Wednesday, April 18, 2012

ཀྲུང་ནན་ཧེའི་ཟིང་ཆ་ལ་དཔག་པའི་བོད་དོན་ལས་འགུལ།

འདོན་སྤེལ། ༢༠༡༢/༠༤/༡༥
ཚེ་རིང་རྡོ་རྗེ།

ལོ་འདིར་རྒྱ་གཞུང་གི་དབང་ཆེན་ཕྱོགས་ཁག་བར་གྱི་དབང་རྩོད་འགལ་ཟླ་ཛ་དྲག་ཏུ་གྱུར་ཏེ་སྔར་གྱི་ནང་ཁུལ་གསང་རྒྱ་ལས་བརྒལ་ནས་རྒྱལ་སྤྱིའི་སྟེང་དུ་མཆེད་པས། ཕྱི་ནང་ཀུན་ན་དེའི་སྐོར་གྱི་གསར་འགྱུར་དང་རྒྱ་ནག་དམར་ཕྱོགས་ཀྱི་དཔོན་གནས་འཕོ་འགྱུར་ལ་ཚོད་དཔག་གི་གླེང་སློང་ཡང་སྣ་ཚོགས་འོང་གིན་འདུག དབང་རྩོད་དུ་ཞུགས་པའི་མི་སྣ་ལ་རིམ་པ་དང་ཁྱབ་ཁོངས་འདྲ་མིན་ཡོད་པ་དང་། ཆེ་ས་ནས་བལྟས་ན། སྲིད་འཛིན་ཟུར་བ་ཅང་ཙེ་མིན་གྱི་ཕྱོགས་ཁག་དང་ལས་ཐོག་སྲིད་འཛིན་ཧུའུ་ཅིན་ཐོ་ཡི་ཕྱོགས་ཁག་གཉིས་ཡིན། ཁ་ཅིག་གིས་ད་ལོའི་དབང་རྩོད་ཀྱི་ཛ་དྲག་གནས་སྟངས་ནི་རིག་གནས་གསར་རྗེའི་སྐབས་ཀྱི་ཚད་དང་མཉམ་པར་བཤད། ཁ་ཤས་ཀྱིས་རྒྱ་ནག་དམར་ཕྱོགས་ཀྱི་སྲིད་དབང་མི་རིང་པར་འཐོར་ཞིག་ཏུ་འགྲོ་བར་བཤད་པ་དང་། ཡང་ཁ་ཤས་ཀྱིས། ནང་ཁུལ་གྱི་འགལ་ཟླ་ཆེ་ཡང་སྒེར་གཅོད་སྲིད་དབང་འཇིག་ན། འགོ་ཁྲིད་ཉེས་ཅན་པ་མང་པོ་མི་དམངས་ཀྱིས་ཁྲིམས་ལ་སྦྱར་བ་དང་དབང་འབྱོར་གཉིས་ཆ་ཤོར་སྲིད་པས། ཅི་ལ་ཐུག་ཀྱང་ཚང་མ་རྟེན་སའི་སྲིད་དབང་དེ་འཐོར་ཞིག་ཏུ་མི་འགྲོ་བ་བྱ་ངེས་ཟེར། གང་ལྟར་ང་རང་གིས་བསམ་གཞིགས་བྱ་འདོད་པ་ནི་ཀྲུང་ནན་ཧའེ་རུ་དབང་རྩོད་འགལ་ཟླ་ཆེ་བའི་སྐབས་དང་བསྟུན་ནས་བོད་དོན་ལས་འགུལ་གང་འདྲ་ཞིག་སྤེལ་དགོས་པ་དེ་ཡིན།

