Wednesday, January 4, 2012

པདྨ་བཀོད་པའི་བླ་ཆེན་གཙོ་བོ་གདུང་སྲས་ཕྲིན་ལས་ནོར་བུ་སྐུ་གཤེགས་པ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

སྔ་འགྱུར་རྙིང་མ་པའི་བླ་ཆེན་གདུང་སྲས་ཕྲིན་ལས་ནོར་བུ་མཆོག་མཛད་བསྡུས་ངོ་སྤྲོད། སྔ་འགྱུར་བསྟན་པའི་རིགས་བདག་༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གི་གདུང་སྲས་གྲུབ་དབང་ཕྲིན་ལས་ནོར་བུ་མཆོག
ཕྱི་ལོ་༢༠༡༢ ཟླ་༡༡ པའི་ཚེས་༢༦ ལ་དགོངས་པ་མྱ་ངན་ལས་འདའ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག སྔ་འགྱུར་བསྟན་པའི་གསལ་བྱེད་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ་མཆོག་ནི། བོད་རབ་བྱུང་བཅུ་དྲུག་པའི་ལྕག་ལུག་ཕྱི་ལོ་༡༩༣༡ ལ། ཡབ་མཁས་གྲུབ་བྱེ་བའི་གཙུག་རྒྱན་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་དང་། ཡུམ་ཚེ་བརྟན་གཡུ་སྒྲོན་རྣམ་གཉིས་ཀྱིས་སྲས་སུ་ལྷ་ས་རྒྱལ་འབུམ་སྒང་གི་ཉེ་འདབས་སུ་སྐུ་འཁྲུངས་ཤིང་། ཡབ་ཀྱིས་ཁོང་གི་མཚན་ལ་འཇིགས་མེད་ཚེ་དབང་ཕྲིན་ལས་ནོར་བུ་ཞེས་གསོལ། དགུང་གྲངས་༨ དུ་མ་སོན་བར་ཡབ་ཡུམ་གཉིས་དང་ལྷན་དུ་བཞུགས་ཤིང་། དགུང་གྲངས་༩ བཞེས་པའི་སྐབས་སྔ་འགྱུར་རྙིང་མ་པའི་མ་དགོན་ཆེན་པོ་དྲུག་གི་ཡ་གྱལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཆོས་ཞུགས་གནང་ནས། དགུང་གྲངས་༡༧ བར་དེར་བཞུགས་ནས་པདྨ་བཀའ་ཐང་སོགས་ལ་སྦྱོར་ཀློག་འབྲུ་འགྲེལ་དཔྱིས་ཕྱིན་པ་དང་། རྩ་རྒྱུད་གསང་བ་སྙིང་པོ། སྡོམ་གསུམ་རྣམ་ངེས། ཆོས་སྤྱོད་ཀྱི་རིགས་གང་མང་དང་། ལོ་རེའི་རྩ་གསུམ་སྒྲུབ་མཆོད་མི་འདྲ་བ་ཁག་གི་ཞལ་འདོན་ལས་བྱང་སྒྲུབ་ཁོག་སོགས་ཐུགས་འཛིན་དང་ཉམས་བཞེས་མཛད།


