གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
༧གོང་ས་མཆོག་གིས་ཕྱི་ལོ་༢༠༡༢ ཟླ་༡ ཚེས་༡ ཉིན་རྡོར་གདན་དུ་ཆོས་ཞུ་བ་རྣམས་ལ་བསྩལ་བའི་བཀའ་སློབ་སྙིང་བསྡུས།
དེ་རིང་དུས་ཀྱི་འཁོར་ལོའི་སྐབས་འདིར་དུས་ཀྱི་འཁོར་ལོའི་གདན་རིམ་གྱི་དཀྱིལ་འཁོར་དང་འབྲེལ་བའི་ཐོག་ནས་བྱིས་པ་ལྟར་འཇུག་པའི་དབང་བདུན་དང༌། དབང་གོང་མ་བཞི། གོང་ཆེན་བཞི། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་བཅས་དབང་དེ་ཚོ་ཆ་ཚང་ཞིག་ཕུལ་རྒྱུའི་རྩིས་ཡིན། དེ་རིང་སློབ་མ་རྗེས་འཛིན་བྱེད་རྒྱུ་དེ་རེད། རྒྱུན་ལྡན་སློབ་མ་རྗེས་འཛིན་དེ་སྦྱིན་བདག་གཙོ་བོ་དེ་ཚོའི་གྲས་ཉུང་ཤས་ཤིག་ལ་སློབ་མ་རྗེས་འཛིན་བྱེད་པ་དེ་ཕྱག་སྲོལ་དེ་འདྲ་རེད། དེ་རིང་འདིར་ཕྱོགས་མཐའ་ནས་མི་མང་པོ་ཞིག་འཛོམས་ཚར་ཡོད་པ་རེད། དེ་འདྲ་ཡིན་དུས་མང་ཚོགས་གཅིག་ཐུག་བཞག་ན་ཉི་མ་གཅིག་ཆོས་ཐུན་གཅིག་གི་བཟོ་འདྲ་ཞིག་ཡོང་གི་ཡོད་པ་རེད། བྱས་ཙང་སློབ་མ་རྗེས་འཛིན་དེ་མང་ཚོགས་བྱས་ནས་བྱེད་རྒྱུ་ཡིན། དེ་རིང་འདིར་གོང་དུ་ཞུས་པ་ནང་བཞིན་གནས་ཁྱད་པར་ཅན། རྒྱལ་བ་རང་ཉིད་སངས་རྒྱས་པའི་གནས་དང་། སྟོན་པ་བཀའ་དྲིན་ཅན་དེ་ལོ་༢༦༠༠ ཙམ་ཕྱིན་བསྡད་པའི་རིང་། གཙོ་བོ་རྒྱ་གར་འཕགས་པའི་ཡུལ་དུ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ། ཐོགས་མེད་སྐུ་མཆེད་ལ་སོགས་པས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཞིག་ཆགས་བསྡད་ཡོད་པ་རེད། བོད་གངས་ཅན་གྱི་ལྗོངས་སུ་ཡིན་ནའང་། རྒྱ་གར་དུ་སློབ་གཉེར་གནང་བར་ཕེབས་པ་དང་། ལེགས་སྦྱར་སློབ་སྦྱོང་གནང་བར་ཕེབས་པ་སོགས་མང་པོ་ཞིག་གིས་ཞབས་ཀྱིས་བཅགས་ཡོད་པ་རེད། བོད་ཀྱི་ཙ་མི་སངས་རྒྱས་ཡེ་ཤེས་ཞེས་པ་ཞིག་གིས་རྡོ་རྗེ་གདན་གྱི་མཁན་པོ་གནང་བ་རེད། དེ་དང་དེ་ལྟ་བུ་བོད་གངས་རིའི་ལྗོངས་ཀྱི་བསྟན་འཛིན་གྱི་སྐྱེས་བུ་མང་པོ་ཞིག་གིས་ཞབས་ཀྱིས་བཅགས་པ་དེ་འདྲ་རེད། རྒྱ་ནག་ལ་ནང་པ་སངས་རྒྱས་པའི་བསྟན་པ་བོད་ལ་མ་དར་སྔོན་ལོ་༣༠༠ ཙམ་ནས་དར་བ་རེད། རྒྱ་ནག་ནས་རྒྱ་ཡི་མཁན་པོ་མང་པོ་ཞིག་གིས་དཀའ་ལས་མང་པོ་ཞིག་བརྒྱབ་ནས་འདིར་ཕེབས། གང་ལྟར་གནས་མཆོག་རྡོ་རྗེ་གདན་ཞེས་པ་དེ་འཛམ་གླིང་གི་ནང་པའི་ཡུལ་གྲུ་ཚང་མས་ཕྱག་མཆོད་འབུལ་དང་སྨོན་ལམ་འདེབས་ཡུལ། ནང་པ་སངས་རྒྱས་པ་ཡོངས་ཀྱི་གནས་ཆེན་ཞིག་རེད། ཚད་ལྡན་གྱི་ངག་ནས་འདི་འདྲ་གསུངས་པ་ཡོང་གི་འདུག རྡོ་རྗེ་གདན་དུ་དུས་འཁོར་ཚར་གཅིག་ཐོབ་པ་ཡིན་ན་དུས་འཁོར་དབང་ཆེན་ཐེངས་བདུན་ཐོབ་པའི་ཕན་ཡོན་ཡོད་པ་རེད་ཅེས། དེ་འདྲ་ཐོས་རྒྱུ་ཡོང་གི་འདུག ད་རེས་མི་མང་པོས་དཀའ་ངལ་མང་པོ་ཞིག་ཁྱད་དུ་བསད་ནས་འདིར་ཡོང་བ་རེད། ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་རེས་དུས་ཚོད་དེ་ཡང་མ་བསྒྲིགས་རང་འགྲིག་ལྟ་བུ་ཆགས་པ་རེད། ཕྱི་ལོ་༢༠༡༢ ལོའི་ཟླ་༡ ཚེས་༡ ལ་འཁེལ་བསྡད་ཡོད་པ་རེད། འཛམ་གླིང་པ་སྤྱི་ཡི་ལུགས་ཀྱི་ལོ་གསར་དང་ཁེལ་བསྡད་ཡོད་པ་ཡིན་དུས་ཕྱི་ལོའི་ལོ་གསར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། ༼བཞད་མོ་བཞད།༽འཛམ་བུའི་གླིང་འདིའི་ནང་འགྱུར་བ་མང་པོ་ཞིག་འགྲོ་སྡོད་ཀྱི་ཡོད་པ་རེད། གང་ལྟར་དུས་རབས་ཉི་ཤུ་པའི་མཇུག་ཏུ་འཛམ་བུའི་གླིང་འདིའི་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་མང་པོ་ཞིག་ཡོང་སྡོད་ཀྱི་ཡོད་པ་རེད། དེའི་ནང་ནས་མང་པོ་ཞིག་གིས་དངོས་པོའི་དཔལ་ཡོན་རྐྱང་རྐྱང་ལ་བསམ་བློ་གཏོང་སྡོད་པ་ལས། དུས་རབས་ཉི་ཤུ་པའི་སྨད་ཆ་རུ་གཞི་ནས་ཕྱིའི་དངོས་པོའི་ཡར་རྒྱས་ཙམ་ཡོད་པ་ཡིན་ནའང་། ནང་སེམས་ཀྱི་བདེ་སྐྱིད་ཡོད་པའི་ངེས་པ་མེད་པ་བྱས། ནང་སེམས་ཀྱི་རྣམ་གཞག་ལ་དོ་སྣང་གསར་པ་སླེབས་བསྡད་པ་ཞིག