Saturday, November 19, 2011

བོད་མི་མང་སྤྱི་འཐུས་ཀྱི་ཐབས་བྱུས་ཚོགས་འདུ།

བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཆོལ་ཁ་རེ་ནས་སྤྱི་འཐུས་ལྔ་རེ་དང་ཆོས་བརྒྱུད་རེ་ནས་སྤྱི་འཐུས་རེ་བཅས། ཁྱོན་སྤྱི་འཐུས་ཉི་ཤུ་ཙམ་ལྷན་འཛོམས་ཀྱིས་རྒྱ་གར་ཧ་རི་ཡ་ན་མངའ་སྡེ་གཞུང་གི་མགྲོན་ཁང་ར་ཇི་ཧང་ནང་། འབྱུང་འགྱུར་བོད་དོན་གྱི་ལས་དོན་སྒྲུབ་ཕྱོགས་སྐོར་ལ་བགྲོ་གླེང་འཚོགས་ཡོད་པ་རེད།

ཟླ་འདིའི་ཚེས་༡༩ ཉིན་ས་གནས་ནས་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉིན་གྲངས་གསུམ་རིང་གི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་གོང་ཚེས་ཉིན་དབུ་འཛུགས་གནང་ཡོད་པ་དང་། ཉིན་དང་པོར་༢༠༠༩ ལོའི་ཐབས་བྱུས་ཚོགས་འདུའི་སྐབས་སུ་གཏན་ལ་ཕབ་པའི་ལས་དོན་འཆར་འགོད་ངོ་སྤྲོད་དང་སྦྲགས་ནས། བོད་ནང་དུ་འབྲེལ་བ་གནང་ཕྱོགས་དང་རྒྱལ་སྤྱིའི་སྟེང་རྒྱབ་སྐྱོར་འཚོལ་ཐབས། རྒྱ་གར་གྱི་མངའ་སྡེ་ཁག་དང་རྒྱ་ནག་མི་མང་ལ་འབྲེལ་བ་གནང་ཕྱོགས་སོགས་ཀྱི་ཐད་ལ་ཚོགས་ཆུང་ཆ་བགོས་ཀྱིས་བཀའ་གྲོས་སོགས་གནང་ཡོད་པ་རེད། ཉིན་རྒྱབ་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་འབྲས་ལྗོངས་བ་སྐུ་ཞབས་པི་ཌི་ཨི་མཆོག་གིས། བོད་མི་ཚོས་རྒྱ་གར་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པར་འབྲེལ་བ་བྱེད་ཕྱོགས་དང་། འབྲེལ་བ་བྱེད་པའི་སྐབས་གནད་དོན་ཁག་རྣམས་ལག་ལེན་བསྟར་ཕྱོགས་ཐད་ལ་བཀའ་མོལ་ལྷུག་པོ་གནང་ནས་དྲི་བ་ཁག་ལའང་ལན་འདེབས་གནང་ཡོད་པ་རེད།

དེ་བཞིན་ཉིན་གཉིས་པའི་སྔ་དྲོར་རྒྱ་གར་གྱི་སློབ་དཔོན་ཆེན་པོ་སྐུ་ཞབས་ས་ཝ་རན་སི་མཆོག་གིས། རྒྱ་དཀར་ནག་གཉིས་དབར་འབྲེལ་ལམ་འཛུགས་བཞིན་པའི་གནས་སྟངས་འདིའི་འོག་ནས། རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་སྐོར་གསུང་བཤད་གནང་རྒྱུ་ཡིན་པ་དང་། ཕྱི་དྲོར་མཁས་དབང་སུ་བྷ་ཤ་ཀཱ་ཤབ་མཆོག་གིས། ༧གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་མི་མང་གིས་འདེམས་ཐོན་བྱུང་བའི་ལས་ཀྱི་སྣེ་མོ་བ་ཚོར་གསོལ་བསྩལ་གནང་རྗེས་སྤྱི་འཐུས་ལྷན་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་གནང་བ། དེར་འབྲེལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གནས་ཐབས་ཀྱི་སྐོར་གསུང་བཤད་དང་དོགས་འདྲི་གནང་རྒྱུ། དེ་བཞིན་ཉིན་མཐའ་མར་ཚོགས་ཆུང་ཁག་གི་གྲོས་དོན་དང་བགྲོ་གླེང་སོགས་ཀྱི་དོན་བསྡུས་ཏེ། དུས་ནམ་ཞིག་ཚུལ་ཇི་ལྟར་སྒྲིག་འཛུགས་གང་གིས་ལག་བསྟར་བྱེད་ཕྱོགས་སོགས་གཏན་འབེབས་གནང་འཆར་ཡོད་འདུག

ཟླ་འདིའི་ཚེས་༢༢ ཉིན་རྒྱ་གར་དབུས་གྲོས་ཚོགས་དང་དབུས་བོད་སློབ་འཛིན་ཚོགས་ལས་ཁུངས་སུ་གཟིགས་སྐོར་ཕེབས་རྒྱུ་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྷན་དུ་འདུ་འཛོམས་གནང་རྒྱུ་ཡིན་ཞིང་། ཚེས་༢༣ ཉིན་ལྡི་ལི་ཁུལ་དུ་གནས་སྡོད་བྱེད་མཁན་བོད་མི་ཚོས་ཅ་ན་པུ་རིར་ལྷག་དཀར་གྱི་ལས་འགུལ་སྤེལ་འཆར་ཡོད་པ་དེའི་ཐོག སྤྱི་འཐུས་རྣམ་པ་ཚོས་ཀྱང་གདུང་སེམས་མཉམ་བསྐྱེད་མཚོད་ཆེད་དུ་ལས་འགུལ་ནང་འཛུལ་ཞུགས་གནང་འཆར་ཡོད

No comments:

Post a Comment