དགུང་གྲངས་༡༧ པར་ཡབ་ཡུམ་གྱི་སྐུ་དྲུང་དུ་ཕྱིར་ཕེབས་ཤིང་། དེ་ནས་ཡབ་ཀྱི་གདན་ས་ཀོང་པོ་བུ་ཆུ་གསེར་གྱི་ལྷ་ཁང་སོགས་སུ་ཡབ་དང་མཉམ་དུ་བྱོན་པའི་རིང་ཡབ་ཀྱི་དྲུང་ནས་བཀའ་གཏེར་གྱི་སྨིན་གྲོལ་དཔག་ཏུ་མེད་པ་གསན། རིམ་གྱིས་ཏིལ་མགོའི་མཁྱེན་བརྩེ་རིན་པོ་ཆེ་དང་། བླ་མ་ཨོ་རྒྱན་རིག་འཛིན། བྱ་བྲལ་སངས་རྒྱས་རྡོ་རྗེ། རྣལ་འབྱོར་བ་ཆེན་པོ་དགེ་འདུན་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། རྡོ་གྲུབ་རིན་པོ་ཆེ་སོགས་ཀྱི་དྲུང་ནས་ཀྱང་སྔ་འགྱུར་བཀའ་གཏེར་གྱི་ཆོས་སྐོར་ཕལ་མོ་ཆེར་གསན་བཞེས་མཛད་ཅིང། ཁྱད་པར་ཡབ་བདུད་འཇོམས་རིན་པོ་ཆེའི་མདུན་ནས་བདུད་འཇོམས་སྐུ་ཕྲེང་གོང་འོག་གི་ཟབ་གཏེར་རྒྱ་མཚོ་ལྟ་བུའི་བཀའ་ལུང་དབང་གསུམ་ཡོངས་སུ་རྫོགས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང་ཐུགས་ཉམས་སུ་བཞེས་པས། ཡབ་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས། ༑ རིགས་ཀྱི་བུ་འཇིགས་མེད་ཕྲིན་ལས་ནོར་བུ་འདི་ལ་བདུད་འཇོམས་ཟབ་ཆོས་ཡོངས་རྫོགས་ཀྱི་དབང་ལུང་མན་ངག་བཀའ་རྫོགས་ལུང་རྫོགས་སུ་གདམས་པ་ཡིན་པས། དོན་བརྒྱུད་ཀྱི་གཉེར་ཁ་ཐུབ་པར་གྱིས་ཤིག་ཅེས་ལུང་བྱིན་པ་ཡིན། ལྷ་རིགས་ཀྱི་སྔགས་པ་ཕ་རྒན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཛ་ཡནྟུ། ཞེས་དོན་བརྒྱུད་བསྟན་པའི་བདག་པོར་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་མཛད། གཞན་ཡང་ཡབ་བདུད་འཇོམས་རིན་པོ་ཆེ་མཆོག་གིས། གྲུབ་པའི་དབང་ཕྱུག་བི་མ་ལ་རསྨི།། ཀུན་མཁྱེན་བསམ་ཡས་པ་ཡི་རྣམ་པར་འཕྲུལ།། དྲི་མེད་འོད་ཟེར་ཐུགས་ཀྱི་སྤྲུལ་པ་མཆོག། འཇིགས་མེད་ཕྲིན་ལས་ནོར་བུར་གསོལ་བ་འདེབས།། ཞེས་དང་། ཏིལ་མགོའི་མཁྱེན་བརྩེ་རིན་པོ་ཆེས། རྒྱལ་ཀུན་ཕྲིན་ལས་ཤིང་རྟ་མཚོ་སྐྱེས་རྗེའི།། རྣམ་འཕྲུལ་པདྨའི་གདུང་འཚོབ་ཆེན་པོ་ཡི།། སྐུ་གསུང་ཐུགས་སྲས་བཀའ་གཏེར་བསྟན་པའི་བདག། ཐུགས་བསྐྱེད་ནོར་བུས་མཛེས་གང་ཞབས་བརྟན་གསོལ།། ཞེས་སོགས་དོན་གཟིགས་མཁས་གྲུབ་དུ་མས་བསྔགས་བརྗོད་རྒྱ་ཆེར་གནང་ཞིང་། ཀོང་པོ་དང་མོན་འབྲུག་སོགས་སུ་སྒྲུབ་པ་གང་མང་མཛད་ནས་འགྲོ་དོན་རྒྱ་ཆེར་བསྐྱངས། ནུབ་ཕྱོགས་སུ་ཕེབས་རྗེས་ཕལ་མོ་ཆེར་ཁོང་ཉིད་ཀྱི་ཨ་རིར་ཡོད་པའི་ཆོས་ཚོགས་ཀུན་བཟང་དགའ་ཚལ་དུ་རྒྱུན་བཞུགས་མཛད།


དམ་པ་གང་ཉིད་ཀྱིས་གསུང་འབུམ་བོད་ཡིག་ཏུ་བཞུགས་པ་པོད་ཆེན་གསུམ་ཡོད་པ་དང་། དབྱིན་ཡིག་གི་ནང་དུ་གསུང་རྩོམ་གང་མང་ཞིག་ཡོད་པ་སོགས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་བསྒྲུབས་ཡོད་པ་རེད། དགུང་གྲངས་༨༠ བཞེས་པ་ལྕགས་ཡོས་ལོའི་ཚེས་༢ ཕྱི་ལོ་༢༠༡༢ ཟླ་༡༡ པའི་ཚེས་༢༦ ལ་དགོངས་པ་མྱ་ངན་ལས་ཡོངས་སུ་འདས་པའི་ཚུལ་བསྟན་ཡོད་པ་རེད།།

No comments:

Post a Comment