Saturday, July 16, 2011

ཨོ་བྷ་མས་ཐུགས་ཁུར་གནང་གི་འདུག་ཟེར།

འཛིན་ཨོ་བྷ་མས་རྒྱ་ནག་གི་མི་འདོད་པའི་རྣམ་འགྱུར་ལ་བལྟས་པར། ༸གོང་ས་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་གདན་ཞུས་གནང་སྟེ་ཆུ་ཚོད་སྐར་མ་ ༤༥ རིང་མཇལ་འཕྲད་བཀའ་མོལ་ཞུས་འདུག
ཁ་སང་ཕྱི་ཚེས་ ༡༦ ཉིན་གྱི་ཝ་ཤིན་ཊོན་ཆུ་ཚོད་ ༡༡ སྐར་ ༣༥ སྟེང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལགས་ཀྱིས་༸གོང་ས་མཆོག་ཕོ་བྲང་དཀར་པོའི་ནང་གདན་ཞུས་གནང་སྟེ། དུས་ཡུན་སྐར་མ་ ༤༥ རིང་ལ་ཕན་ཚུན་མཇལ་འཕྲད་བཀའ་མོལ་གནང་ཡོད་འདུག མཇལ་འཕྲད་གནང་གྲུབ་རྗེས་ཨ་རིའི་ཕོ་བྲང་དཀར་པོས་གསལ་བསྒྲགས་སྤེལ་ཏེ། སྲིད་འཛིན་ཨོ་བྷ་མ་ལགས་ཀྱིས་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གནང་གཞུང་བར་ཐད་ཀར་འབྲེལ་མོལ་གནང་སྟེ་གནད་དོན་སེལ་དགོས་པ་གླེང་སློང་གནང་ཡོད་སྐོར་དང་། དེ་བཞིན་ཨ་རིའི་ཕྱོགས་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ངོས་ལེན་ཡོད་སྐོར་བརྗོད་འདུག དེ་བཞིན། ཕྱི་ཚེས་ ༡༥ ཉིན་ཕོ་བྲང་དཀར་པོས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་དུའང་། ཐེངས་འདིའི་མཇལ་འཕྲད་ལས་སྲིད་འཛིན་ཨོ་བྷ་མ་ལགས་ཀྱིས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བཅས་སྲུང་སྐྱོབ་ཐད་སྐྱོར་གནང་བཞིན་པ་མཚོན་ཡོད་སྐོར་བསྒྲགས་ཡོད་པ་རེད།

ཧྥ་རན་སིའི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་གྲུབ་རྗེས། ༸གོང་ས་མཆོག་གིས་ “ཨོ་བྷ་མ་ནི་ཆེས་རླབས་ཆེ་བའི་དམངས་གཙོའི་རྒྱལ་གྱི་སྲིད་འཛིན་ཡིན་པ་དང་། དེ་བཞིན་དུ་ཁོང་གིས་གཞི་རྩའི་འགྲོ་མ་མིའི་ཐོབ་ཐང་རིན་ཐང་དང་ཆོས་ལུགས་རང་དབང་ཐད་ཐུགས་ཁུར་གནང་གི་འདུག” ཅེས་གསུངས་ཡོད་འདུག

ཕྱི་ཚེས་ ༥ ཉིན་ཨ་རི་གཞུང་གི་དམངས་གཙོ་དང་འཛམ་གླིང་ལས་དོན་ཐད་ཀྱི་བློན་ཆེན་ཟུར་བ་ཨོ་ཐི་རོ་ (Maria Otero) ་ལགས་གནམ་ཐང་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་ལ་སྣེ་ལེན་མཇལ་འཕྲད་གནང་པ་དང་། ཕྱི་ཚེས་ ༧ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་བྷེ་ནེར་ (John Boehner,R-OH) དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཕའེ་ལོ་སི་ (Nancy Pelosi,D-NY) རྣམ་གཉིས་ནས་ཀྱང་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད། དེ་བཞིན། ཕྱི་ཚེས་ ༡༤ ཉིན་རྒྱབ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་ལྕམ་སྐུ་མ་རི་ཨོ་ཏེ་རོ་མཆོག་ (Maria Otero) ཀྱང་དུས་འཁོར་དབང་ཆེན་གྱི་ཆོས་ཐུན་གཅིག་ལ་ཆེད་བཅར་ཞུས་ཡོད་འདུག

