Monday, April 16, 2012

དམིགས་བསལ་ཚོགས་ཆེན་ངྷ་སར་ཚོགས་རྒྱུ་རེད།

འདོན་སྤེལ། ༢༠༡༢/༠༤/༡༦

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་དེ། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༥ ནས་ ༢༨ བར་ངྷ་རམ་ས་ལར་ཚོགས་གཏན་ཁེལ་ཡོད་པ་དང་། ཚོགས་འདུར་འཛམ་གླིང་ཡུལ་གྲུ་གང་ས་ནས་ཚོགས་བཅར་བ་ ༥༠༠ ལྷག་འཛོམས་འཆར་ཡོད་འདུག

དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཉིས་ཀྱིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་ཡུལ་དང་ཚོགས་དུས། ཚོགས་མིའི་ཡོང་སྟངས་བཅས་ཀྱི་སྐོར་ལ་བཀའ་སྤྱི་གཉིས་ཐུན་མོང་གི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་།

སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་གསལ་བསྒྲགས་བསྐྱངས་པ་ལྟར་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ འོག་གོ་སྒྲིག་གནང་བཞིན་པའི་དམིགས་བསལ་ཚོགས་ཆེན་གཉིས་པ་དེ། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༩ ཚེས་ ༢༥ ནས་ ༢༩ བར་ཉིན་གྲངས་ ༤ རིང་བཞུགས་སྒར་ངྷ་རམ་ས་ལར་འཚོགས་རྒྱུ་ཡིན་འདུག ཐེངས་འདིའི་ཚོགས་ཆེན་གྱི་ཚོགས་མིའི་ཡོངས་ཁུངས་ཁག་ནི། བཀའ་བློན་དང་བཀའ་ཟུར་རྣམ་པ་དང་། སྤྱི་འཐུས་དང་སྤྱི་ཟུར་རྣམ་པ། ངྷ་སར་གནས་འཁོད་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་དང་དྲུང་འཕར། ཟུང་དྲུང་མན་གྱི་འགན་འཛིན་དང་ལས་བྱའི་སྡེ་ཚན་སོ་སོའི་འཐུས་མི་ ༡ རེ། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་སྐུ་ཚབ། སྐུ་ཚབ་དོན་གཅོད་རྣམ་པ། ས་གནས་འཐུས་ཚོགས་ཁག་གི་སྐུ་ཚབ་ ༡ རེ་དང་། ས་འཐུས་མེད་པའི་ས་གནས་ཁག་ནས་མི་མང་གི་སྐུ་ཚབ་ ༡ རེ། ས་གནས་མགོ་འཛིན་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་ ༡ རེ། རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཚོགས་པ་དང་། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་ ༡ རེ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ ༡ རེ། ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྐུ་ཚབ་ ༦ རེ། རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་ ༡ རེ་བཅས་དང་། དེ་མིན། དུས་རྒྱུན་བོད་དོན་ཐོག་ཐུགས་སྣང་དང་འགན་འཁུར་མཁན་དགོངས་འཆར་གནང་འདོད་ཡོད་རིགས་ཀྱི་གྲོས་ནས། དྭང་བླངས་ཕེབས་མཁན་རྒྱ་བལ་འབྲུག་གསུམ་ནས་མི་ ༣༥ ་དང་། དེ་མིན་ས་ཁུལ་གཞན་ནས་མི་ ༥༠ ལས་མ་མང་བ་དང་། དེའི་ནང་ནས་ས་མིག་ ༢༥ གཞོན་སྐྱེས་རང་ལོ་ ༣༠ མན་གྱི་ཆེད་དུ་ཟུར་བཅད་གནང་རྒྱུ་ཡིན་འདུག

