Wednesday, January 4, 2012

ཀྲུའུ་ཝུའེ་ཆོན་གྱི་འཁྱོག་བཤད་ལ་རྒོལ་བ།

འདོན་སྤེལ། ༢༠༡༢/༠༡/༠༤

དབུ་མའི་ལམ་གྱི་དྲུང་ཆེན་སྤྱི་འཐུས་རྨོག་རུ་བསྟན་པ།

རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ག་དུས་ཡིན་ཡང་མིག་གཅིག་ཞར་བ་དང་རྣ་གཅིག་འོན་པ་བྱས་ནས་མང་ཚོགས་ལ་མགོ་བསྐོར་དང་། རྒྱལ་ཁབ་གཞན་དག་བསླུ་བྲིད། མི་ཆོས་རིང་ལུགས་དང་། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཡིག རྒྱལ་སྤྱིའི་ཁྲིམས་ཀྱི་གནས་ལུགས་དང་འགལ་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ་དོན་དངོས་གཡོལ་ཐབས་བྱེད་ཀྱིན་ཡོད། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྩ་འཛུགས་ཀྱི་སྒྲོམ་གཞིའི་ཁྲིམས་ཡིག་གི་དགོངས་དོན་དང་འགལ་བ་མ་ཟད། རྒྱ་ནག་མི་སེར་རྒྱལ་ཁབ་ཆེན་པོའི་མཚན་མཐོང་ནག་བསུབ་དང་། ཡིད་ཆེས་རྩ་བརླག ཧོའོ་ཅིན་ཐོ་ཡི་སྤྱི་ཚོགས་འཆམ་མཐུན་གྱི་དགོངས་དོན་དང་ཡོངས་སུ་རྩ་འགལ་ཆགས་ཡོད། རྒྱ་ནག་གུང་ཁྲན་ཏང་གི་ཏང་ཡོན་རྒན་པ་དང་། དམར་ཕྱོགས་ཚོགས་པའི་མེས་པོ་ཏིན་ཞོ་ཕིང་གིས་ཕྱི་ལོ་ ༡༩༧༩ ལོར་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་ལགས་སུ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་བོད་རང་བཙན་མ་ཡིན་པའི་སྐད་ཆ་ག་རེ་ཡིན་ཀྱང་བཤད་ཆོག་པའི་དགོས་འདུན་བཏོན་ཡོད། དགོས་འདུན་དེ་ནི་ཕྱི་ལོ་ ༡༩༥༡ ལོར་པེ་ཅིང་གྲོང་ཁྱེར་དུ་བཙན་དབང་གིས་འཇོག་བཅུག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་ནང་དོན་དང་མཐུན་པ་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༡༩༦༠ རེ་གྲངས་ལོ་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་རྒྱ་ནག་གཞུང་དང་གྲོས་མོལ་གནང་ཕྱོགས་ཐད་བོད་རང་བཙན་མ་ཡིན་པའི་ཐབས་ལམ་གཞན་གྱི་ཐོག་ལ་དགོངས་བཞེས་གནང་ཡོད།

