Wednesday, July 10, 2013
རྒྱ་གར་གྱིས་དྲག་སྤྱོད་པ་རྒྱ་ཡན་དུ་གཏོང་ཐབས་མེད་ཅེས་བརྗོད་འདུག
ཟླ་འདིའི་ཚེས་༧ ཉིན་རྡོ་རྗེ་གདན་དུ་འབར་རྫས་ཐེངས་༨ འཐོར་བའི་དོན་རྐྱེན་དེ་བྱུང་རྗེས་༧གོང་ས་མཆོག་དང་རྒྱལ་དབང་ཀརྨ་པ། རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན། དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་སོགས་ཀྱིས་ད་རེས་ཀྱི་གནད་དོན་དེར་བློ་ཕམ་ཡོད་སྐོར་གྱི་གསུང་འཕྲིན་གནང་ཡོད་པ་རེད།
དེ་ཡང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༧ ཉིན་གྱི་ཞོགས་པའི་ཆུ་ཚོད་༥ དང་སྐར་མ་ ༡༥ ཡས་མས་སུ། རྒྱ་གར་བྷི་ཧར་མངའ་སྡེའི་ནང་ཡོད་པའི་ནང་པའི་གནས་ཆེན་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ར་བའི་ནང་གི་བྱང་ཆུབ་ཤིང་གི་ཉེ་འཁྲིས་སུ་འབར་རྫས་གཅིག་འཐོར་ཡོད་པ་དང་། དེ་ནས་རིང་པོ་མ་འགོར་བར་མཆོད་རྟེན་དང་ཐག་མི་རིང་བའི་སར་ཡོད་པའི་རྒྱལ་དབང་ཀརྨ་པའི་བཞུགས་གནས་གཏེར་སྒར་དགོན་པ་དང་། ཉི་ཧོང་གི་སྟོན་པའི་སྐུ་བརྙན་གྱི་ཉེ་འགྲམ་སོགས་སུ་འབར་རྫས་ཐེངས་༧ འཐོར་ཡོད་པ་ལས། དགེ་འདུན་པ་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་རྗེས་ཛ་དྲག་ཐོག་སྨན་ཁང་དུ་སྨན་བཅོས་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་རྩ་བས་འབར་རྫས་དེ་དག་དེ་ཙམ་གྱིས་ཆེན་པོ་མིན་པར་བརྟེན། འབར་རྫས་འཇོག་ཡུལ་གྱི་ཁང་པ་སོགས་ཀྱི་སྒོ་དང་སྒེའུ་ཁུང་གི་ཤེལ་སྒོ་སོགས་བཅགས་པ་ཙམ་ལས། གཞན་མཆོད་རྟེན་དང་། སྟོན་པའི་སྐུ་བརྙན། ལྷ་ཁང་སོགས་ལ་གཏོར་རྒོལ་ཆེན་པོ་བྱུང་མེད་པ་རེད།
དོན་རྐྱེན་དེ་བྱུང་རྗེས་བྷི་ཧར་མངའ་སྡེའི་བློན་ཆེན་(Nitish Kumar) ས་གནས་སུ་གཟིགས་སྐོར་དུ་ཕེབས་ཡོད་པ་མ་ཟད། མངའ་སྡེ་དང་དབུས་གསང་པའི་མི་སྣས་ཐེངས་འདིའི་གནད་དོན་ཐད་རྩད་གཅོད་བྱེད་ཀྱི་ཡོད་ན་ཡང་། ད་དུང་དྲག་སྤྱོད་པ་སུ་ཡིན་དང་རྒྱུ་མཚན་གང་གིས་འབར་རྫས་ཀྱི་དོན་རྐྱེན་བསླངས་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་ཆགས་ཐུབ་མེད་པ་རེད།