ཐེངས་འདིའི་དམིགས་བསལ་ཚོགས་ཆེན་སྟེང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནི། དབུས་གཙང་དང་མདོ་སྟོད། མདོ་སྨད་བཅས་རྒྱུན་ལས་ཁག་གསུམ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། བུད་མེད་ལྷན་ཚོགས། རྒྱལ་ཡོངས་དམངས་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། མངའ་རིས་སྤྱི་མཐུན་ཚོགས་པ། བོད་རྒྱལ་ཡོངས་ཆིག་སྒྲིལ་ཚོགས་པ། བོད་རྒྱལ་ཡོངས་ཆབ་སྲིད་བཙོན་ཟུར་ཚོགས་པ་བཅས་དང་། རང་སྐྱོང་སྡེ་ཚན་ཁག་ནི་བོད་གཞུང་ཟློས་གར་དང་བོད་ཀྱི་དཔེ་མཛོད་ཁང་། ཝ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། ལྡི་ལི་བོད་ཁང་། བོད་ཁྱིམ་སྤྱི་ཁྱབ་ལས་ཁུངས། མ་སུ་རི་བོད་ཁྱིམ། སཾ་བྷོ་ཊ་བོད་སློབ་འཛིན་སྐྱོང་ཁང་། བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས། དབུས་སྨན་རྩིས་ཁང་། བདེ་ལེགས་སྨན་ཁང་། ཤེས་རིག་དཔར་ཁང་། བལ་ཡུལ་གངས་ཅན་བདེ་རྩ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཅས་ཡིན་འདུག

ཚོགས་ཆེན་ཐོག་རྒྱ་བལ་འབྲུག་གསུམ་ལ་དྭང་བླངས་ཞབས་སྟེགས་ ༣༥ ཡོད་པའི་ཁོངས་ནས། གོང་གསལ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནང་མེད་པའི་རིགས་ཟུར་བཅད་བྱ་རྒྱུ་དང་། དེ་ཡང་ ༢༠༡༢ ལོའི་ཕྱི་ཟླ་ ༤ ཚེས་ ༡༦ ཉིན་གྱི་ཉིན་གུང་བར་སྙན་ཞུ་འབྱོར་ཟིན་པའི་ཁག་ཡིན་འདུག དྭང་བླངས་ཚོགས་མི་ཁག་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་དྲུང་གི་འོས་མིར་ཞུགས་ཆོག་གི་མེད་པ་རེད། བླ་ཆེན་རྣམ་པ་དང་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ། རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་ཚོགས་ཆེན་གྱི་དབུ་འབྱེད་དང་མཇུག་བསྡོམས་མཛད་སྒོ། ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་སྐབས། དེ་བཞིན་ཚོགས་མི་ཚང་འཛོམས་ཐོག་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོའི་བགྲོ་གླེང་གནང་སྐབས་བཅས་སུ་གདན་ཞུ་གནང་རྒྱུ་ཡིན་འདུག

ཐེངས་འདིའི་དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་གཙོ་བོ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས་ཀྱི་སྐོར་ནས་གོ་བསྡུར་གནང་རྒྱུ་དེ་ཡིན་པ་དང་། དེ་ཡང་ཚོགས་འདུའི་ཉིན་དང་པོར་ཚོགས་བཅར་བ་ཚོགས་འཛོམས་ཐོག་གྲོས་གཞི་ངོ་སྤྲོད་དང་དབུ་འབྱེད་མཛད་སྒོ་ཚོགས་རྗེས་ཚོགས་ཆུང་ཁག་བཅུ་ལ་བགོས་ཏེ། ཉིན་རྒྱབ་ཚོགས་ཆེན་གྱི་གྲོས་གཞིའི་ཐོག་བཙན་བྱོལ་བོད་མིའི་ངོས་ནས་བཀའ་སྤྱི་གཉིས་ཀྱི་སྤྱི་སྨན་ལམ་སྟོན་ཞི་བ་དང་། ཡུལ་ཁྲིམས་དང་མི་འགལ་བ། ཆེ་མཐོང་ལྡན་པའི་ངང་ནས་བོད་མིའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཕྱོགས་དང་། ཉིན་གཉིས་པའི་སྔ་དྲོ་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས། ཉིན་རྒྱབ་རྒྱ་གར་དང་ལྷོ་ཤར་ཨེ་ཤ་ཡའི་ནང་ལས་འགུལ་སྤེལ་ཕྱོགས་བཅས་ཀྱི་ཐོག་བགྲོ་གླེང་གནང་རྒྱུ་མ་ཟད། ཉིན་གསུམ་པའི་སྔ་དྲོར་ཚོགས་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་གནང་རྒྱུ་དང་། ཉིན་རྒྱབ་སྙན་སྒྲོན་གནང་བའི་རྒྱབ་གཉེར་ཐོག་ཚོགས་ཆེན་རང་དུ་ཉིན་ཕྱེད་རིང་བགྲོ་གླེང་གནང་རྒྱུ། ཉིན་མཐའ་མའི་སྔ་དྲོར་གཞུང་མང་གཉིས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་དང་། ཉིན་རྒྱབ་ཚོགས་ཆུང་སོ་སོའི་ཚོགས་ཆེན་དུ་ཕུལ་བའི་རྒྱབ་གཉེར་རྣམས་ཕྱོགས་བསྡོམས་གཏན་འབེབས་དང་ཚོགས་ཆེན་བསྡོམས་གནང་རྒྱུ་ཡིན་འདུག