ཕྱི་ལོ་ ༢༠༠༡ ལོ་ནས་བོད་རྒྱའི་གྲོས་མོལ་གྱི་སྒོ་མོ་སླར་ཡང་ཕྱེས་ཏེ་སྐུ་ཚབ་ཚོགས་པ་སྔ་ཕྱིར་གཏོང་གནང་གིས་འབྲེལ་མོལ་རྒྱུན་འཁྱོངས་བྱས་ཡོད། དེ་བཞིན་མཁས་དབང་བཀའ་ཁྲི་ཟུར་བ་ཟམ་གདོང་བཀའ་ཤག་གིས་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་མཐུན་པའི་ལངས་ཕྱོགས་མང་པོ་ཞིག་ལ་བསྟུན་ཤེས་གནང་ཡོད་པ་མ་ཟད། བཙན་བྱོལ་བོད་གཞུང་ངམ་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་གནོད་གཞིའི་རིགས་ཀྱི་ལས་འགུལ་མཚམས་འཇོག་གནང་ཡོད། དེ་བཞིན་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སོགས་ཕུལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་། དགོས་འདུན་ཁག་ཕྱི་གསལ་ནང་གསལ་གྱིས་གསལ་འདོན་བྱས་ཡོད། ཡིག་ཆ་དེའི་ནང་རྒྱ་ནག་གཅིག་གི་ལངས་ཕྱོགས་ལ་བརྩི་བཀུར་ཞུ་རྒྱུའི་གནས་ལུགས་གསལ་ཡོད་པ་མ་ཟད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིར་འགྱུར་བ་གང་ཡང་གཏོང་མི་དགོས་པའི་གནས་བབ་གསལ་ཡོད།

ཡིན་ནའང་། ཕྱི་ལོ་ ༢༠༡༡།༡༢།༦ ཉིན་ཀྲུའུ་ཝུའེ་ཆོན་གྱིས་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་ལྔ་བ་ལྷ་སར་འཚོགས་སྐབས་དབུ་མའི་ལམ་ནི་བོད་རང་བཙན་ཡིན་པ་གསལ་པོར་མཐོང་ཐུབ་ཅེས་པའི་འཁྱོག་བཤད་སྤེལ་ཡོད། བློ་ཕམ་པ་ཞིག་ནི་བོད་མིའི་སྒྲིག་འཛུགས་སམ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་སྔ་ཕྱིར་ཕེབས་སྐབས་གྲོས་མོལ་གྱི་འབྲེལ་བ་བྱེད་ས་གཙོ་བོ་ནི་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེའུ་ཆོན་ཡིན་མོད། ཁོ་རང་གིས་སྔ་ཕྱིར་ཕེབས་པའི་སྐུ་ཚབ་ཚོའི་གཏམ་བཤད་དང་། གྲོས་མོལ་ཉན་འཇོག་གང་ཡང་མ་བྱས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་ཕུལ་བའི་ཡིག་ཆའི་དགོངས་དོན་ལ་ལྡོག་ཕྱོགས་ནས་གོ་བ་བླངས་ཏེ་འགྲེལ་བཤད་བསྐྱོན་པ་འདིས་བོད་རྒྱ་གཉིས་ཀྱི་ཞི་འགྲིག་ཐད་བློ་ཡངས་བྱེད་པའི་བསམ་ཤེས་མང་པོ་ཞིག་ལ་རྒྱ་ནག་དང་འཆམ་མཐུན་གྱི་འདུ་ཤེས་རྡོག་རོལ་དུ་བཏང་ཡོད། ཀྲུའུ་ཝུའེ་ཆོན་གྱིས་དབུ་མའི་ལམ་ནི་རང་བཙན་ཡིན་པ་གསལ་པོར་མཐོང་ཐུབ་ཅེས་རྒྱུ་མཚན་དྲུག་བགྲང་དེ་གཏམ་བཤད་བྱས་འདུག གོང་དུ་བགྲང་བའི་རྒྱུ་མཚན་དེ་དག་ནི་དབུ་མའི་ལམ་རང་བཙན་ཡིན་པའི་སྒྲུབ་བྱེད་དུ་འགྲོ་ཐབས་མེད་པར། མང་གཙོ་དང་རང་དབང་ལྡན་པའི་རྒྱལ་ཁབ་ཚང་མའི་ནང་ས་གནས་མི་རིགས་ཀྱིས་རང་ས་རང་བདག་དང་། ཁོར་ཡུག་གཅེས་སྤྲས། མི་རིགས་རང་གི་སྐད་དང་ཡི་གེ ཆོས་དང་གོམས་གཤིས་སོགས་ལ་བདག་སྐྱོང་གནང་ཆོག་པའི་ཐོབ་ཐང་ཡོད་ལ། བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་པའི་ཆ་རྐྱེན་འདི་ནི་ས་གནས་མི་རིགས་རང་སྐྱོང་གི་ཐོབ་ཐང་དང་འོས་བབ་ཡིན།