ཡིན་ན་ཡང་གནས་ཚུལ་དེའི་ཐད་བྷི་ཧར་མངའ་སྡེའི་ཉེན་རྟོག་འགོ་ཁྲིད་ཞིག་གིས་ཧྥ་རན་སིའི་གསར་འགྱུར་ལས་ཁང་ཞིག་ཏུ། རྡོ་རྗེ་གདན་གྱི་མཆོད་རྟེན་འགྲམ་དུ་ནུས་པ་ཆུང་བའི་འབར་རྫས་འགའ་ཤས་ཤིག་གས་གཏོར་བྱུང་ཡོད་སྐོར་དང་། ཁོང་གིས་དེ་ནི་བར་ལམ་འབར་མར་ནང་པ་དང་ཁ་ཆེའི་མི་རིགས་དབར་ལ་འཁྲུག་འཛིང་བྱུང་སྟེ་དགོན་པ་གཏོར་རེས་དང་མི་གསོད་རེས་བྱས་པའི་འཁོན་ལན་དུ། ཁ་ཆེའི་དྲག་སྤྱོད་པས་འཛམ་གླིང་གི་ནང་པའི་གནས་མཆོག་རྡོ་རྗེ་གདན་དུ་འབར་རྫས་ཀྱི་དོན་རྐྱེན་བསླངས་པ་ཞིག་ཡིན་སྲིད་སྐོར་འགྲེལ་བརྗོད་བྱས་འདུག
དེ་བཞིན་ཟླ་འདིའི་ཕྱི་ཚེས་༩ ཉིན་རྒྱ་གར་གྱི་བརྒྱུད་ལམ་firstpost.com ཞེས་པར་ས་གནས་ཉེན་རྟོག་པས་གནས་ཚུལ་འགྲེལ་བརྗོིད་བྱས་པ་ལྟར་ན། བྷི་ཧར་གྷ་ཡ་ས་གནས་ཀྱི་Barachatti ཟེར་བ་ནས་ཡིན་པའི་Vinod Mishtri ཟེར་བ་ཞིག་གི་ངོ་རྟགས་འཛིན་བྱང་འབར་རྫས་གཏོར་ཡུལ་ནས་ཉེན་རྟོག་པས་རྙེད་ཡོད་པརབརྟེན། ཁོང་ད་ལྟ་དོགས་གཞིའི་འོག་བཀག་ཉར་གྱིས་འདྲི་རྩད་བྱེད་ཀྱི་ཡོད་འདུག་ལ། གཞན་ཡང་མཆོད་རྟེན་ལ་ལྟ་རྟོག་བྱེད་མཁན་གྱི་ཚོགས་པ་Mahabodhi Temple management Committee ཞེས་པའི་ནང་ལས་ཀ་བྱེད་མཁན་བུད་མེད་ཅིག་ཚུད་པའི་མི་༦ འབར་རྫས་ཀྱི་དོན་རྐྱེན་བྱུང་རྗེས་གློ་བུར་དུ་བརླགས་ཡོད་པར་བརྟེན། ད་ལྟའི་ཆར་ཁོང་ཚོར་ཡང་དོགས་པ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
ད་རེས་ཀྱི་གནད་དོན་དེ་བྱུང་རྗེས་༧གོང་ས་མཆོག་དང་རྒྱལ་དབང་ཀརྨ་པ། རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན། དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་སོགས་ཀྱིས་གནད་དོན་དེར་བློ་ཕམ་ཡོད་སྐོར་གྱི་གསུང་འཕྲིན་གནང་སྟེ། མ་འོངས་པར་ཆོས་ལུགས་ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུང་ཡོད་པ་དང་། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སེན་གྱིས་ “ཆོས་ལུགས་ཀྱི་གནས་ཆེན་འདི་ལྟ་བུ་ཞིག་ལ་གཏོར་རྒོལ་བྱས་པ་ནི་བཟོད་ཐབས་མེད་པ་དང་། གཏོར་རྒོལ་དང་འབྲེལ་བའི་དྲག་སྤྱོད་པ་རྒྱ་ཡན་དུ་གཏོང་ཐབས་མེད་”ཅེས་བརྗོད་ཡོད་འདུག
Subscribe to:
Post Comments (Atom)
No comments:
Post a Comment