Monday, July 11, 2011

འཛམ་གླིང་ཞི་བདེ་ཡོང་ཐབས།

ཕྱི་ཚེས་ ༩ ཉིན་༧གོང་ས་མཆོག་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་དབུས་པའི་སྤྱི་འཐུས་ཚོགས་གཙོ་དང་། བདམས་ཐོན་བཀའ་ཁྲི་བློ་བཟང་སེང་གེ་བཅས་ཀྱི་ཕེབས་བསུའི་འོག ཨ་རིའི་གྲོས་ཚོགས་མདུན་ཐང་ཆེན་མོ་ (West Lawn of The Capitol) ཆིབས་བསྒྱུར་བསྐྱངས་ཏེ། མི་མང་ཁྲི་ཚོ་བརྒལ་བར་༼འཛམ་གླིང་ཞི་བདེ་ཡོང་ཐབས་༽སྐོར་གྱི་བཀའ་སློབ་གནང་ཡོད་འདུག

སྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་དུས་དབང་གྲ་སྒྲིག་ཚོགས་ཆུང་དང་ཝ་ཤིན་ཊོན་ས་གནས་བོད་མིའི་ཚབ་ཞུས་ཏེ། ཐེངས་འདིའི་ལས་རིམ་ངོ་སྤྲོད་སྐོར་གནང་རྗེས་བོད་གཞུང་ཟློས་གར་ཚོགས་པ་དང་། ཨ་རིའི་གཞས་མ་གྲགས་ཅན་ཀེ་ལར་གེ་རེ་ (Skylar Grey) རྣམས་ཀྱིས་མང་ཚོགས་ལ་གླུ་གཞས་གཟིགས་འབུལ་སོགས་ཞུས་ཡོད།

མཛད་སྒོའི་སྟེང་༧གོང་ས་མཆོག་གིས་ ‘‘ཆོས་ཁས་ལེན་མིན་ལ་མ་ལྟོས་པར་མི་ཚང་མས་བདེ་སྐྱིད་ཀྱི་མི་ཚེ་ཞིག་འདོད་ཀྱི་ཡོད། དེ་འདྲ་ཞིག་ཡོང་མིན་གཙོ་བོ་སེམས་ཀྱི་ཞི་བདེར་རག་ལས་ཡོད། འཇིགས་སྣང་དང་དོགས་པ། ཞེ་སྡང་གི་ཚོར་ཤུགས་ཆེན་པོ་ཡོད་ན། རང་ཉིད་ཀྱི་མི་ཚེ་ལམ་ལྷོང་ཡོང་མེད། ཆོས་ལུགས་ལ་གཞི་མ་བཅོལ་བའི་ཐོག་ནས་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་ནུས་པ་དང་གོ་སྐབས་མང་པོ་ཡོད། ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མིའི་ལུས་དང་ཚོར་བ། བསམ་བློ་བཅས་ཡོད་པ་གཅིག་མཚུངས་ཡིན་ལ། ཨ་མའི་མངལ་ལས་སྐྱེས་དུས་ནས་བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་གཅིག་མཚུངས་སུ་ཡོད། ངོས་ལ་ཆོས་ཀྱི་ཉམས་མྱོང་ཕྲན་བུ་ཡོད་པ་གཞིར་བཞག་ན། ཆོས་ལུགས་ཚང་མར་འགྲོ་བ་མིའི་ནང་གི་རིན་ཐང་གོང་མཐོར་གཏོང་རྒྱུའི་ནུས་པ་ཡོད་སྟབས། ཆོས་ལུགས་ཚང་མ་ཕན་ཚུན་མཐུན་སྒྲིལ་བྱ་རྒྱུ་ཧ་ཅང་གལ་ཆེན་རེད། ” ཅེས་གསུངས་འདུག

སྐབས་དེར་རང་ལོ་ ༡༤ ཡིན་པའི་བྱིས་པ་ཞིག་གིས་ཞི་བདེ་ཇི་ལྟར་བསྐྲུན་དགོས་མིན་གྱི་བཀའ་འདྲི་ཞུས་པའི་ལན་དུ། གཞོན་སྐྱེས་ཚོས་བྱམས་བརྩེའི་བསམ་བློ་རྨང་གཞི་བྱས་པའི་ཐོག་རང་ཉིད་ཀྱི་ཤེས་ཚད་མཐོ་རུ་གཏོང་རྒྱུ་དང་། ལྷག་པར་དུ། གཞོན་སྐྱེས་ཚོར་དུས་རབས་ཉེར་གཅིག་པ་ཞི་བདེ་དང་བདེ་སྐྱིད་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུར་འགན་ཆེན་པོ་ཡོད་སྐོར་གསུངས་འདུག