ཀྲུའུ་ཝེ་ཆོན་གྱིས་ལོ་རྒྱུས་ཀྱི་ཐོག་ནས་བོད་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པར་ཁས་ལེན་དགོས་པར་བཤད་པ་དེ་ནི་ཧམ་བཤད་གཡག་འདྲ་བ་ཞིག་ཡིན། ལོ་རྒྱུས་ཀྱི་གནས་བབ་ནས་གླེང་ན་རྒྱ་གཞུང་གིས་བོད་ས་ཡོངས་སུ་དབང་མ་བསྒྱུར་བའི་སྔོན་དུ་བོད་ནི་ཁྲིམས་མགོ་རང་བཙན་པའི་རྒྱལ་ཁབ་ཅིག་ཡིན་པ་ལོ་རྒྱུས་ཀྱི་ར་སྤྲོད་བྱས་ཡོད་པས། དངོས་ཡོད་དང་ལོ་རྒྱུས་ལ་འཁྱོག་བཟོ་དང་ཧམ་བཤད་བྱེད་རྒྱུ་ནི་དོན་དངོས་ལ་ཁ་ཕྱོགས་པའི་འཛམ་གླིང་དཀར་ངོགས་འདི་རུ་རང་ཤེད་ཅན་གྱི་རྒྱལ་ཁབ་རེ་ཟུང་གི་སྒེར་གཅོད་ཙམ་དུ་ལྷག་ཡོད་པས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁས་ལེན་བྱེད་མི་ཐུབ་པ་ཞིག་ཡིན། དེང་གི་དུས་འདིར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནི་དཔལ་འབྱོར་གྱིས་ཆབ་སྲིད་ཀྱི་ཁེ་ཕན་བསྒྲུབ་བཞིན་གོ་ལ་ཟླུམ་པོའི་ཡང་རྩེ་ཡི་མཚན་སྙན་ལ་རེ་ལྟོས་བྱེད་བཞིན་པའི་མི་འབོར་དུང་ཕྱུར་བཅུ་གསུམ་གྱི་རྒྱལ་ཁབ་ཅིག་ཆགས་ཡོད། ངོ་གནོང་བ་ཞིག་ནི། སྤྱི་མཐུན་རྒྱལ་ཁབ་ཅེས་པའི་ཁ་གཡང་ཁྲོད་ན་ཀྲུའུ་ཝེ་ཆོན་ལྟ་བུའི་ཕར་བཤད་གོ་བ་མི་ལོན་པ་དང་། ཚུར་བཤད་གྲོས་ཐག་མི་འཛིན་པའི་དཔོན་རིགས་སྐུ་ཚབ་ཅིག་ཡོད་པ་ནི་ཀྲུང་གོ་ཁྱིམ་ཚང་ཆེན་པོའི་ཞབས་འདྲེན་དང་ངོ་ཚ་ཡིན།