ཉེ་སྔོན་ནས་རྒྱ་གཞུང་གིས་སྲིད་འཛིན་ཨོ་བྷ་མས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུར་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་པ་ལྟར། ཕྱི་ཚེས་ ༡༦ ཉིན་རྒྱ་ནག་ཕྱི་འབྲེལ་ལུས་ཁང་གིས་གསར་འགོད་བསྒྲགས་ཤིག་སྤེལ་ཏེ། “རྒྱལ་ཁབ་སུ་ཞིག་གི་མགོ་ཁྲིད་ཡིན་ཡང་རྣམ་པ་གང་རུང་གི་ཐོག་ནས་ཏཱ་ལའི་བླ་དང་ཐུག་འཕྲད་བྱ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད” ཅེས་བརྗོད་དེ། ཨ་རི་གཞུང་གིས་༸གོང་ས་མཆོག་དང་མཇལ་འཕྲད་ཀྱི་ལས་འཆར་དེ་ཕྱིར་བསྡུ་གནང་རྒྱུར་རེ་སྐུལ་ཞུས་ཡོད་པ་མ་ཟད། ༸གོང་ས་མཆོག་དང་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་མ་གནང་བའི་ཆུ་ཚོད་འགའི་སྔོན་ལ། རྒྱ་ནག་ཕྱི་འབྲེལ་ལུས་ཁུངས་ཀྱི་མགོ་གཙོ་གཞོན་པ་ཚའེ་ཐེན་ཁའེ་པེ་ཅིན་དུ་གནས་སྡོད་ཨ་རིའི་གཞུང་ཚབ་ཀྱི་ལས་ཚབ་ཝང་ཞའོ་མེན་ཡོད་སར་ཆེད་བཅར་གྱིས། ཨ་རི་གཞུང་གིས་སྲིད་འཛིན་ཨོ་བྷ་མ་དང་ཏཱ་ལའི་བླ་མ་གཉིས་ཀྱི་མཇལ་འཕྲད་ཕྱིར་འཐེན་དགོས་སྐོར་ཤུགས་ཆེན་པོས་བརྗོད་པ་དང་། དེ་དང་དུས་མཉམ་དུ་ཨ་རིར་གནས་སྡོད་རྒྱ་ནག་གཞུང་ཚབ་ཀྲང་ཡེ་སཱི་ཡིས་ཀྱང་དེར་མཚུངས་ནན་སྐུལ་དང་ངོ་རྒོལ་བྱས་ཡོད་འདུག ད་དུང་། མཇལ་འཕྲད་གནང་གྲུབ་སྟེ་ཆུ་ཚོད་ ༢ འདས་པའི་རྗེས་ལའང་། རྒྱ་གཞུང་ཕྱི་འབྲེལ་མགྲིན་ཚབ་པ་མཱ་ཀྲོ་ཞིས་ཐེངས་འདིར་ཨ་རི་གཞུང་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་ཚབ་ཆེན་གནང་སྟེ། རྒྱ་ནག་མི་མང་གི་བརྩེ་སེམས་ལ་ཕོགས་ཐུག་དང་། ཨ་རྒྱ་གཉིས་ཀྱི་མཛའ་འབྲེལ་ལ་བར་ཆད་བཏང་ཡོད་སྐོར་སྐྱོན་བརྗོད་བྱས་འདུག

ཡིན་ནའང་། ཨ་རིའི་སྤྱི་མཐུན་ཚོགས་པའི་འཐུས་མི་སི་མེ་ཐི་ལགས་ཀྱིས། ཕོ་བྲང་དཀར་པོས་མཇལ་འཕྲད་གནང་རྒྱུ་དེ་སྔ་ས་ནས་གསལ་བསྒྲགས་མ་གནང་པར། ཕྱི་ཚེས་ ༡༥ དགོང་མོ་ད་གཟོད་ཕྱིར་བསྒྲགས་བྱས་པ་དེ་ནི་སྤྱི་ཚོགས་ཁྲོད་གླེང་སློང་ཤུགས་ཆེན་པོ་མི་ཡོང་བར་དམིགས་པ་ཞིག་ཡིན་པའི་སྐྱོན་བརྗོད་གནང་ཡོད་འདུག

ཐེངས་འདིའི་མཇལ་འཕྲད་ནི་༸གོང་ས་མཆོག་གིས་ཆབ་སྲིད་འགན་དབང་རྒས་ཡོལ་གནང་བའི་རྗེས། ཨ་རིའི་སྲིད་འཛིན་གྱིས་ཕོ་བྲང་དཀར་པོའི་ནང་གདན་ཞུས་ཀྱིས་མཇལ་འཕྲད་གནང་བ་ཐོག་མ་དེ་ཆགས་ཡོད།

No comments:

Post a Comment