Saturday, December 18, 2010

ཨ་རོ་ན་ཅལ་མངའ་སྡེ་ནས་བོད་མི་ ༡༠༠༠ ཁེ་ན་ཌར་ལེན་རྒྱུ་ཡིན། འདོན་སྤེལ། ༢༠༡༠/༡༢/༡༩

ཨ་རོ་ན་ཅལ་མངའ་སྡེ་ནས་བོད་མི་ ༡༠༠༠ ཁེ་ན་ཌར་ལེན་རྒྱུ་ཡིན།
འདོན་སྤེལ། ༢༠༡༠/༡༢/༡༩



ཁེ་ན་ཌ་གཞུང་གིས་འབྱུང་འགྱུར་གྱི་ལོ་ ༥ རིང་རྒྱ་གར་ཤར་ཕྱོགས་ཀྱི་ཨ་རོ་ན་ཅལ་མངའ་སྡེ་ནས་བོད་མི་ ༡༠༠༠ སྐྱབས་བཅོལ་ལ་ལེན་རྒྱུ་ཡིན་ཟེར།

ཕྱི་ཚེས་ ༡༨ ཉིན་ཁེ་ན་ཌའི་མི་སེར་དང་ཡུལ་མི་གནས་སྤོར་ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར་ན། ཁེ་ན་ཌ་གཞུང་གིས་ཨ་རོ་ན་ཅལ་མངའ་སྡེ་ཡི་བོད་མི་ ༡༠༠༠ སྐྱབས་བཅོལ་དུ་ལེན་རྒྱུ་ཡིན་སྐོར་མི་སེར་དང་ཡུལ་མི་གནས་སྤོར། རིག་གཞུང་སྣ་འཛོམས་རིང་ལུགས་ལྷན་ཁང་གི་བློན་ཆེན་རྗ་སོན་ཁེན་ནེ་ཡིས་བཤད་འདུག

ཁོང་གིས་བཤད་དོན། ༼ཁེ་ན་ཌ་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཚོར་སྒོ་ཕྱེ་བ་འདི་ནི་ཁེ་ན་ཌ་ཡི་སྲོལ་རྒྱུན་གྱི་མི་ཆོས་རིང་ལུགས་ལ་འབྲེལ་བ་ཡོད། ང་ཚོས་རྒྱ་གར་གཞུང་དང་ཁེ་ན་ཌའི་བོད་རིགས་སྤྱི་ཚོགས་མཉམ་དུ་ལས་གཞི་འདིའི་ཐད་ལས་ཀ་སྒྲུབ་རྒྱུར་རེ་བ་བྱེད་ཀྱིན་ཡོད་ལ། བོད་མི་དེ་དག་ཁེ་ན་ཌ་ཕེབས་རྒྱུར་དགའ་བསུ་ཞུ་གིན་ཡོད་༽ཟེར།

ཁོང་གིས་མུ་མཐུད་ནས་གསུངས་དོན། ༼ངས་རྒྱ་གར་གཞུང་གིས་དུས་ཡུན་རིང་པོ་ཞིག་ལ་བོད་མི་ཚོར་རྒྱབ་སྐྱོར་བྱས་པར་ངོས་འཛིན་ཞུ་གིན་ཡོད་ལ། འདི་ནི་ཁེ་ན་ཌ་གཞུང་གིས་རྒྱ་གར་གཞུང་ལ་མི་རིགས་ཉམ་ཐག་འདིར་རྒྱབ་སྐྱོར་བྱས་པར་རོགས་རམ་བྱེད་རྒྱུའི་གོ་སྐབས་ཤིག་རེད།༽ཟེར།

འདི་ནི་ཁེ་ན་ཌ་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཚོར་རོགས་རམ་བྱེད་ཐེངས་དང་པོ་དེ་མིན། ༡༩༧༢ ལོར་ཁེ་ན་ཌ་གཞུང་གིས་རྒྱ་གར་བྱང་ཕྱོགས་སུ་གཞིས་ཆགས་པའི་བོད་རིགས་ ༢༣༠ སྐྱབས་བཅོལ་དུ་བླངས་ཡོད། ཐེངས་འདིར་བོད་མི་ ༡༠༠༠ ཚུར་ལེན་རྒྱུ་འདི་ནི་ཁེ་ན་ཌ་གཞུང་གིས་བོད་པའི་སྤྱི་ཚོགས་ལ་འབྲེལ་བ་བྱེད་ཕྱོགས་ཀྱི་མིག་དཔེ་གཞན་ཞིག་ཡིན་ཟེར

No comments:

Post a Comment