Wednesday, March 28, 2012

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཧུའུ་ཅིན་ཐའོ་ལ་རེ་འདུན་དོན་ཚན་བཞི་བཏོན་སོང་།

འདོན་སྤེལ། ༢༠༡༢/༠༣/༢༩

དེ་རིང་ཕྱི་དྲོ་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་རྒྱ་གཞུང་གིས་འཕྲད་དུ་ལག་ལེན་བསྟར་དགོས་པའི་རེ་འདུན་དོན་ཚན་ ༤ བཏོན་སོང་།

དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༣དང་ཕྱེད་ཀའི་སྟེང་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ།དེ་རིང་རྒྱ་གར་ནང་སླེབས་ཀྱིན་པའི་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་རེ་འདུན་དོན་ཚན་ ༤ ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ། གཅིག རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་པ་བོད་ནང་ཕེབས་འཇུག་དགོས། གཉིས།བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་དང་ཞི་རྒོལ་གནང་མཁན་བོད་མི་རྣམས་ཀྱིས་དགོས་འདུན་བཏོན་པ་ནང་བཞིན་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས།གསུམ།ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འདི་ལས་སྐྱོབ་ཆེད། བོད་ནང་གི་དྲག་པོའི་དམག་དཔུང་ཕོན་ཆེན་པོ་དེ་ཕྱིར་འཐེན་དགོས་པ་དང་། བོད་མི་ཚོའི་འདོད་བློ་མ་ཁེངས་པའི་གནས་ཚུལ་གང་ཆགས་ཡོད་པ་དེར་ཞིབ་འཇུག་བྱས་པའི་ཐོག་ནས།འཕྲལ་དུ་བོད་ནང་རང་དབང་གནས་བབ་གང་མཚམས་འཕྲལ་དུ་སྤྲོད་དགོས། བཞི་བ།བོད་པའི་དཀའ་རྙོག་དེ་ཕུགས་རྒྱང་རིང་པོའི་ཐོག་ནས་སེལ་ཐུབ་ཆེད།༸གོང་ས་མཆོག་གི་སྐུ་ཚབ་དང་།ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ལྷན་དུ་མིང་དོན་མཚུངས་པའི་བོད་རྒྱ་འབྲེལ་མོལ་འཕྲལ་དུ་མགོ་འཛུགས་དགོས་པ་བཅས་ཀྱི་འབོད་སྐུལ་གནང་སོང་།

གསར་འགོད་གསར་བསྒྲགས་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ཉེ་ཆར་སྤྱི་འཐུས་བཞུགས་མོལ་ཚོགས་འདུའི་ཐོག་བཀའ་མོལ་བྱུང་བ་གཞིར་བཟུང་། དེ་རིང་གསར་འགོད་གསལ་བསྒྲགས་འདི་བསྐྱངས་པ་ཡིན་པ་གསལ་བཤད་དང་སྦྲགས། རྒྱ་གར་རྒྱལ་ས་ལྡི་ལིར་འཚོགས་བཞིན་པའི་དཔལ་འབྱོར་ཡར་རྒྱས་ཅན་གྱི་ཚོགས་ཞུགས་རྒྱལ་ཁབ་རྒྱ་གར་དང་། བྷར་རྫིད། ལྷོ་ཨ་ཧྥི་རི་ཀ ཨུ་རུ་སུ། རྒྱ་ནག་བཅས་ཀྱི་མགོ་ཁྲིད་ཚོའི་ངོས་ནས། བོད་ནང་ཛ་དྲག་གནས་སྟངས་ད་ལྟ་མུ་མཐུད་གནས་ཡོད་པ་དང་། རྒྱ་གཞུང་གིས་བོད་ནང་བཙན་གནོན་བཤུ་གཞོག་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པའི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་གནང་སྟེ། ཐེངས་འདིའི་ཚོགས་འདུའི་སྐབས་དང་། དེ་བཞིན། རྒྱལ་ཁབ་ཀྱི་དབུ་ཁྲིད་སོ་སོ་ཐུག་འཕྲད་སྐབས་བཅས་སུ། བོད་པའི་གནད་དོན་ཀྱང་སེ་རི་ཡ་དང་།ཨི་རག དེ་མིན་གྱི་རྒྱལ་སྤྱིའི་གནད་དོན་གཞན་པའི་མཉམ་དུ་རྒྱ་གཞུང་མགོ་ཁྲིད་ཚོར་གླེང་སློང་བྱེད་དགོས་པའི་འབོད་སྐུལ་ཀྱང་གནང་ཡོད་པ་རེད།