དབུ་མའི་ལམ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཡོང་ཐབས་བྱ་རྒྱུ་དེ་ཡིན། འདི་ནི་བོད་རྒྱ་ནག་དང་ཁ་བྲལ་དུ་འགྲོ་མ་དགོས་པའི་ཀྲུང་གོ་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོར་ཁེ་ཕན་ཡོད་པ་ཞིག་དང་། བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་ས་རང་བདག་དང་། རང་སྲིད་རང་སྐྱོང་འོག་བོད་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་གྱི་ཁེ་ཕན་ཡོད་པའི་གཉིས་སྨན་གྱི་ཐབས་ལམ་ཞིག་ཡིན། རྣམ་དཔྱོད་དང་གོ་བ་ལྡན་པའི་མི་བུ་སུ་འདྲ་ཞིག་གིས་བལྟས་ཀྱང་དབུ་མའི་ལམ་དང་རང་བཙན་གཉིས་ལ་བར་ཁྱད་དང་ཧེ་བག་ཆེན་པོ་ཡོད་པ་ཤེས་ཐུབ། ཡིན་ནའང་། ཀྲུའུ་ཝུའེ་ཆོན་གཙོ་བོས་རྒྱ་ནག་གཞུང་གི་དཔོན་རིགས་མང་པོ་ཞིག་གི་བསམ་བློའི་ནང་ལ་རང་ཁེ་རང་རྒྱལ་ཁོ་ནས་ནད་ཡམས་ཀྱིས་ཁྱབ་ཡོད་པ་ལས། མི་མང་གི་ཁེ་ཕན་དང་། མི་མང་གི་བདེ་སྡུག རྒྱ་ནག་མི་མང་གི་ལ་རྒྱ་དང་། ཀྲུང་གོའི་འཆམ་མཐུན་བཅས་སུ་བསམ་བློ་རྩ་ནས་འཁོར་ཐུབ་ཀྱིན་མེད་པ་གསལ་པོ་ཡིན།

ཕྱི་ལོ་ ༢༠༡༡།༡༢།༡༢ ཉིན་ཀྲུའུ་ཝེའེ་ཆོན་གྱིས་ཡུ་རོབ་བྷེལ་ལྗམ་དུ་བོད་དོན་དང་འབྲེལ་བའི་དོན་ཆེན་གསུམ་ཞེས་པའི་ཐད་གཏམ་བཤད་བྱས་ཡོད། དེ་ནི་ཁ་བརྒྱ་སྟོང་ལ་གཏམ་བཤད་གཅིག་སྟེ་རྒྱ་ནག་དཔོན་རིགས་ཚོ་ཕྱིའི་རང་དབང་དང་མང་གཙོ་ལྡན་པའི་རྒྱལ་ཁབ་ཁག་ཏུ་སྐྱོད་སྐབས་རྩ་འཛུགས་ཀྱི་འཁྱོག་གཟུགས་རི་མོ་ཙམ་ཡིན་པས་ལན་འདེབས་བྱེད་དགོས་ཀྱི་གནས་བབ་མ་མཐོང་མོད། དོན་ཆེན་གསུམ་པ་ཞེས་པའི་ནང་བོད་ལྗོངས་སུ་དཔལ་འབྱོར་གྱིས་ཡར་རྒྱས་བཏང་རབས་གླེང་ཡོད། དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བ་ནི་ཆོས་ཉིད་ཅིག་ཡིན་ལ། རྒྱ་གཞུང་གིས་བོད་ཡར་རྒྱས་སུ་བཏང་བའི་རྩིས་ཉོག་དེ་དག་གླེང་དགོས་ན། བོད་ཀྱི་དགོན་སྡེ་ཁག་གཙོ་བོས་བོད་ས་ཡོངས་སུ་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་གསེར་དངུལ་ལ་སོགས་པའི་རིན་ཆེན་གཅེས་ནོར་གྱི་ཁྱིམ་མཛོད་ཚང་མ་རྐུ་འཕྲོག་བཅོམ་གསུམ་གྱིས་ཁྱེར་བའི་རིན་འབབ་གླེང་མི་དགོས་པ་གང་ཡིན་ནམ། ལོ་ངོ་དྲུག་བཅུའི་རིང་བོད་ཀྱི་ས་ཁྱོན་ཡོངས་སུ་རྫོགས་པར་གཏེར་ཁ་བསྔོག་འདོན་གྱིས་རིན་ཆེན་ཡོངས་སུ་རྫོགས་པའི་ཁེ་འབབ་ས་གནས་མི་མང་ལ་གང་ཡང་མེད་པར་རྒྱ་ནག་ཏུ་འབོར་འདྲེན་བྱེད་བཞིན་པའི་རིན་འབབ་རྩིས་རྒྱག་མི་དགོས་པ་ག་རེ་ཡིན་ནམ། ཀྲུའུ་ཝེའེ་ཆོན་གྱིས་སྐད་གསེང་མཐོན་པོས་བཤད་ཡོད་པ་ནི་ཕར་བཏང་གྱི་འགྲོ་སོང་ཙམ་ཡིན་མོད། ཚུར་ཡོང་གི་ཁེ་བཟང་སྐོར་ལ་ཟུར་ཙམ་ཡང་མ་བཤད་པ་ནི་གཅིག་བྱས་ན་བློ་ཡུལ་དང་ཚོད་དཔག་ལས་བརྒལ་བས་ཡིན་སྲིད། འབུམ་རམས་པ་བློ་བཟང་སེང་གེ་ཡི་བཀའ་ཤག་གིས་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་གནང་བཞིན་ཡོད་ལ། དབུ་མའི་ལམ་གྱི་ལངས་ཕྱོགས་འདི་ནི་དམར་ཕྱོགས་ཚོགས་པའི་དབུ་ཁྲིད་ཁག་ཅིག་ཕུད། རྒྱ་ནག་ཤེས་ལྡན་པ་དང་མི་མང་གིས་འདོད་ཚུལ་དང་མཐུན་པ་མ་ཟད། རང་དབང་དང་མང་གཙོའི་སྐལ་བཟང་གི་བདུད་རྩི་མྱོང་བཞིན་པའི་ཕྱིའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། གྲོས་ཚོགས་འཐུས་མི། དེ་བཞིན་མི་མང་བཅས་ཀྱིས་དྲང་བདེན་གྱི་ལངས་ཕྱོགས་ཐོག་ནས་དངོས་ཡོད་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།

