Sunday, November 21, 2010

རིག་གསར་གྱི་ཆ་ཤས་ཤིག་ལག་ལེན་བསྟར་གྱི་ཡོད་པ་རེད། འདོན་སྤེལ། ༢༠༡༠/༡༡/༢༠



༧གོང་ས་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་མཛད་འཕྲིན་རྒྱ་ཆེར་སྐྱོང་བཞིན་པའི་སྐབས་འདིར། ཨ་རིའི་སྙན་གྲགས་ཅན་གྱི་སེ་ཨིན་ཨིན་ CNN གསར་ཁང་གི་གསར་འགོད་པས་༧གོང་ས་མཆོག་ལ་བོད་དོན་ཐད་ཀྱི་གནས་ཚུལ་ཁག་ཅིག་བཅར་འདྲི་ཞུས་ཡོད། ཁ་སང་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོར་སེ་ཨིན་ཨིན་གྱི་གསར་འགོད་པ་ཁཱ་རིན་ཐ་ཕིར་ Karan Thapar ལགས་༧གོང་ས་མཆོག་གི་སྐུ་མདུན་དུ་ཆེད་དུ་བཅར་ཏེ། བོད་ནང་གི་སྐད་ཡིག་གི་གནས་བབ་དང་། རྒྱ་གཞུང་གིས་ཆོས་ལུགས་དོ་དམ་བྱེད་སྟངས། དེ་བཞིན་༧གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་གྱི་ལམ་ལུགས་བཅས་ཀྱི་ཐོག་བཅར་འདྲི་ཞུས་འདུག
གསར་འགོད་པ་ཁཱ་རིན་ཐ་ཕིར་གྱིས། རྒྱ་གཞུང་གིས་བོད་ཀྱི་མཚོ་སྔོན་ཞིང་ཆེན་ཁོངས་སུ་བོད་སྐད་ཡིག་གི་ཚབ་ཏུ་རྒྱ་ཡིག་སློབ་ཁྲིད་བྱ་རྒྱུའི་སྲིད་བྱུས་ལག་ལེན་བསྟར་བཞིན་པའི་ཐད་བཀའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས་ལན་བསྐྱོན་དོན། ཕྱི་ལོ་ ༡༩༨༦ ཙམ་ལ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་ང་ཕོད་ངག་དབང་འཇིགས་མེད། དེ་བཞིན། བོད་རང་སྐྱོང་ལྗོངས་ཀྱི་གནད་ཡོད་མི་སྣ་བཅས་ལྷན་འཛོམས་ཐོག་བོད་སྐད་ཡིག་དེ་བཞིན་གཞུང་འབྲེལ་སྐད་ཡིག་ཅིག་ཏུ་བཟོ་ཐབས་བྱ་རྒྱུའི་ཐག་གཅོད་གནང་ཡོད་ལ། གནད་དོན་ཐག་གཅོད་བྱས་པར་བརྟེན་ནས་བོད་ཀྱི་གནའ་དཔེ་མི་ཉུང་བ་ཞིག་བསྐྱར་གསོ་བྱ་རྒྱུར་ནུས་པ་གང་འཚམ་ཐོན་ཡོད། སྟབས་ཉེས་པ་ཞིག་ལ། རྒྱ་རིགས་ཁྲིན་ཀོན་ཡུན་ཟེར་བ་དེ་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཆགས་རྗེས་ལས་རིགས་དེ་དག་རྦད་དེ་མཚམས་འཇོག་བྱ་དགོས་བྱུང་ཡོད་ལ། སྐབས་དེར་ཁྲིན་ཀོན་ཡུན་གྱིས་བོད་པའི་ནང་ཆོས་ནི་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་ཚུལ་བཤད་ཡོད། དེ་སྔོན་ངོས་རང་བོད་ལྗོངས་སློབ་གྲྭ་ཆེན་མོའི་ལས་བྱེད་ཁག་ཅིག་དང་ཐུག་འཕྲད་བྱེད་རྒྱུ་བྱུང་ལ། དེ་དུས་ཁོང་ཚོས་ཁྲིན་ཀོན་ཡུན་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ལ་བསྡད་པ་ནས་བཟུང་ཡིག་སྒྱུར་གྱི་ལས་དོན་མཐའ་དག་རྒྱའི་སྐད་ཡིག་ནང་ཕར་བསྒྱུར་དགོས་རྒྱུ་ལས་བོད་ཡིག་ནང་རྩ་བ་ནས་བསྒྱུར་དུ་འཇུག་གི་མེད་པ་དང་། དེ་མིན་གྱི་བོད་པ་གཞན་ལ་ཐུག་སྐབས་ཀྱང་ཁོང་ཚོས་དེང་སང་བོད་ནང་དུ་རིག་གནས་གསར་བརྗེའི་ཆ་ཤས་ཤིག་ལག་བསྟར་བྱེད་ཀྱི་ཡོད། གནས་སྟངས་འདི་མུ་མཐུད་དུ་ཕྱིན་ཚེ། བོད་མི་རིགས་ཀྱི་སྐད་ཡིག་གང་མགྱོགས་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཏན་ཏན་ཡོད་པ་རེད། ཅེས་གསུངས་འདུག