ཚན་རིག་པའི་ནང་ནས་ཡིན་ནའང་ཀླད་རྩ་ཕྲ་མོའི་རྣམ་གཞག་ལ་ཞིབ་འཇུག་བྱེད་མཁན་དེ་ཚོའི་གྲས་ཀྱིས་ཀླད་པ་དང་སེམས་ཀྱི་བར་ལ་འབྲེལ་བ་ཞེ་བོ་ཞིག་ཡོད་པ་ཡིན་དུས་སེམས་ཀྱི་རྣམ་གཞག་ལ་དོ་སྣང་གསར་པ་ཞིག་ཀྱང་སླེབས་བསྡད་པ། ཉམས་ཞིབ་བྱེད་རྒྱུའི་མགོ་ཞིག་ཚུགས་བསྡད་ཡོད་པ་རེད། དུས་རབས་ཉེར་གཅིག་པ་དེ་དུས་རབས་ཉི་ཤུ་པའི་སྨད་ཆ་ནས་མུ་མཐུད་དེ་འགྲོ་བསྡད་པ་ཞིག་ཆགས་བསྡད་ཡོད་པ་རེད། ད་ལྟ་སེམས་ཀྱི་ཐོག་ལ་དོ་སྣང་གསར་པ་ཞིག་སླེབས་བསྡད་པའི་སྐབས་ལ། སེམས་ལ་བཟོ་བཅོས་རྒྱག་རྒྱུ་དང་དེའི་རྣམ་གཞག་ཐོག་ལ་འགྲེལ་བཤད་ཞིབ་ཚགས་པོ་བརྒྱབ་པ་དེ་གནའ་རབས་རྒྱ་གར་གྱི་ཆོས་བརྒྱུད་དེ་གཅིག་པུ་རེད། ཆོས་བརྒྱུད་གང་ཞིག་ལ་ཞི་གནས་དང་ལྷག་མཐོང་གི་རྣམ་གཞག་ཡོད་པ་དེ་ལ་སེམས་ཀྱི་རྣམ་གཞག་དང་། སེམས་ལ་བཟོ་བཅོས་རྒྱག་སྟངས་མང་པོ་ཞིག་ཡོད་པ་རེད། འདི་ཚོའི་གྲས་ལ་དེ་རིང་ཁ་སང་དོ་སྣང་གསར་པ་སླེབས་བསྡད་པ་ཞིག་ཆགས་བསྡད་འདུག དེ་རིང་འདིར་ང་རང་ཚོ་རྒྱ་གར་ནང་དུ་ཡོད་བསྡད་མཁན་ནང་དུ་བྱེས་ཀྱི་གདན་ས་གསུམ་རེད། དེས་མཚོན་པའི་རིས་སུ་མ་ཆད་པའི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ཆོས་བརྒྱུད་མང་པོ་ཞིག་གིས་རབ་བྱུང་ཕོ་མོ་མང་པོ་ཞིག་འདིར་ཕེབས་ཡོད་པ་རེད། འདིར་ཆོས་བརྒྱུད་ཀྱི་དབུ་ཁྲིད་ཁག་ཕེབས་པ་དང་ཕེབས་འགྱུར་ཞེས་དེ་འདྲ་རེད།
གཙོ་ཆེ་བ་ཞིག་བོད་ནས་ཚུར་ཡོང་བསྡད་པ་ཁྱེད་རང་ཚོ་མང་པོ་ཞིག་འདིར་སླེབས་བསྡད་འདུག་གཱ། ཁྱེད་རང་ཚོ་གསར་འབྱོར་དེ་ཚོས་ཕྱག་ཅིག་རྐྱོངས་དང། ཨོ་ཡ་ཁྱེད་རང་ཚོ་དང་ངོ་ཡང་ཡང་ཐུག་རྒྱུའི་གོ་སྐབས་ཡོད་པ་མ་རེད། ལྷག་པར་དུ་བོད་ནང་དུ་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེར་རྒྱ་ནག་གི་མགོ་ཁྲིད་སྦུ་སུག་དོག་པོ་ཚོས་བོད་པའི་ཆོས་དང་རིག་གནས་ཞེས་པ་དེ་གོ་དུས་ཏོག་ཙམ་མ་བདེ་བ་ཞིག་གི་ཐོག་ནས་དམ་དྲག་བྱེད་སྡོད་ཀྱི་ཡོད་པ་རེད། ཁྱེད་རང་ཚོས་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་ལ་འགལ་རྐྱེན་མང་པོ་ཞིག་འཕྲད་སྡོད་ཀྱི་འདུག