བཙན་བྱོལ་གྱི་བོད་དོན་ལས་འགུལ་བ་གྲགས་ཅན་ཕལ་ཆེ་བར་གཅིག་མཚུངས་ཀྱི་ཞན་ཆ་ཞིག་ཡོད་པ་ནི་གནས་བབ་ལ་ལྟོས་ཏེ་ཉེས་ཅན་གཏེ་བོ་བྱེ་བྲག་པ་ཞིག་ཐེར་འདོན་མི་བྱེད་པར། འཆར་ཅན་དུ་རྒྱ་ནག་གཞུང་ཟེར་ནས་རྒྱ་ནག་གི་དབང་འཛིན་པ་ཐུན་མོང་ལ་ཁ་གཏད་གཅོག་པ་འདི་ཡིན། ཐ་ན་རྒྱ་ནག་མི་མང་ཀུན་པོ་དགྲ་ཟླར་བཟུང་ནས་ངོ་རྒོལ་གྱི་རྣམ་པ་ཕྱིར་འདོན་མིའང་འདུག རྒྱ་ནག་དམར་ཕྱོགས་སྲིད་གཞུང་གི་གནས་བབ་ལ་དཔག་སྟེ་ཐབས་མཁས་ཀྱི་ལས་འགུལ་སྤེལ་མ་ཐུབ་པའི་རྒྱུ་མཚན་གྱིས། ང་ཚོས་རྒྱ་ནག་དམར་ཕྱོགས་སྲིད་གཞུང་བཟང་ཕྱོགས་སུ་འགྱུར་བའམ་གློ་བུར་འཐོར་ཞིག་ཏུ་འགྲོ་བར་སྒུག་པ་དང་། དཔལ་འབྱོར་ཁེ་ཕན་ཁོ་ན་བསམ་པའི་སྟོབས་ལྡན་སྲིད་གཞུང་ཁག་གི་སྙིང་རྗེ་ལ་སློང་མོ་བྱེད་པ་ལས་ཐབས་ལམ་གཞན་མ་རྙེད།

སྤྱིར་བོད་འདི་རྒྱ་ནག་དམར་ཕྱོགས་སྲིད་གཞུང་གིས་བཙན་བཟུང་བྱས་པ་དེ་རྩོད་མེད་ཡིན་ཡང་། གནས་དུས་ཀྱི་དབང་གིས་ང་ཚོའི་ཁ་གཏད་རྒྱ་ནག་དམར་ཕྱོགས་ཀྱི་འགོ་ཁྲིད་དང་། དེའི་སྲིད་དབང་གི་གནས་སྟངས། རྒྱལ་སྤྱིའི་སྲིད་འབྱོར་གྱི་ཁ་དབུགས་སོགས་ལ་འགྱུར་ལྡོག་འབྱུང་བ་ཡིན། འགྱུར་ལྡོག་དེ་འདྲའི་ཁྲོད་ན་ང་ཚོར་གོ་སྐབས་ཡོད་ལ་ཉེན་ཁའང་མཆིས། དེའི་ཕྱིར་ངེས་པར་དུ་འགྱུར་ལྡོག་དེ་རིགས་ལ་སྔོན་དཔག་དང་གྲ་སྒྲིག་གིས་ལས་འགུལ་སྤེལ་བ་གལ་ཆེ། ད་ལྟའི་གནས་སྐབས་འདིར་འགྱུར་ལྡོག་ཅིག་འབྱུང་གིན་ཡོད་པས་ང་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་དགོས་སམ་ཞེ་ན། ཅང་ཧུའུ་ཕྱོགས་ཁག་གཉིས་ནང་འཛིང་གི་སྐབས་དང་བསྟུན་ནས། ང་ཚོས་ཧུའུ་ཅིན་ཐའོ་གང་ཟག་སྒེར་བ་ཐེར་འདོན་བྱས་ནས་འཛམ་གླིང་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས། ཧུའུ་ཅིན་ཐའོ་ཡིས ༡༩༨༨ ལོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཕྱོགས་དྲུང་ཆེའི་འགན་འཁུར་བ་ནས་ད་བར་དུ་། བོད་མིར་གདུག་རྩུབ་ཀྱི་སྲིད་ཇུས་ལག་ལེན་བྱས་པ་དང་བོད་ཀྱི་རིག་གནས་དང་ཁོར་ཡུག་སོགས་ལ་གཏོར་བཤིག་བཏང་བའི་ནག་ཉེས་དང་། ༧གོང་ས་མཆོག་གི་མཛད་འཕྲིན་དང་དགོངས་བཞེད་ལ་འཁྱོག་བརྗོད་བྱས་ནས་རྒྱ་བོད་མི་དམངས་བར་ལ་འགལ་ཟླ་ཚད་མེད་བཟོས་པའི་ནག་ཉེས་ལ་སོགས་ཐེར་འདོན་བྱས་ཏེ། དེ་དག་ཐམས་ཅད་ཁོ་རང་སྒེར་གྱི་དཔོན་གནས་འཕར་བ་དང་ཁྱིམ་རྒྱུད་ཕྱུག་པོ་འོང་བར་དམིགས་པ་ལས། རྒྱ་ནག་གི་སྤྱི་ཚོགས་བརྟན་བརླིང་དང་། རྒྱལ་ཁབ་གཅིག་གྱུར། མི་རིགས་མཐུན་སྒྲིལ་གྱི་ཆེད་དུ་ཡིན་ཟེར་བ་རྒྱ་ནག་མི་མང་ལ་མགོ་སྐོར་བ་ཡིན་པ་སོགས་དྲིལ་བསྒྲག་བྱ་དགོས།