ཡང་གསར་འགོད་པས་ཕྱི་ཟླ་ ༡༠ པའི་ནང་རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་དོ་དམ་བྱེད་ཕྱོགས་ཀྱི་གསལ་བསྒྲཊ་ཤིག་སྤེལ་ཏེ། བོད་ཀྱི་གྲྭ་བཙུན་རྣམས་ཕྱི་མི་དང་འབྲེལ་བ་བྱེད་མི་ཆོག་པའི་སྐོར་གྱི་སྒྲིག་ཁྲིམས་ཞིག་བཟོས་ཡོད་པའི་ཐད་གཟིགས་ཚུལ་གང་འདྲ་ཡོད་མེད་དྲིས་སྐབས་ཁོང་གིས། ངོས་ཀྱིས་གོ་ཐོས་སུ་ད་ཆར་བོད་ནང་གི་དགོན་སྡེ་ཁག་མང་པོ་ཞིག་འགྲེམས་སྟོན་ཁང་ལྟ་བུ་བཟོས་ཏེ་གྲྭ་བ་རྣམས་དགོན་པར་ལྟ་རྟོགས་བྱེད་མཁན་ཙམ་ཏུ་གྱུར་ཡོད་སྐོར་གོ་སོང་། རྒྱ་གཞུང་གིས་བསམ་བཞིན་དུ་བཟོས་པ་ཡིན་མིན་གང་ལྟར་ཡང་། བོད་ནང་དུ་འདས་པའི་ལོ་ ༢༠ ལྷག་གི་རིང་བོད་མིའི་ཆོས་དང་རིག་གཞུང་རྩ་གཏོར་བཏང་ཡོད་པ་དངོས་ཡོད་གནས་ཚུལ་ཡིན། འོན་ཀྱང་། ང་ཚོས་གནས་ཚུལ་དེ་དག་ལ་ཞིབ་འཇུག་ཡག་པོ་བྱས་ཏེ་ཁ་གསལ་བཟོ་དགོས། ཞེས་གསུངས་ཡོད། དེ་བཞིན། གསར་འགོད་པས་བོད་ནང་གི་བོད་ཡིག་དང་རིག་གཞུང་གི་ཉེན་ཁའི་ཐད་བོད་མི་ཚོས་གདོང་ལེན་ཇི་ལྟར་བྱ་དགོས་མིན་ཐད་བཀའ་འདྲི་ཞུས་པའི་ལན་དུ་༧གོང་ས་མཆོག་གིས་ངོས་ཀྱིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ཞིག་སྤྲོད་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་འདུག་ལ། ཏཱ་ལའི་བླ་མའི་སྒྲིག་འཛུགས་སམ། སྐུ་ཕྲེང་རིམ་བྱོན་གྱི་ལམ་ལུགས་སྐོར་ལ་ཡང་དྲི་བ་ཁག་ཅིག་བཏོན་ཡོད་པ་དེ་སང་ཉིན་ཕྱི་ཚེས་༢༡ ཉིན་གྱི་དགོང་མོའི་ཆུ་ཚོད་ ༨ པའི་སྟེང་། སེ་ཨིན་ཨིན་བརྙན་འཕྲིན་བརྒྱུད་རྒྱ་ཁྱབ་ཏུ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

ཁ་སང་ཉིན་རྒྱབ་རྒྱ་གར་གྱི་གསར་ཁང་གྲགས་ཅན་ཧིན་རྡུ་དུས་བབ་ Hindustan Times ཀྱིས་མགྲོན་འབོད་གནང་བ་ལྟར། གསར་ཁང་དེའི་དབུ་ཁྲིད་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཕེབས་ཡོད་ལ། དེར་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་དང་། ཚགས་ཤོག་དང་བརྙན་འཕྲིན་སོགས་གསར་འགྱུར་ལས་རིགས་ཁག་གི་མི་སྣ་སོགས་ ༡༧༠༠ ལྷག་འདུ་འཛོམས་ཐོག ཁོང་གིས་༼ དཀའ་རྙོག་ཁྲོད་ཀྱི་བདེ་སྐྱིད་འཚོལ་ཐབས༽ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། འཛམ་གླིང་འདིའི་སྟེང་དཀའ་ངལ་མི་འདྲ་བ་གཉིས་ཡོད་ལ། དེ་ནི་ཕྱིའི་ལུས་པོའི་དཀའ་ངལ་དང་ནང་སེམས་ཀྱི་དཀའ་ངལ་གཉིས་ཡིན། དེང་སྐབས་དཔལ་འབྱོར་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་ཏེ། ལུས་པོའི་དཀའ་ངལ་ཉུང་དུ་ཕྱིན་ཡོད་ཀྱང་། ནང་སེམས་ལ་དཀའ་ངལ་མང་དུ་ཕྱིན་ཏེ་སེམས་མ་སྐྱིད་པ་བཟོ་བཞིན་ཡོད། དེ་ནི་གཙོ་བོ་འགྲན་རྩོད་ཤུགས་ཆེ་རུ་ཕྱིན་པ་ལ་བརྟེན་ནས་བྱུང་བ་རེད་ལ། གྲོང་ཁྱེར་ཆེ་ཁག་ནང་དཀའ་ངལ་དེ་དག་ཤུགས་ཆེན་པོ་ཡིན་ཡང་། གྲོང་གསེབ་ཁག་ཏུ་ལུས་པོའི་དཀའ་ངལ་ལས་སེམས་ཀྱི་དཀའ་ངལ་དེ་ཙམ་ཡོད་པ་མ་རེད། ཅེས་དང་།

ཁོང་གིས་མུ་མཐུད་དུ་རྒྱ་གར་དང་བོད་གཉིས་ཀྱི་འབྲེལ་བའི་སྐོར་ལ། རྒྱ་གར་དང་བོད་གཉིས་ཀྱི་འབྲེལ་བ་ནི་བླ་སློབ་ཀྱི་འབྲེལ་བ་ཡིན་སྟབས། ང་ཚོས་རྒྱ་གར་གྱི་མཁས་དབང་ཚོའི་མདུན་ནས་སློབ་སྦྱོང་མང་པོ་སྦྱངས་ཡོད། ངོས་ནས་ནུབ་ཕྱོགས་ཆོས་ཞུ་བ་ཚོར་ངོས་རང་དཔལ་ནཱ་ལེནྡྲའི་མཁས་དབང་གི་ལྟ་གྲུབ་སྦྱོང་མཁན་གྱི་སློབ་མ་ཞིག་ཡིན་ཞེས་ངོ་སྤྲོད་བྱེད་ཀྱི་ཡོད་ལ། ཁྱེད་ཚོས་ཀྱང་ང་ཚོར་ཡིན་བརྟན་འཕེར་བའི་སློབ་མ་ཞིག་ཏུ་ངོས་ལེན་བྱ་དགོས། ཞེས་བཀའ་གནང་ཡོད་འདུག ལྷན་ཚོགས་ཀྱི་མཇུག་བསྡོམས་སྐབས་དེར་ཡོད་མི་སྣ་ཁག་ཅིག་གིས་༸གོང་ས་མཆོག་ལ་དེང་དུས་ཀྱི་གཞོན་སྐྱེས་ཁྲོད་འཁྲུལ་སྣང་གི་བློ་ཤུགས་ཆེར་ཡོད་པའི་སྐོར་དང་ཁོང་ཉིད་ཀྱི་ཡང་སྲིད་སྐོར་བཅས་དྲི་བ་ཁག་ཅིག་བཏོན་པའི་ལན་དུ་༸གོང་ས་མཆོག་གིས། དུས་ཉི་ཤུ་བ་དེ་དྲག་སྤྱོད་ཀྱི་དུས་རབས་ཤིག་ཆགས་ཏེ་མི་ས་ཡ་ ༢༠༠ ལྷག་གི་ཚེ་སྲོག་ཤོར་ཡོད། ད་ལྟའི་དུས་རབས་ཉེར་གཅིག་པ་འདི་སྔར་གྱི་དུས་རབས་བཞིན་གནས་མིན་དེ་ད་ལྟའི་གཞོན་སྐྱེས་ཚོར་རག་ལུས་ཡོད། གལ་སྲིད། གཞོན་སྐྱེས་ཚོས་དུས་རབས་སྔ་མའི་ཟོག་རྫུ་དེ་དག་ལ་མགོ་མ་གཡེང་བར་ནང་སེམས་ཀྱི་རིན་ཐང་གོང་མཐོར་གཏོང་ཐུབ་ཚེ་འཁྲུལ་སྣང་དེ་དག་མེད་པ་ཆགས་ཐུབ་པ་རེད། ཅེས་དང་། ཡང་ཁོང་གིས་ཡང་སྲིད་སྐོར་གསུངས་དོན། རྒྱ་ནག་གཞུང་གིས་ངོས་ཀྱི་ཡང་སྲིད་ཀྱི་གནད་དོན་དེ་ཛ་དྲག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག བོད་མི་ཚོར་ཏཱ་ལའི་བླ་མའི་སྒྲིག་འཛུགས་འོག་གནས་འདོད་ཡོད་རྒྱུ་རེད། འོན་ཀྱང་། ལོ་སུམ་ཅུ་བཞི་བཅུའི་རྗེས་ཀྱི་གནས་ཚུལ་རྣམས་སུས་ཀྱང་ཤེས་ཐབས་མེད། ཅེས་བཀའ་ལན་གནང་འདུག

No comments:

Post a Comment