འདོན་སྤེལ། ༢༠༡༢/༠༡/༠༧
རྡོར་གདན་དུས་དབང་སོ་གཉིས་པ་འདིའི་དབང་གནང་མཁན་གྱི་བླ་མ་བོད་པ་རེད་ལ། ཞུ་མཁན་གྱི་སློབ་མ་ཕལ་ཆེར་བརྒྱ་ཆ་དགུ་བཅུ་གོ་ལྔ་ཡན་ཆད་བོད་པའམ་བོད་རིགས་རེད། གནང་རྒྱུ་དེ་ཡང་བོད་པའི་ཆོས་རྩ་ཆེན་ཞིག་རེད།
ཡིན་ནའང་དུས་འཁོར་དབང་ཆེན་གྱི་ངོས་སྦྱོར་ལག་ཁྱེར་སྟེང་གཟིགས་དང་། བོད་ཡིག་ལ་ཧ་ཅང་སྣང་ཆུང་དང་ཁྱད་གསོད་ཀྱི་རྣམ་པ་བསྟན་འདུག ང་རང་བོད་པ་ཞིག་མིན་ནའང་ཧི་མ་ལ་ཡའི་རི་རྒྱུད་དུ་ལྟེ་ཁྲག་འཐོར་བའི་ཆོས་དང་རིག་གཞུང་གཅིག་པའི་བོད་རིགས་ཤིག་ཡིན་པས་སེམས་པ་མ་བདེ་བ་ཞེ་དྲག་བྱུང་། ངོས་སྦྱོར་ལག་ཁྱེར་དེའི་སྟེང་དབྱིན་ཡིག་ཁྱོན་བསྡོམས་ཡིག་ཕྲེང་ཉི་ཤུ་རྩ་གསུམ་ཐམ་པ་འདུག་ཀྱང་བོད་ཡིག་ཡིག་ཕྲེང་གཅིག་དང་ཕྱེད་ཀའི་ཕྱེད་ཀ་མ་གཏོགས་བྲིས་མི་འདུག དོ་བདག་གི་མིང་དེ་ཡང་དབྱིན་ཡིག་ཐོག་བྲིས་འདུག ཧ་ལས་དགོས་པ་རེད། བྱེད་ཚུལ་དེ་དག་ནི་ངོ་མ་ངོ་ཚ་དགོས་པ་ཞིག་མ་ཡིན་ནམ། ངོས་སྦྱོར་ལག་ཁྱེར་གྱི་རྒྱབ་ངོས་དེར་དབྱིན་ཡིག་ཐོག་གསལ་བཤད་མང་པོ་ཞིག་བྲིས་འདུག་པ་དེ་དག་བོད་ཡིག་གཅིག་པུའི་ཐོག་བྲིས་ཀྱང་མི་ཆོག་ཅེས་སུས་བཀའ་འབེབས་སྲིད། དེ་ལྟར་མ་ནུས་ཀྱང་མ་མཐར་དང་པོ་བོད་ཡིག་ཐོག་བྲིས་ནས་དེའི་འོག་ཏུ་དབྱིན་ཡིག་ཐོག་བྲིས་ཏེ། བོད་དབྱིན་གཉིས་ལྡན་ཞིག་བྱས་ཀྱང་ཅིས་མི་ཆོག
དུས་དབང་ངོས་འབྱོར་ལག་ཁྱེར་ལ་ལྟ་ཐེངས་རེ་རེར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་སློབ་དག་ཡང་ཡང་དྲན་བྱུང་ལ། ཁོང་གི་བོད་མི་རིགས་དང་བོད་ཀྱི་རིག་གཞུང་ལ་བཅངས་པའི་བརྩེ་སེམས་དང་དེ་འབྲེལ་མཛད་རྗེས་དག་བརྗེད་དཀའ་བ་ཞིག་ཡིན་པ་དྲན་གསོ་བྱུང་། དེ་ཡང་། ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་ཞལ་སྔ་ནས།
