མ་ལ་རི་ཡ་ནད་རིམ་ཤུགས་ཆེར་ཁྱབ་བརྡལ་གྱིས་དུས་ཐོག་སྨན་བཅོས་མཐུན་འགྱུར་མེད་སྟབས་གཞིས་མི་མང་པོ་འདས་གྲོངས་སུ་གྱུར་ཡོད། དེ་བཞིན་མི་དང་ཞིང་ཁ་ལ་གླང་ཆེན་གྱི་འཇིག་པ་བྱུང་ཡང་༸གོང་ས་མཆོག་ཆིབས་བསྒྱུར་རྗེས་རང་བཞིན་གྱི་འཇིག་པ་ལས་གྲོལ་ཡོད་ན་ལས་ལོ་མང་རིང་ནས་རྒྱ་གར་ས་གནས་འཇིག་སྐུལ་རིང་ལུགས་པས་གཞིས་ཆགས་ནང་དཀའ་ངལ་སྤྲད་དང་སྤྲོད་བཞིན་པས་ཁར་རྐྱེན་གཞན་མང་དག་ཞིག་ལ་བརྟེན་མེ་འོ་ཆོས་འཕེལ་གླིང་གཞིས་ཆགས་ནང་གནས་མི་ཐུབ་པའི་གནས་སུ་ལྷུང་ཡོད།།

No comments:

Post a Comment