ཁྱེད་རང་ཚོས་ད་རེས་ངལ་བ་ཁྱད་དུ་བསད། དཀའ་ངལ་དང་དུ་བླངས་ནས་འདིར་ཡོང་བ་རེད། ད་རེས་འདིར་དུས་འཁོར་དབང་ཆེན་གྱི་གདུལ་བྱ་གཙོ་བོ་ཁྱེད་རང་ཚོ་ཡིན་དཱ། གཟབ་གཟབ་བྱས་ནས་ཉོན་ཨ། ཤེས་སོང་ངམ།
དེ་ནང་བཞིན་རྒྱ་ནག་ནས་ཕེབས་པ་དང་། འཛམ་གླིང་འདིའི་ནང་དུ་ཡོད་པའི་རྒྱ་རིགས་ཚོ་ཕ་མེས་ནས་ནང་པ་སངས་རྒྱས་པ་དང་འབྲེལ་བ་ཞེ་དྲག་ཡོད་པ་རེད། རྒྱ་ནག་རྒྱལ་ཁབ་དེ་ཧ་ལམ་ནང་པའི་རྒྱལ་ཁབ་ལ་ངོས་འཛིན་བྱེད་ཆོག་པ་ཞིག་རེད། དེ་འདྲ་ཡིན་དུས་རྒྱ་རིགས་སིང་གྷ་པོར་དང་། ཐེ་ཝན་དང་། མ་ལེ་ཤི་ཡ་བཅས་སུ་ཡོད་པའི་རྒྱ་རིགས་མང་པོ་ཞིག་འབྱོར་བསྡད་ཡོད་པ་རེད། ལྷག་པར་དུ་རྒྱ་ནག་སྐམ་ས་ཆེན་པོ་ནས་ཁྱེད་རང་ཚོ་རྒྱ་རིགས་གང་འཚམས་ཤིག་འདིར་འབྱོར་བསྡད་ཡོད་པ་རེད། ཁྱེད་རང་ཚོར་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་རེད་དེ། ཡིན་ནའང་ཆོས་དོན་དུ་གཉེར་ནས་དཀའ་ངལ་ཁྱད་དུ་བསད་དེ་ཁྱེད་རང་ཚོ་འདིར་ཡོང་བ་རེད། ཁྱེད་རང་ཚོ་ཡང་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོ་ཡིན།
ཧི་ལ་ཡའི་རི་རྒྱུད་འབྲུག་དང་བཅས་པ་དེ་ཚོ་བོད་གངས་ཅན་ལྗོངས་དང་འདབས་འབྲེལ་བསྡད་པ་ཞིག་དང་། དེ་དག་གི་ནང་པ་སངས་རྒྱས་པའི་ཆོས་དེ་བོད་ནས་དར་བ་རེད། ཐོག་མ་ཉིད་ནས་ནང་པ་སངས་རྒྱས་པའི་ཆོས་དེ་རྒྱ་གར་ནས་བོད་དུ་དར། བོད་ཀྱི་ཉེ་འདབས་དེ་ཚོར་བོད་ནས་དར། དཔེར་ན་མི་ཚང་འབྱོར་ལྡན་དེ་ཚོར་སྤྱོད་འཇུག་སོགས་དཔེ་ཆ་ཡོད་པ་དང་། ད་དུང་དགོན་པ་དེ་ཚོར་བཀའ་འགྱུར་བསྟན་འགྱུར་ཡོད་བསྡད་པ་དེ་ཚོ་ཡོངས་གྲགས་ཆགས་བསྡད་ཡོད་པ་རེད། ཁྱིམ་ཚང་ཉམས་ཆུང་དེ་ཚོར་ཡང་བརྒྱད་སྟོང་པ་དང་མདོ་སྡེ་བསྐལ་བཟང་