བོད་ཡིག་ཡི་གེ་ཞིག་ལ་མི་བརྩི་བ་ནི་ཅི་འདྲ་རྩིས་མེད་དུ་བཏང་བ་དང་། མི་རིགས་ཀྱི་ཁེ་དབང་ལ་ཅི་འདྲ་རྩིས་མེད་དུ་བཏང་བ་ཡིན་པ་རེད་ཨང་། ཡིག་བྱང་ཐོག་ཏུ་ཚང་མ་རྒྱ་ཡིག་བྲིས་པ་དང་། བོད་ཡིག་བྲིས་ཀྱང་འདི་འདྲ་ཆུང་བ་དང་། རྒྱ་ཡིག་འདི་འདྲ་ཆེ་བ། ཡིག་བྱང་ལ་ལའི་ཐོག་ཏུ་བོད་ཡིག་རྩ་བ་ནས་བྲིས་མེད་པ་རེད། ཅེས་དང་། དེར་བརྟེན་ང་ཚོས་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་ཀྱི་གོ་འགན་སྒྲུབ་པའི་བྱེད་སྒོ་ཁག་གི་ནང་དུ་བོད་ཡིག་གཙོ་བོར་བྱེད་པ་དང་བོད་རྒྱ་སྐད་ཡིག་གཉིས་མཉམ་སྤྱོད་བྱེད་པའི་བྱེད་ཕྱོགས་ལག་ལེན་བསྟར་དགོས་ཞེས་བཏོན་ཡོད། ཅེས་པ་དེ་དང་དེ་ལ་སོགས་པ་བོད་ཡིག་བོད་སྐད་ཀྱི་དོན་དུ་ཁོང་གིས་མེ་མདའི་ཁ་འོག་ཏུའང་འཇིགས་ཞུམ་མེད་པར་གསུང་སྐད་ལན་མང་བསྐྱོན་པ་ནི། བོད་མི་རིགས་ཀྱི་ལས་དབང་གི་སྐྱོ་གར་ལ་ཐུགས་ཀྱིས་མ་བཟོད་ནས་གསུངས་པ་ཞིག་ཏུ་འཁུམས་པ་ཀུན་གྱིས་མཁྱེན་རྒྱུ་གལ་ཆེ། མིའི་རིགས་ཀྱི་འགན་འཁྲི་ནི་མིས་ནམ་ཡང་འདོར་མི་རུང་ལ། བོད་ཀྱི་འགན་འཁྲི་ནི་བོད་པས་འདོར་མི་རུང་བ་ནི་གནད་དོན་ཞིག་ལོས་ཡིན།
མ་འོངས་འབྱུང་འགྱུར་ཐད་དུས་དབང་དང་གསུང་ཆོས་སོགས་ཀྱི་སྐབས་གོ་སྒྲིག་པ་དང་འགན་ཁུར་བ་རྣམས་ཀྱིས་ཐུགས་བསམ་ཆེར་བཞེས་ཀྱིས་ངོས་སྦྱོར་ལག་འཁྱེར་སྟེང་ངེས་པར་དུ་བོད་ཡིག་གཙོ་བོར་བྲི་བའི་རེ་བ་ཡོད། དེ་ཡང་མིག་དཔེ་བཟང་ལྟ་བྱས་ན། རྣམ་གྲོལ་གླིང་གི་ངོས་སྦྱོར་ལག་ཁྱེར་ལ་གཟིགས་ཀྱང་ཆོག་པ་ཡིན། དེ་ཡང་མདུན་ངོས་སུ་དོ་བདག་གི་དཔར་དང་བཅས་བོད་ཡིག་ཁམས་གཙང་དང་རྒྱབ་ངོས་སུ་དཔར་མེད་དབྱིན་ཡིག་ཐོག་ངོས་སྦྱོར་གནང་ཡོད། ངས་ངོས་སྦྱོར་ལག་ཁྱེར་དེ་ཁྱེར་ནས་ད་བར་རྒྱ་གར་ས་ཁུལ་འདྲ་མིན་ནང་མཁའ་ནས་གནམ་གྲུ་དང་ས་ནས་མེ་འཁོར་དང་རླངས་འཁོར་སོགས་ཀྱི་ནང་ཕྱིན་ཡིན། བོད་ཡིག་མདུན་ངོས་སུ་བྲིས་འདུག དབྱིན་ཡིག་མཉམ་དུ་དཔར་མི་འདུག་ཅེས་རྙོག་གྲ་ཤོད་མཁན་སུ་ཡང་མ་བྱུང་། ད་ལོ་འབྲས་ལྗོངས་སུ་རྡོ་གྲུབ་རིན་པོ་ཆེའི་སྐུ་མདུན་ནས་བཀའ་དབང་ཞུ་རུ་འགྲོ་བའི་གནམ་ཐང་དུ་ངོས་སྦྱོར་ལག་ཁྱེར་ཞིབ་དཔྱད་བགྱིད་སྐབས་ཉེན་རྟོག་པ་ཞིག་གིས་ཡི་གེ་འདི་ལུང་པ་གང་གི་རེད་ཅེས་དྲིས་བྱུང་། ངས་སྤོབས་པ་མཐོན་པོའི་ངང་ནས་བོད་ཡིག་རེད་ཅེས་ལན་བཏབ། ཉེན་རྟོག་པ་གཞན་ཞིག་གིས་དབྱིན་ཡིག་ཐོག་རྒྱབ་ངོས་སུ་བྲིས་འདུག་དེར