ཀྲུའུ་ཝུའེ་ཆོན་གྱིས་བཤད་པ་ལྟར། རྒྱ་གཞུང་གི་དཔོན་རིགས་ཚོས་མེས་རྒྱལ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། བོད་ཀྱི་ཡུན་རིང་བདེ་འཁོད་བཅས་སུ་བསམ་བློ་གཏོང་གིན་ཡོད་ན། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ཀྱི་ས་ཁུལ་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་པའི་དངོས་ཡོད་ལ་བསམ་ཞིབ་བྱེད་དགོས་པ་དང་། ཕྱི་ལོ་ ༢༠༡༡ ལོར་བོད་ས་སྟོད་སྨད་ཀུན་ནས་བོད་རིགས་གཞོན་སྐྱེས་བཅུ་གཉིས་ཀྱིས་རང་ལུས་མེ་བསྲེགས་བཏང་བའི་དགོས་འདུན་ཁག་ངེས་པར་བསྒྲུབ་ཐུབ་པ་བྱེད་དགོས་པ་ཡིན། དེ་མིན་དམག་ཤུགས་དང་དྲག་ཤུགས་ཅི་ཙམ་ཆེ་ནའང་། རྒྱ་ནག་ནང་ཁུལ་དུ་གསར་འགྱུར་རྫུན་འགེབས་ཇི་ལྟར་བྱས་ན་ཡང་། བོད་རིགས་ཚང་མའི་སྙིང་ལ་གས་ཆགས་བཟོས་པའི་ལོ་རྒྱུས་བསུབ་ཐབས་མེད་ལ། བོད་མི་རེ་རེ་ཡི་ཚེ་སྲོག་གི་མཆོད་འབུལ་ཁྲོད་ན་བདེན་པ་དང་ལ་རྒྱ་སྲུང་བའི་ལས་འབྲས་ཀྱི་འོད་སྣང་འབྱུང་བར་སུས་ཀྱང་ཡིད་ཆེས་བྱེད་ཆོག་པ་ཡིན།

No comments:

Post a Comment