གསར་འགོད་གསལ་བསྒྲགས་ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས། རྒྱ་བལ་འབྲུག་གསུམ་དང་དྭང་བླངས་ཚོགས་ཞུགས་པ་ ༣༥ དང་། དེ་མིན་ཚོགས་ཞུགས་པ་ ༥༠ མཉམ་ཞུགས་བྱེད་ཆོག་པ་དེ་དག་དེབ་སྐྱེལ་བྱེད་སྟངས་ཐད། རྒྱུན་ལས་ཀྱི་ངོས་ནས་ཐག་གཅོད་བྱས་རྗེས་རིམ་པས་གསལ་བསྒྲགས་བྱ་རྒྱུ་ཡིན་པ་དང་། དེ་ཡང་སྔོན་མའི་ཚོགས་ཆེན་སྐབས་ས་ཐག་ཉེ་བའི་རིགས་ཀྱིས་སྙན་ཞུ་སྔོན་ལ་ཕུལ་རྗེས། ས་ཐག་རིང་པོའི་དྭང་བླངས་པ་མང་པོ་ཞིག་མཉམ་ཞུགས་བྱ་ཐུབ་མེད་སྟབས། ཐེངས་འདིར་དེའི་རིགས་མི་འབྱུང་བར་བྱ་ཆེད་ཡིན་སྐོར་གསལ་བཤད་དང་སྦྲགས། ཁོང་གིས་“ཐེངས་འདིིར་སྔོན་མ་དང་མི་འདྲ་བར་ང་ཚོས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་མི་མང་ལ་དམིགས་ཏེ་གཞུང་གི་ཚོགས་བཅར་བ་ཉུང་དུ་བཏང་ཡོད། དེ་བཞིན། དྭང་བླངས་ཚོགས་མི་ཁག་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་དྲུང་གི་འོས་མིར་ཞུགས་མི་ཆོག་པར་བཟོས་ཡོད། རྒྱུ་མཚན་གཙོ་བོ་འཐུས་མི་ཚོར་མཚོན་ན་མི་སྟོང་ཕྲག་མང་པོ་ཞིག་གི་ཚབ་བྱས་ཏེ་ཕེབས་ཡོད་པ་རེད། དྭང་བླངས་པ་ཚོ་མི་སྒེར་ངོས་ནས་ཕེབས་ཀྱི་ཡོད་པ་རེད། དྭང་བླངས་འཐུས་མི་ཚོར་བགྲོ་གླེང་དང་དྲི་བ་དྲིས་ལན། བཀའ་མོལ་བཅས་གནང་རྒྱུའི་གོ་སྐབས་ཡོད་ཀྱང་། ཚོགས་ཆུང་གི་ཚོགས་གཙོར་འདུག་མི་ཆོག་པའི་སྒྲིག་གཞི་བཀའ་སྤྱི་གཉིས་ཐུན་མོང་ཐོག་ཐག་གཅོད་བྱས་ཡོད། ” ཅེས་གསུངས་བྱུང་།

No comments:

Post a Comment