་ལྟོས་ཞེས་བརྗོད་སོང་། ཉེན་རྟོག་པ་སྔ་མ་དེས་དབྱིན་ཡིག་རྒྱབ་ངོས་སུ་བྲིས་ཡོད་པ་ངས་མཐོང་བྱུང་། ཡིན་ནའང་མདུན་ངོས་སུ་བྲིས་པའི་ཡི་གེ་འདི་ལུང་པ་གང་གི་ཡིན་མིན་ཤེས་འདོད་བྱུང་བས་དྲིས་པ་ཙམ་ཡིན་ཞེས་བརྗོད་སོང་། དཀའ་ངལ་གང་ཡང་མ་བྱུང་། ཆབ་དཔལ་རིག་གསུམ་གྱི་ཚད་ཧ་ཅང་མཐོ་བའི་རང་བཙན་ཅན་གྱི་རྒྱ་གར་རྒྱལ་ཁབ་ཀྱི་ནང་དུ་ངས་བོད་ཡིག་ཐོག་ངོས་སྦྱོར་ཁྱེར་ནས་འགྲོ་བ་འདི་གཟི་བརྗིད་ཅིག་ཏུ་ཚོར་སྣང་བྱུང་བ་ལས། ངོ་གནོངས་པ་དང་འཇིགས་ཞུམ་གཏན་ནས་མ་བྱུང་། འདི་ནི་བོད་ཡིག་གི་རིན་ཐང་ངོ་མ་ཤེས་པས་སོ།།
དེར་བརྟེན་དུས་དབང་གི་ངོས་སྦྱོར་ལག་ཁྱེར་དེ་ཡང་མདུན་ངོས་སུ་དོ་བདག་གི་དཔར་དང་བཅས་བོད་ཡིག་ཁམས་གཙང་དང་རྒྱབ་ངོས་སུ་དབྱིན་ཡིག་ཐོག་ངོས་སྦྱོར་བྲིས་ན་འོས་ཤིང་འཚམས་སྙམ། འདི་ལོ་བོད་ནས་བོད་ཀྱི་དགེ་རྒན་དང་སློབ་ཕྲུག་སྟོང་ཕྲག་མང་པོས་བོད་ཀྱི་སྐད་དང་ཡི་གེའི་དོན་དུ་སྐད་འབོད་ག་ཚོད་བརྒྱབས་པ་གོ་སྒྲིག་པ་ལྷན་རྒྱས་ཀྱིས་མཁྱེན་ཡོད་ཤག་ལ། མགོ་ལ་བཞུགས་པའི་བཀའ་སྤྱི་རྣམ་པས་ཀྱང་གཟིགས་ཡོད་ཤག གཞིས་བཞུགས་སྤུན་ཟླ་ཚོས་དམར་པོའི་བཙན་གནོན་འོག་ཡོད་ནའང་ད་དུང་འཇིགས་ཞུམ་སྤུ་ཙམ་མེད་པར་སོ་སོའི་ལས་འགན་ལ་ཤུགས་རྒྱག་བཞིན་ཡོད་ན། ང་ཚོས་འདི་ནས་རང་དབང་ལུང་པར་ཐ་ན་ངོས་སྦྱོར་ལག་ཁྱེར་ཞིག་ཏུའང་བོད་ཡིག་ལ་ཁྱད་གསོད་དང་ཁྲལ་གསོད་ཀྱི་རྣམ་པ་ཤུགས་ཆེར་བསྟན་པ་ནི། ཡ་མཚན་དགོས་པའི་གནས་དོན་ཞིག་ཏུ་འཁུམས། ལེགས་པར་བསམས་ན་བོད་ནས་ཕེབས་པའི་དུས་དབང་ཆོས་ཞུ་བ་ཁྲི་ཚོར་ཉེ་བའི་སྤུན་ཟླ་རྣམས་ཀྱི་མདུན་དུ་ཞབས་འདྲེན་ཞུས་པ་ཞིག་ཀྱང་རེད།
མདོར་ན་ང་ཚོས་ཕ་སྐད་གཙང་མ་ཤོད་དགོས་པའི་ལྟ་གྲུབ་སྤེལ་བའི་བསྒྲགས་གཏམ་མཐོང་བཞིན་པ་ལྟར་ཕ་སྐད་གཙོ་བོར་བྲི་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བ་ཞིག་ཡིན། འདིའི་ཐད་ཀུན་གཟིགས་པཎ་ཆེན་ལྟར་གོང་བཞུགས་རྣམས་ཀྱིས་བཀའ་སློབ་ལམ་སྟོན་སྐུལ་ལྕག་ཡོང་བའི་རེ་བ་བཅས། འབྲོང་ངུར་ཆོས་རྗེ་རུ་འབོད་པས།
No comments:
Post a Comment