དེ་ལྟར་བྱས་ཚེ་འབྲས་བུ་འདི་འདྲ་འབྱུང་སྲིད་དེ། ཅང་ཙེ་མིན་ཕྱོགས་ཁག་གིས་བོད་དོན་ཐད་ནས་ཧུའུ་ཡི་ནག་ཉེས་རིགས་ཕྱིར་འདོན་དང་གླེང་སློང་བྱ་བ་དཔེར་ན། བོད་མིར་དྲག་གནོན་དང་མནར་གཅོད་གཏོང་བའི་པར་རིས་དང་བརྙན་པར་དྲ་ཐོག་ནས་ཕྱིར་འདོན་པ་ལྟ་བུ། ཡང་ཕྱོགས་གང་ལའང་མི་གཏོགས་པའི་དམར་ཕྱོགས་ཀྱི་འགོ་ཁྲིད་དང་རྒྱ་ནག་མི་མང་གི་ཁྲོད་དུའང་ཧུའུ་ཡི་བོད་ལ་འཛིན་པའི་རྣམ་འགྱུར་དང་སྲིད་ཇུས་ནོར་འཁྲུལ་དུ་རྩི་བ། མ་འོངས་པའི་རྒྱ་ནག་གི་འགོ་ཁྲིད་གསར་བས་བོད་ལ་དེ་འདྲའི་གདུག་རྩུབ་གཏོང་བར་འཛེམ་དོགས་བྱེད་པ། བོད་རྒྱ་འབྲེལ་མོལ་ལ་རྒྱ་ནག་དམར་ཕྱོགས་ནང་ཁུལ་དང་མི་མང་གི་ཁྲོད་དུ་ལྟ་ཚུལ་མི་འདྲ་བ་འབྱུང་སྲིད་པ་ལྟ་བུ།

མདོར་ན། གནས་སྐབས་འདིར་ཀྲུང་ནན་ཧེའི་དབང་རྩོད་ཀྱི་ཟིང་ཆའི་གོ་སྐབས་དང་བསྟུན་ཏེ། འདས་མ་ཐག་པའི་ལོ་རབས་ཉི་ཤུའི་རིང་དུ་བོད་ལ་གདུག་རྩུབ་སྣ་དགུ་གཏོང་བའི་མཐར་མཐུག་གི་ཉེས་ཅན་པ་ཧུའུ་ཐེར་འདོན་གྱིས་ངོ་རྒོལ་ལས་འགུལ་རྒྱ་ཆེར་སྤེལ་དགོས་སོ།།

No comments:

Post a Comment