སོགས་བོད་ཡིག་ནང་ཡོད་པ་དེ་འདྲ་ཆགས་བསྡད་ཡོད་པ་རེད། བར་སྐབས་ཧི་མ་ལ་ཡའི་རི་རྒྱུད་ནས་བོད་ཀྱི་ནང་ཆོས་བྱེད་མཁན་དེ་ཚོར་དོ་སྣང་གསར་པ་ཞིག་སླེབས་ནས། ཆོས་ཟེར་བ་དེ་སློབ་སྦྱོང་བྱེད་རྒྱུ་ཞིག་རེད་བསམ་པའི་དོ་སྣང་གསར་པ་ཞིག་སླེབས་སྡོད་ཀྱི་འདུག ཅེས་སོགས་དང། སྔར་སངས་རྒྱས་པའི་ཆོས་དང་འབྲེལ་བ་མེད་བསྡད་མཁན་ཕྱིའི་ཡུལ་གྲུ་ཁག ཨ་རི་དང་ཡུ་རོབ་ཀྱི་ལུང་པ་མང་པོ་ཞིག་གི་ནང་དུ་དེ་རིང་ཁ་སང་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་སྡོད་མཁན་ཞིག་ཡོང་སྡོད་ཀྱི་ཡོད་པ་རེད། དེ་ཚོའི་ནང་ནས་མི་གང་འཚམས་ཤིག་འདིར་ཕེབས་བསྡད་ཡོད་པ་རེད། ཁྱེད་རང་ཚོ་ལ་དེ་རིང་དམིགས་བསལ་གྱིས་Happy New Year ཕྱི་ལོའི་ལོ་གསར་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ༼བཞད་མོ་བཞད།༽ དེ་ནས་སང་གནངས་གཉིས་ས་ཆོག་རེད། དེའི་རྗེས་ནས་སྔོན་འགྲོའི་ཆོས་འབྲེལ་དེ་ཚོ་བྱེད་ཀྱི་རེད། ཞིབ་ཕྲ་དེ་དུས་ཡོང་གི་རེད། སྤྱི་ཡོངས་ནས་གཅིག་ཞུ་སྙིང་འདོད་སོང་། ང་རང་ཚོ་སངས་རྒྱས་པའི་ཆོས་བྱེད་མཁན་ཚོ་རྒྱ་མི་ཡིན་ནའང་འདྲ། ཀོ་རི་ཡ་ཡིན་ནའང་འདྲ། ཝི་ཏི་ནམ་ཡིན་ནའང་འདྲ། དེ་ག་ནང་བཞིན་འབར་མ། ཐེ་ལན། ཤྲི་ལངྒ། ལའོ་སི། ཀམ་པོ་ཌི་ཡ། བོད་གངས་ཅན་གྱི་ལྗོངས་དང་འདབས་འབྲེལ་བའི་ནང་པ་ཚོ་དང་། ང་རང་ཚོ་ནང་པའི་ཆོས་ལ་དོ་སྣང་ཡོད་མཁན་ཚོ་ནང་པའི་ཆོས་ཞེས་པ་དེ་སྨོན་ལམ་བརྒྱབ་སྡོད་པ་ཞིག་མ་རེད་དཱ། ནང་པ་སངས་རྒྱས་པའི་ཆོས་དེ་སེམས་ལ་བཟོ་བཅོས་རྒྱག་ཐབས་ཤིག་རེད། སངས་རྒྱས་ལ་སྐྱབས་སུ་མཆིའོ་ཟེར་གྱི་ཡོད་པ་རེད་དེ། གཙོ་བོའི་གཙོ་བོ་ཆོས་ལ་སྐྱབས་སུ་མཆིའོ་གསུང་གི་འདུག་གཱ། ཆོས་ལ་སྐྱབས་སུ་མཆིའོ་ཟེར་བ་དེ་སོ་སོའི་སེམས་རྒྱུད་འགྱུར་བ་བཏང་ནས་བདེན་པ་མངོན་སུམ་དུ་མཐོང་བའི་བློ་ཞིག་སྐྱེ་ཐུབ་པ་དང་། བདེན་པ་མངོན་སུམ་