རྒྱ་རིགས་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག ཕྱི་ཚེས་ ༡༠ ཉིན་༧གོང་ས་མཆོག་པི་རིན་སི་ཊོན་དུ་ (Princeton) འཚོགས་བཞིན་པའི་༼དམངས་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པ༽ཞེས་པའི། བོད་རྒྱ་མཁས་པའི་མཇུག་བསྡོམས་ཚོགས་ཆེན་སྟེང་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་གནང་འདུག་ལ། མཛད་སྒོ་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་། བྱང་ཨ་རི་དང་ཁེ་ན་ཌ་བཅས་ནས་རྒྱ་རིགས་མཁས་པ་དང་དམངས་གཙོ་དོན་གཉེར་བ་ ༢༠༠ ཙམ་མཉམ་ཞུགས་བྱས་འདུག

ཚོགས་འདུའི་ཐོག་༧གོང་ས་མཆོག་གིས་རྒྱ་བོད་གཉིས་ཀྱི་ལོ་རྒྱུས་ནས་མགོ་བཙུགས་ཏེ། ‘‘དེ་རིང་རྒྱ་རིགས་གྲོགས་པོ་ཚོར་ཐུག་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང། བོད་རྒྱ་མི་རིགས་གཉིས་ལ་ལོ་ངོ་སྟོང་ཕྲག་ལྷག་གི་འབྲེལ་བ་ཡོད་ཅིང་། སྐབས་རེར་གཉེན་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་སྟེ། དུས་རབས་མང་པོར་མཛའ་མཐུན་མཉམ་གནས་བྱུང་ཡོད་པ་དང་། ཡང་སྐབས་རེར་ཕྱོགས་གཉིས་བར་དམག་འཁྲུག་ཕྲན་བུ་རེའང་བྱུང་ཡོད་ ” ཅེས་གསུངས་བཞིན། ༡༩༥༤ ལོར་རྒྱ་ནག་རྒྱལ་ས་པེ་ཅིན་དུ་བསྐྱོད་དེ་དམར་ཤོག་མགོ་ཁྲིད་ཚོར་ཐུག་སྐབས། མར་ལེ་རིང་ལུགས་ཀྱི་ལྟ་བར་མོས་པ་བྱུང་སྟེ། དམར་ཤོག་ཚོགས་པར་ཞུགས་འདོད་བྱུང་ཡོད་སྐོར་གྱི་བརྒྱུད་རིམ་ནས་མཐའ་མ་བོད་ས་མ་ཤོར་བར་གྱི་ལོ་རྒྱུས་དང་། ཆབ་སྲིད་ཀྱི་འགྱུར་བའི་གནས་སྟངས་སྐོར་གསུངས་འདུག་ལ། རྒྱ་ནག་དམར་ཤོག་གིས་རྒྱ་རིགས་མང་ཚོགས་ཁྲི་སྟོང་མང་པོའི་ངོ་ཚབ་མཚོན་མི་ཐུབ་པའི་ཐད་ལ། ‘‘ ༡༩༥༩ བོད་ལ་དུས་འགྱུར་བྱུང་ཡོད་སྟབས། ད་ལྟ་ང་ཚོར་དཀའ་ངལ་ཞིག་འཕྲད་བཞིན་ཡོད། དཀའ་ངལ་དེ་བོད་པ་གཅིག་པུའུ་དཀའ་ངལ་མ་རེད། གྲངས་ཉུང་མི་རིགས་དང་རྒྱ་རིགས་ཚོར་ཡང་དཀའ་ངལ་དེ་འཕྲད་བཞིན་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཀའ་ངལ་དེ། རྒྱ་ནག་མི་མང་རང་གིས་སེལ་དགོས་རྒྱུ་ལས་ཕྱི་ནས་སེལ་མཁན་ཡོང་གི་མ་རེད། འཛམ་གླིང་འདི་འཛམ་གླིང་མི་མང་ལ་དབང་གི་རེད་ལ། རྒྱ་ནག་དེ་ཡང་རྒྱ་ནག་མི་མང་ལ་དབང་བ་ལས་མགོ་ཁྲིད་རེ་ཟུང་ལ་དབང་གི་མ་རེད་ ”ཅེས་གསུངས་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་ནས་ ༡༥ བར༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་གི་དངོས་གཞིའི་བཀའ་ཆོས་སྩོལ་རྒྱུ་ཡིན་པ་དང་། ཐེངས་འདིའི་དུས་དབང་ལ་རྒྱལ་ཁབ་ཁག་འདྲ་མིན་ནས་ཕྱི་ནང་དད་ལྡན་པ་ཁྲི་ཚོ་བརྒལ་བ་ཕེོབས་ཡོད་འདུག

འདི་ནི་༧གོང་ས་མཆོག་གིས་ནུབ་ཕྱོགས་རྒྱལ་ཁབ་ཏུ་དུས་འཁོར་བཀའ་དབང་གནང་བ་རྒྱ་ཆེ་ཤོས་དེ་ཆགས་རྒྱུ་ཡིན་འདུག

No comments:

Post a Comment