དེ་རིང་ནི་རྒྱ་གཞུང་གིས་བོད་མི་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་བཏང་པའི་ཉིན་མོར་བསྒྲགས་ཏེ། བོད་ནང་བཙན་གནོན་འོག་དུས་དྲན་སྲུང་བརྩི་བྱེད་འཇུག་གི་ཡོད་སྟབས། སྤྱི་འཐུས་སྤེན་པ་ཚེ་རིང་མཆོག་གིས “ འདས་པའི་ལོ་ ༥༣ ནང་བོད་པའི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཏེ། བོད་ཀྱི་ལོ་རྒྱུས་ནང་མུན་ནག་གི་དུས་ཚོད་ཆེ་ཤོས་ཤིག་ཆགས་ཡོད་སྟབས། རྒྱ་གཞུང་གིས་ ‘བཅིངས་གྲོལ’ ཞེས་པའི་ཚིག་བེད་སྤྱོད་དང་དུས་དྲན་བཀོལ་སྒྲིག་ལ་མཐའ་གཅིག་ཏུ་དགག་ཆ་ཞུ་རྒྱུ་ཡིན་ལ། ད་ལྟའི་བར་དུ་རྒྱ་གཞུང་གིས་བོད་མིར་གདུག་རྩུབ་གཉའ་གནོན་བཏང་པ་མཐའ་དག བོད་མི་རྣམས་ཀྱིས་རྩ་བ་ནས་བརྗེད་ཐབས་བྲལ་པའི་གནས་སྟངས་ཤིག་ཆགས་ཡོད་པ་དེ་གསར་འགོད་ལྷན་ཚོགས་འདི་བརྒྱུད་ནས་གསལ་བོ་ཞུ་རྒྱུ་ཡིན། ” ཞེས་གསུངས་ཏེ། བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་སྟེ་ལས་འགུལ་ཤུགས་ཆེན་སྤེལ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། འདས་པའི་ལོ་ ༥༠ ལྷག་གི་རིང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་པའི་སྲིད་ཇུས་དེར་རགས་ལས་ཡོད་པ་དང་། ལྷག་པར་དུ་ཧུའུ་ཅིན་ཐའོ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་བྱས་སྐབས།བོད་ནང་ལ་དམག་མིས་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་ལ། དེ་བཞིན། ཧུའུ་ཡིས་རྒྱ་ནག་གི་སྲིད་འཛིན་ཁུར་པའི་འདས་པའི་ ༩ ནང་། ཡུ་གུར་དང་སོག་པོ་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་མང་པོའི་ནང་དཀའ་ངལ་ཤུགས་ཆེ་རུ་ཕྱིན་ཏེ་ངོ་རྒོལ་སྣ་ཚོགས་བྱུང་ཡོད་པ་དང་། ལྷག་པར་དུ་བོད་ལ་མཚོན་ནའང་། ༢༠༠༨ ལོར་མདོ་དབུས་ཁམས་གསུམ་ཡོངས་ལ་ཁྱབ་པའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་པ་མ་ཟད། ད་ལྟའི་ཆར་ཡང་རང་ལུས་མེར་བསྲེགས་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་འདི་ཡིས། རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས་དེར། གྲངས་ཉུང་མི་རིགས་ཚོའི་འདོད་པ་ཁེངས་ཐུབ་ཀྱི་མེད་པའི་གནས་སྟངས་གསལ་འདོན་གནང་སོང་།

མཇུག་མཐར། ཚོགས་གཙོ་མཆོག་གིས་རྒྱ་གཞུང་མགོ་ཁྲིད་ཚོས་བོད་ཀྱི་གནད་དོན་སེལ་ཆེད་དོན་ཕན་ལྡན་པའི་གྲོས་མོལ་དང་བོད་མིའི་མངོན་འདོད་ལ་བསམ་ཤེས་བྱ་རྒྱུའི་ཚབ་ཏུ། ༸གོང་ས་མཆོག་དང་བཙན་བྱོལ་བོད་མི། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་བཅས་ནི་རྒྱལ་ཁབ་ཁ་བྲལ་གྱི་དགྲ་བོ་ཡིན་པར་སྙོན་འཛུགས་བྱེད་བྱས་ཏེ། གཅིག་ནས་རྒྱ་ནག་གི་མགོ་ཁྲིད་ཚོས་མིང་དོན་མཚུངས་པའི་གྲོས་མོལ་བྱས་ཏེ་བོད་པའི་དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་གྱིན་མེད་པ་དང་། གཉིས་ནས་བོད་ནང་བོད་མི་ཚོས་ཞི་བའི་ལས་འགུལ་གྱི་ཐོག་མངོན་འདོད་བཏོན་པ་དེ་དག ཤེས་རྟོགས་དང་སེལ་ཐབས་རྩ་བ་ནས་གནང་གི་མེད་པ་དེ་ཡིས། རྒྱ་ནག་གི་མགོ་ཁྲིད་ཚོར་བོད་པའི་དཀའ་རྙོག་སེལ་བའི་ཆབས་སྲིད་ཀྱི་འདུན་པ་དང་བློ་སྤོབས་མེད་པ་གསལ་བོ་མངོན་ཡོད་པ་ཐེར་འདོན་དང་སྦྲགས། ཚོགས་གཙོ་མཆོག་གིས་ “བོད་མི་ཚོའི་མངོན་འདོད་མ་ཁེངས་བར་དུ་བོད་མི་ཚོར་བདེ་བ་བསྐྲུན་ཐབས་མེད་པ་དང་། རྒྱ་ནག་མགོ་ཁྲིད་ཚོའི་ངོས་ནས་ཀྱང་བོད་མི་ཚོར་ཡིད་ཆེས་རྙེད་ཐབས་བྲལ་པར་བརྟེན། བོད་མི་ཚོའི་སྲོག་སྐྱོབ་པ་དང་བོད་པའི་གནད་དོན་དེ་བརྟན་པོའི་ཐོག་ནས་སེལ་ཐུབ་མིན་དེ་རྒྱ་ནག་མགོ་ཁྲིད་ཚོའི་ལག་ཏུ་ཡོད་པ་རེད་། ང་ཚོས་ངོས་ནས་འཚེ་བ་མེད་པའི་ལས་འགུལ་སྤེལ་བ་དང་། གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་ངལ་སེལ་རྒྱུར་འབད་བརྩོན་དང་དམ་བཅའ་བརྟན་པོ་མུ་མཐུད་གནས་ཡོད།” ཅེས་གསུངས་སོང་།

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་གྱི་ངོས་ནས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་དགོས་འདུན་དོན་ཚན་ ༧ ཅན་གྱི་འཕྲིན་ཡིག་ཅིག་ཕུལ་ཏེ། བོད་ནང་གི་དཀའ་ངལ་གནས་སྟངས་རྣམས་སེལ་དགོས་པའི་འབོད་སྐུལ་གནང་མྱོང་ཡོད་པ་རེད།

No comments:

Post a Comment