དུ་མཐོང་བའི་བློ་ཞིག་སྐྱེ་ཡོང་དུས་བདེན་པ་ལ་ཕྱིན་ཅི་ལོག་པའི་བློ་སྐྱེ་བསྡད་པ་དེ་ཚོ་རང་བཞིན་གྱིས་སེལ་འགྲོ་ཡི་ཡོད་པ་རེད། རང་བཞིན་གྱིས་མེད་པ་ཆགས་འགྲོ་ཡི་ཡོད་པ་རེད། དེ་འདྲ་ཞིག་ལ་ཆོས་དཀོན་མཆོག་ཟེར་གྱི་ཡོད་པ་རེད། བདེན་པ་མངོན་སུམ་དུ་མཐོང་བའི་བློ་ཞིག་དང་། བདེན་པ་མངོན་སུམ་དུ་རྟོགས་པའི་བློ་ཞིག་གིས་ཕྱིན་ཅི་ལོག་པའི་བློ་ཞིག་སྤངས་པའི་ཐོག་ནས་བྲལ་བ་ཞིག་ཐོབ་ཡོང་གི་ཡོད་པ་རེད། དེ་ཚོ་ཆོས་དཀོན་མཆོག་ངོ་མ་དེ་རེད། སངས་རྒྱས་དཀོན་མཆོག སངས་རྒྱས་བཅོམ་ལྡན་འདས་དེ་ལྟ་བུའི་ཆོས་དེ་སྟོན་མཁན་རེད་མ་གཏོགས། སྐྱབས་དངོས་དེ་ཆགས་ཡོད་པ་མ་རེད། དེ་ལྟ་བུའི་ཆོས་དཀོན་མཆོག་མངོན་དུ་གྱུར་ནས་རིམ་པས་རིམ་པས་ཇེ་ཟབ་ཇེ་ཟབ་ཏུ་འགྲོ་སྡོད་མཁན་ཞིག་ལ་སློབ་པའི་དགེ་འདུན་ཟེར་གྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ང་རང་ཚོ་སངས་རྒྱས་པའི་ཆོས་པ་ཞིག་གིས་ཆོས་བྱེད་སྟངས་དེ་སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་ལབ་དུས་གང་གི་ཐུགས་རྒྱུད་ན་ཡོད་པའི་ཆོས་དེ་ལ་སྐྱབས་སུ་མཆིའོ་ཞེས་པ་གཅིག་པུ་མ་ཡིན་པར། འབྱུང་འགྱུར་ང་རང་ཚོའི་རྒྱུད་ལ་བདེན་པ་མངོན་སུམ་དུ་མཐོང་བའི་བློ་དེ་དང་། དེའི་སྤང་བྱ་སྤངས་པའི་བྲལ་བའི་ཡོན་ཏན་དེ་རང་གི་རྒྱུད་ལ་སྐྱེ་བ་ཞིག་བྱུང་ན། འཇིགས་པ་ལས་སྐྱོབ་རྒྱུའི་མགོ་དང་པོ་དེ་ཚུགས་ཡོང་གི་ཡོད་པ་རེད། ཤེས་སོང་ངམ། དེ་འདྲ་ཡིན་དུས་སངས་རྒྱས་པའི་ཆོས་ལ་སྐྱབས་སུ་སོང་ན་ཆོས་དཀོན་མཆོག་དེ་ངོ་ཤེས་པའི་ཐོག་ནས་ཆོས་དཀོན་མཆོག་དེ་སྐྱབས་ངོ་མ་དེ་རེད། འཇིགས་པ་ལས་སྐྱོབ་པའི་སྐྱབས་ངོ་མ་དེ་ང་རང་གི་རྒྱུད་ལ་སྐྱེ་བར་བྱེད་རྒྱུ་ཡིན་བསམ་པ་དེ་སྐྱབས་སུ་འགྲོ་སྟངས་ངོ་མ་དེ་རེད། སོ་སོས་འགུལ་བསྐྱོད་གང་ཡང་མ་བརྒྱབ་པ་བྱས། སངས་རྒྱས་མཁྱེན་ཞེས་ལབ་བཞག་པས་འགྲིག་གི་ཡོད་པ་མ་རེད། བཅོམ་ལྡན་འདས་རང་ཉིད་ཀྱིས། ངས་ནི་ཁྱེད་ལ་ཐར་པའི་ལམ་བསྟན་གྱི།། ཐར་པ་རང་ལ་རག་ལས་ཤེས་པར་གྱིས།། ཞེས་གསུངས་གསུངས་འདུག་གཱ། བཅོམ་ལྡན་འདས་ཁོང་ཉིད་ཀྱིས་སྤངས་རྟོགས་མངོན་དུ་བྱས་བཞག་པའི་ཉམས་མྱོང་གི་ཐོག་ནས་ལམ་དེ་བསྟན་ཡོད། ཁོང་གི་ཐུགས་རྒྱུད་ལ་མངོན་དུ་གྱུར་པའི་སྤང་རྟོགས་ཀྱི་ཡོན་ཏན་དེ་དག་ཐོབ་དང་མི་ཐོབ་ཟེར་བ་དེ་ཁྱེད་རང་ཚོ་ལ་རག་ལས་པ་རེད། ངས་ལམ་བསྟན་པ་ནང་བཞིན་བྱས་ན་བཅོམ་ལྡན་འདས་ཁོང་ཉིད་ལྟ་བུའི་སྤང་རྟོགས་མཐར་ཕྱིན་པ་ཞིག་ཡོང་ཐུབ་ཀྱི་རེད་མ་གཏོགས། བཅོམ་ལྡན་འདས་ཁོང་ཉིད་ཀྱི་ཐུགས་རྒྱུད་ཀྱི་ཡོན་ཏན་དེ་དག་མར་གདུལ་བྱ་རྣམས་ལ་བྱིན་རླབས་གནང་ནས་རྟོགས་པ་སྐྱེ་བ་ལ་སོགས་པ། སེམས་ཅན་གྱི་སྡུག་བསྔལ་ཕྱག་གིས་སེལ་ཐུབ་པ་དང། སྡིག་པ་ཆུ་ཡིས་བཀྲུས་པ་ལྟ་བུ་ཡོད་པ་མ་རེད་ཅེས། དེ་ཡང་མདོ་ཡི་ནང་དུ་གསུངས་འདུག་གཱ། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་པས།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ཞེས་གསུངས་ཡོད་པ་རེད། བཅོམ་ལྡན་འདས་ཀྱིས་ཉམས་མྱོང་གི་ཐོག་ནས་བདེན་པའི་གནས་ལུགས་མངོན་དུ་གྱུར་པ་དེ་དག་བསྟན། གདུལ་བྱས་དེ་ཚུལ་བཞིན་ཉམས་སུ་བླངས་ན་ང་རང་ཚོས་བཅོམ་ལྡན་འདས་དང་འདྲ་བ་ཞིག་བྱེད་ཐུབ་པ། གང་ལྟར་ང་རང་ཚོ་སངས་རྒྱས་པའི་ཆོས་པ་ཞིག་གིས་ང་རང་ཚོའི་མཐར་ཐུག་གི་དམིགས་ཡུལ་དེ་སངས་རྒྱས་ཀྱི་གོ་འཕངས་དེ་རེད། སངས་རྒྱས་ཀྱི་གོ་འཕངས་དེ་ང་ཚོའི་འཐོབ་བྱ་དེ་ཡིན་ད་བསམ་པ་ཞིག་ཤེས་པ་བྱས། དེའི་སྒྲུབ་བྱེད་ཀྱི་ཐབས་དེ་ཉིན་རེ་བཞིན་དུ་ལག་ལེན་དུ་བསྟར་རྒྱུའི་མགོ་བཙུགས་ནས་འགྲོ་དགོས་པ་ཞིག་ཡིན་པ་རེད། ཅེས་སོགས་ཟབ་ཅིང་རྒྱ་ཆེ་བའི་གསུང་ཆོས་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་རེད།།
No comments:
Post a Comment