Saturday, October 6, 2012

དམིགས་བསལ་ཚོགས་ཆེན་རྒྱབ་གཉེར་སྙན་ཐོ།

ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་ གཉིས་ནས་གདོང་ལེན་གནང་ཕྱོགས་སྐོར་གོ་བསྡུར་སླད་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་དང༌། བཀའ་ཤག་ལྷན་རྒྱས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པ་བཞུགས་སྒར་རྡ་རམ་ས་ལར་བོད་རྒྱལ་ལོ་ ༢༡༣༩ ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ ནས་ཚེས་ ༢༨ བར་ཉིན་བཞིའི་རིང་སྐོང་འཚོགས་གནང་བ་བཞིན། ཕྱི་ཚེས་ ༢༥ ཉིན་སྔ་དྲོ་དབུ་འབྱེད་མཛད་སྒོ་གྲུབ་རྗེས་ཚོགས་མི་ཡོངས་རྫོགས་ཚོགས་ཆུང་བཅུ་ རུ་ཆ་བགོས་ཀྱིས་ཕྱི་ཚེས་ ༢༧ ཉིན་གུང་ཚོུད་ ༡༡།༠༠ བར་ཚོགས་ཆུང་སོ་སོའི་ནང་གྲོས་བསྡུར་བགྲོ་གླེང་ཞིབ་ལྷུག་ཞུས་ཤིང༌། དེ་རྗེས་ཚོགས་ཆེན་ཐོག་ཚོགས་ཆུང་སོ་སོའི་སྙན་ཐོ་རྣམས་རེ་རེ་བཞིན་སྙན་སྒྲོན་ ཞུས་པ་དང༌། ཕྱི་ཚེས་ ༢༨ ཉིན་གཞི་རྩའི་སྙན་ཐོ་ཁག་གི་ནང་ཡོད་པའི་དགོངས་འཆར་གྱི་དོན་སྙིང་ཕྱོགས་ བསྡོམས་ཞུས་ཡོད་ཀྱང་། ལས་འགུལ་ཡོངས་རྫོགས་འགོད་རྒྱུ་ཡིག་ཚོགས་སུ་འགྱུར་རྒྱུར་བརྟེན། གཏན་འབེབས་ཟིན་པའི་དོན་ཚན་ཁག་ཕྱག་བསྟར་སྐབས་རྒྱབ་ལྗོངས་ཡིག་ཆར་གཞི་བཅོལ་ དགོས་པ་ལྟར་ཚོགས་ཆུང་ཁག་གི་སྙན་ཐོ་ཟུར་སྦྱར་ཞུས་ཡོད། ཕྱོགས་བསྡོམས་དོན་ཚན་རེ་རེ་བཞིན་སྙན་སྒྲོན་དང་འབྲེལ་གཏན་འབེབས་ཀྱིས་མཐའ་ མའི་རྒྱབ་གཉེར་སྙན་ཐོ་འགོད་འབུལ་ཞུས་པ་གཤམ་གསལ། བརྗོད་གཞི་དང་པོ། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གྱིས་བོད་མིའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཕྱོགས། ༡༽ རྒྱ་ནག་གཞུང་གི་ལྐོག་གཡོ་ངན་ཇུས་འོག་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་གཞུང་ མང་ཁ་བྲལ་དང་། ལྷག་པར་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ལ་འཚེ་བའི་རིགས་ཡོང་ ཉེན་ཆེ་ན་གནས་ཡུལ་རྒྱ་གར་གཞུང་དང་ བོད་མིའི་སྒྲིག་འཛུགས་གཉིས་ནས་སྔར་ལྷག་ཐུགས་འཁུར་གཟབ་ནན་གནང་གལ་ཆེ། ༢༽ བོད་དོན་ལས་འགུལ་ཅི་འདྲ་ཞིག་སྤེལ་རུང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པར་བོད་ མིའི་སྒྲིག་འཛུགས་གཞུང་མང་གཉིས་ནས་ཆིག་སྒྲིལ་དང་ལངས་ཕྱོགས་བརྟན་པོས་ཤར་ སྐྱོད་ཐུབ་པ་བྱེད་རྒྱུ། ༣༽ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པའི་བོད་རྒྱ་གཉིས་ ཕན་“དབུ་མའི་ལམ་”ནི་གཞིས་བྱེས་ བོད་མིའི་མོས་མཐུན་དང་། སྤྱི་འཐུས་ལྷན་ཚོགས་ནང་སྤྱི་མོས་ཀྱི་རྒྱབ་སྐྱོར་རིམ་བྱུང་ལྟར། དེའི་ཐོག་ད་བར་གོམ་པ་མདུན་ བསྐྱོད་ཀྱིས་བོད་རྒྱ་གཉིས་དབར་ཞི་མོལ་ཐེངས་མང་གནང་ཡོད་ཀྱང། རྒྱ་གཞུང་ནས་སྒྲོ་སྐུར་འཁྱོག་བཤད་དང་བཅས་ཡ་ལན་མ་བྱུང་བར་བརྟེན། བར་ལམ་ནས་དམིགས་བསལ་སྐུ་ཚབ་དགོངས་ཞུ་བྱེད་དགོས་བྱུང་བ་དང། རྒྱ་གཞུང་གི་སྐུ་ཚབ་མཉམ་དུ་འབྲེལ་མོལ་མཚམས་ཆད་པ་དེ་དག་སླར་གསོ་དང་། འབྲེལ་མོལ་ཡོང་ཐབས་སུ་རྒྱ་གར་དང། ཨ་རི། ཡུ་རོབ་གཙོས་རྒྱལ་ཁབ་གང་མང་ནས་རྒྱབ་སྐྱོར་འཚོལ་ཐབས་དང་། བཀའ་ཤག་གི་ངོས་ནས་འབྲེལ་མོལ་དབུ་འཛུགས་ཀྱི་ལས་རིམ་གང་མགྱོགས་སླར་གསོ་གནང་ གལ་ཐོག་རྒྱ་རིགས་གཙོ་བོར་གྱུར་པའི་བོད་ཕྱི་ནང་གཉིས་སུ་གཉིས་སྨན་དབུ་མའི་ལམ་ གྱི་ལྟ་གྲུབ་དང་དེའི་དགོས་དམིགས་བཅས་ཀྱི་གོ་རྟོགས་གོང་འཕེལ་གཏོང་ཐབས་གནང་གལ ༣) བོད་བསྟན་སྲིད་མི་རིགས་ཀྱི་ཆེད་བོད་ཕྱི་ནང་གཉིས་སུ་རྒྱལ་གཅེས་དཔའ་བོ་དཔའ་ མོ་ ༥༦ གིས་རང་ལུས་མེར་བསྲེགས་གནང་བའི་བློས་བཏང་གི་ཆོད་སེམས་ལ་ཡི་རངས་དང་། དྲན་གསོའི་ཆེད་དཔའ་བོ་དཔའ་མོ་རྣམས་ཀྱི་འདྲ་རིས་དང་ལོ་རྒྱུས་ཀྱི་དྲན་རྟེན་ ཁང་ཆེད་འཛུགས། ལྷག་པར་གནས་ཆེན་ཁག་ཏུ་བསྔོ་སྨོན་མཆོད་འབུལ་གཞི་རྒྱ་ཆེ་བ་ཞིག་དང་། ཁོང་རྣམ་པའི་ཤུལ་ལུས་ནང་མི་ཉེ་འབྲེལ་སོགས་ལ་མྱ་ངན་ཐུགས་གསོའི་གདུང་སེམས་ མཉམ་སྐྱེད་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཞུང་མང་ཡོངས་ནས་ཉིན་བརྒྱ་དུས་ གཅིག་ཏུ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་དགོས། ༤) ཁོང་རྣམ་པའི་ཞལ་ཆེམས་ལག་ལེན་འཁེལ་ཐབས་བྱེད་པ་དང་། ཞལ་ཆེམས་རྣམས་སྐད་རིགས་འདྲ་མིན་ཐོག་བསྒྱུར་ཏེ་ཁྱབ་བསྒྲགས་བྱེད་རྒྱུ་མ་ཟད་མ་ འོངས་པའི་ལོ་རྒྱུས་ཀྱི་ཡིག་ཚགས་སུ་བདག་གཅེས་གནང་ཐབས། ༥) བོད་ཕྱི་ནང་དུ་རང་སྲོག་བློས་གཏོང་གནང་མཁན་རྣམས་ལ་རྗེས་དྲན་མཚོན་ཆེད་དུ་ རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་ཞིག་སྲུང་བརྩི་གཏན་འཁེལ་དགོས་རྒྱུ། ༦) བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ རྣམས་དང། གཞིས་ལུས་སྤུན་ཟླ་ཡོངས་ཀྱི་མངོན་འདོད་གཙོ་བོ་གཅིག་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུར་སྔར་ ལྷག་ཤུགས་སྣོན་རྒྱག་དགོས། ༧) བོད་མི་རིགས་ལ་མི་འབོར་ཉུང་ཞིང་། ད་ལྟའི་བོད་ནང་གི་གནས་སྟངས་ཆེས་ཛ་དྲག་ཅན་དེའི་འོག་བོད་མི་གཅིག་གི་སྐུ་སྲོག་ ཤོར་ནའང། བོད་མི་རིགས་ལ་གྱོང་གུན་ཆེན་པོ་ཡིན་པ་སྨོས་མི་དགོས་པས། ཚོགས་ཆེན་འདི་བརྒྱུད་ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ལ་བློ་འཚབ་ཆེན་པོ་ ཡོད་པ་དང་། བོད་མི་རྣམས་ཀྱིས་སླད་ཕྱིན་སོ་སོའི་ཚེ་སྲོག་ལ་གཅེས་འཛིན་དགོས་པའི་འབོད་ སྐུལ་ཞུ་རྒྱུ་དང་། རྒྱ་གཞུང་གི་ངོས་ནས་ཛ་དྲག་གི་གནས་སྟངས་འདིའི་རྒྱབ་ལྗོངས་ལ་དྲང་བདེན་གྱིས་ ཞིབ་འཇུག་བྱེད་དགོས་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་མཚན་སྨོད་སྐུར་ འདེབས་གང་བྱུང་བྱེད་བཞིན་པ་ནི། གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ན་ཟུག་གཏོང་གི་ཡོད། ད་དུང་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འགྱུར་བ་མ་བཏང་ན་བོད་ས་ཁྱོན་ཡོངས་སུ་ད་ ལྟའི་གནས་ཚུལ་འདི་ལས་ཇེ་སྡུག་ཏུ་འགྱུར་སྲིད་པས་འབྱུང་འགྱུར་གྱི་འགན་ཡོངས་ རྫོགས་རྒྱ་ནག་གཞུང་གིས་འཁྱེར་དགོས། ༨) བོད་ནང་རང་ལུས་མེར་བསྲེགས་ཀྱི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བཞིན་པ་འདིའི་ངོ་ བོ་ནི། རྒྱལ་སྤྱིའི་སྟེང་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་ཤིག་ཡིན་པར་ངོས་འཛིན་ བྱ་རྒྱུ། ༩) བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་ཡོང་བ་དང་། བོད་དོན་བདེན་མཐའ་གསལ་ཆེད་མུ་མཐུད་ལས་འགུལ་རྣམ་གྲངས་གང་མང་སྤེལ་དགོས་པ་ སོགས། དཔལ་འབྱོར་གྱི་རྒྱབ་རྟེན་ཤུགས་ཆེ་དགོས་པ་ཧ་ཅང་གལ་ཆེ་བར་བརྟེན་བཙན་བྱོལ་བོད་ མི་རྣམས་ཀྱིས་གཙོས་དང་བླངས་ཛ་དྲག་མ་དངུལ་ཐེབས་རྩ་ཞིག་བསྡུ་འབུལ་གནང་དགོས་པ་ དང་། བཙན་བྱོལ་བོད་མིའི་དང་བླངས་དཔྱ་ཁྲལ་འབུལ་འབབ་ལའང་སྤར་ཆ་དགོས ༡༠) སླར་ཡང་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ཞིག་གསར་འཛུགས་དང་འབྲེལ གཞུང་སྒེར་སྒྲིག་འཛུགས་ཁག་གི་ནུས་པ་མཉམ་སྤུངས་ཀྱིས་ལས་འགུལ་སྤེལ་རྒྱུ། ༡༡) རྒྱ་དམར་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་ཀྱི་ལོ་རྒྱུས། བོད་ཀྱི་རྩ་དོན་འཐབ་རྩོད་སོགས་ལ་འཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱས་རིགས་ལ་དུས་ ཐོག་ལན་འདེབས་གནང་དགོས། ༡༢) བོད་མིའི་སྒྲིག་འཛུགས་དང༌། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་བཀའ་སྤྱི་གཉིས་ཀྱི་ལམ་སྟོན་ལྟར་འཚེ་བ་ མེད་པ་དང་། ཡུལ་ཁྲིམས་དང་མཐུན་པ། ཆེ་མཐོང་དང་ལྡན་པའི་ལས་འགུལ་གང་མང་སྤེལ་དགོས། ༡༣) རྒྱ་གཞུང་ནས་བོད་མི་རྣམས་འགུག་ཐབས་སུ་དེང་དུས་སྔར་ལྷག་མི་རྒྱུ་གཉིས་ཀྱི་ འགྲོ་སོང་བཏང་ནས་བཙན་བྱོལ་བོད་མི་ནང་ཁུལ་དང་། ས་གནས་ཡུལ་མིའི་བར་དཀྲུགས་ཤིང་དཀྲོག་གཏམ་སྤེལ་རྒྱུའི་ཇུས་ངན་རབས་དང་རིམ་པ་ སྤེལ་མུས་ལ་བརྟེན། ཛ་དྲག་ཆེ་བའི་སྐབས་འདིར་བོད་མི་རྣམས་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་སྔར་ ལྷག་དགོས། ༡༤) བོད་ནང་རྒྱ་གཞུང་གི་གནོན་ཤུགས་འོག་བོད་པའི་ཆོས་དང་། རིག་གནས། སྐད་ཡིག གོམས་གཤིས་སོགས་རྩ་མེད་གཏོང་བཞིན་པར་བརྟེན། རང་དབང་རྒྱལ་ཁབ་ཁག་ནང་བཞུགས་པའི་བོད་མི་བཙན་བྱོལ་བ་རྣམས་ཀྱིས་རང་གི་ཆོས་ དང་། རིག་གཞུང་སྐད་ཡིག་བཅས་ལ་སློབ་སྦྱོང་གིས་རྒྱུན་འཛིན་བྱེད་དགོས་པ་དང་། ལྷག་དཀར་ལྟ་བུའི་ལས་འགུལ་རིགས་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་ཁག་ལ་རྒྱ་ ཁྱབ་ཏུ་སྤེལ་དགོས། ༡༥) བོད་མི་རིགས་ཀྱི་འཐབ་རྩོད་ལ་འཕྲལ་ཕུགས་གང་ཐད་ནས་མི་འབོར་ཉུང་བའི་དཀའ་ངལ་ དངོས་ཡོད་ལ་བརྟེན། ཕྲུ་གུ་མང་པོ་སྐྱེ་གསོ་བྱེད་དགོས་པ་དང་། ཕྲུ་གུ་གསུམ་ཡན་ཡོད་པ་རྣམས་ལ་གཞུང་ངོས་ནས་དམིགས་བསལ་བལྟ་སྐྱོང་དགོས ༡༦) ༸གོང་ས་མཆོག་གི་དགོངས་གཞི་ལྟར། མང་གཙོ་ཆ་ལག་ཚང་བའི་སྒྲིག་འཛུགས་འདི་ཉིད་མུ་མཐུད་སྲ་བརྟན་ཡོང་ཐབས་སུ་གཞུང་ མང་གཉིས་ནས་ཕྱར་གྲུ་མཉམ་འདེགས་བྱེད་དགོས། བརྗོད་གཞི་གཉིས་པ། རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས་སྐོར། ༡) རྒྱལ་སྤྱིའི་ནང་གི་སྲིད་གཞུང་ཁག་དང་གྲོས་ཚོགས་ཁག གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་བཅས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བར་ ཚོགས་ཆེན་འདིའི་ཐོག་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང། དེ་དག་ལ་འབྲེལ་བ་སྔར་ལྷག་ཞུས་ཏེ་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་དང༌། ལྷག་དོན་མཉམ་འབྲེལ་རྒྱལ་ཚོགས་དང༌། ཡུ་རོབ་མཐུན་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་ལས་འགུལ་མུ་མཐུད་སྤེལ་ དགོས་ལ། དེ་ཡང་བོད་ནང་གི་ཛ་དྲག་གནས་སྟངས་དང༌། ཆོས་དད་རང་དབང་འགྲོ་བ་མིའི་ཐོབ་ཐང༌། ཁོར་ཡུག ཤེས་ཡོན་གྱི་གནས་སྟངས། འབྲོག་པ་རྣམས་བཙན་ཤེད་ཀྱིས་གནས་སྤོ་བྱེད་བཅུག་པ་སོགས་བོད་ནང་གི་གནས་སྟངས་ཁ་ གསལ་དཔང་རྟགས་དང་བཅས་ངོ་སྤྲོད་དང་འབྲེལ། རྒྱ་གཞུང་གི་སྲིད་བྱུས་ངན་པ་དེ་དག་མཚམས་འཇོག་ཡོང་བར་རྒྱལ་སྤྱིའི་ཐོག་ནས་ གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་དུས་ཐོག་མུ་མཐུད་ཞུ་དགོས་ཐོག་དོན་གཅོད་ མེད་པའི་རྒྱལ་ཁབ་ཁག་ཏུ་དོན་གཅོད་དང་། ཡང་ན་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐབས་བྱེད་དགོས། ༢) བོད་ནང་གི་ཛ་དྲག་གནས་ཚུལ་ངོ་མ་རྟོག་ཞིབ་སླད། རང་དབང་ལྡན་པའི་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་ཆུང་ཞིག་གང་མགྱོགས་བོད་ལ་ཕེབས་ ཐབས་གནང་གལ་ཆེ་བ་མ་ཟད། དེ་འབྲེལ་གྱི་ལས་འགུལ་སྣེ་མང་སྤེལ་དགོས། ༣) བོད་ནང་དུ་རྒྱ་གཞུང་གིས་གདུག་སྦྱོང་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་པ་ཁག་ གི་ཛ་དྲག་གནས་སྟངས་དངོས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་མཁས་པ་རྣམས་ཀྱིས་ ཞིབ་འཇུག་དང་འབྲེལ། དཔང་རྟགས་བསྡུ་རུབ་ཀྱིས་རྒྱ་ནག་གི་སྐབས་སོ་སོའི་འབྲེལ་ཡོད་དཔོན་རིགས་ཁག་ ཐེར་འདོན་གྱིས་ནག་ཉེས་བཙུགས་ཏེ་རྒྱལ་སྤྱིའི་ཁྲིམས་ཁང་ཁག་ཏུ་ཁྲིམས་གཏུག་གནང་ རྒྱུ། ༤) རྒྱལ་སྤྱིའི་ཐོག་གི་གཞས་པ་གཞས་མ་སྐད་གྲགས་ཅན་རྣམས་ལ་འབྲེལ་བ་བྱས་ཏེ་སྒྱུ་ རྩལ་དང་འབྲེལ་བའི་སྒོ་ནས་བོད་དོན་རྒྱབ་སྐྱོར་དང་ཁྱབ་བསྒྲགས་ཀྱི་ལས་འགུལ་ སྤེལ་དགོས། ༥) བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ (tibet.net) དང་དྲ་བརྙན་(tibetOnline.tv)གཉིས་ཡར་རྒྱས་སུ་བཏང་ནས་ཨིན་ཇི་དང་རྒྱ་སྐད་ སོགས་སྐད་ཡིག་འདྲ་མིན་ཐོག་འཛམ་གླིང་གི་ཁྱོན་ཀུན་ཏུ་བོད་དོན་དྲིལ་བསྒྲགས་ཡོང་བར་ཤུགས་སྣོན་རྒྱག་དགོས། ༦) རྒྱལ་སྤྱིའི་རྒྱལ་ཁབ་ཁག་འདྲ་མིན་དང་། ལྷག་པར་སྟོབས་ཆེན་རྒྱལ་ཁབ་མང་པོའི་ནང་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་མང་ དག་ཅིག་ཡོད་པ་དེ་དག་གི་འགན་འཛིན་དང་། གཏན་སྡོད་ཆོས་དགེ་བླ་སྤྲུལ་རྣམ་པས་སྔར་ལྷག་དགོངས་པ་ཆེར་བཞེས་ཀྱིས་ནང་ཆོས་ཀྱི་སློབ་ཁྲིད་ཟིན་པ་དང་། གོ་སྐབས་ནམ་བྱུང་ལ་བོད་ཀྱི་ལོ་རྒྱུས་དང་བོད་དོན་ལ་རྒྱབ་སྐྱོར་ཐོབ་ཐབས་སུ་ དགོངས་བཞེས་སྐུལ་མ་ཡོང་བར་འཛིན་སྐྱོང་གི་ངོས་ནས་འཕྲལ་མར་ཆོས་ཚོགས་ཁག་དང་ འབྲེལ་བ་གནང་དགོས། ༧) ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་བསྐོ་གཞག་གནང་བ་བཞིན། ཡུ་རོབ་མཉམ་འབྲེལ་གྲོས་ཚོགས་ གཙོས་རྒྱལ་ཁབ་སོ་སོའི་གྲོས་ཚོགས་སམ་སྲིད་གཞུང་གིས་བོད་དོན་འབྲེལ་མཐུད་གསར་ འཛུགས་ཐད་འབད་བརྩོན་གནང་ གལ། བརྗོད་གཞི་གསུམ་པ། ཨེ་ཤི་ཡའི་ནང་ལས་འགུལ་སྤེལ་ཕྱོགས་སྐོར། ༡) རྒྱ་གར་གྱི་དབུས་ས་གཉིས་ཀྱི་དཔོན་རིགས་ལ་འབྲེལ་བ་སྔར་ལྷག་གནང་གལ་ཆེ་བ་མ་ཟད། བོད་དང་རྒྱ་གར་གཉིས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་ཕྲུག་ཕན་ཚུན་ བགྲོ་གླེང་དང་སྦྱང་བཤད། ཕྱོགས་གཉིས་ཀའི་མི་རིགས་ཀྱི་རིག་གཞུང་འགྲེམས་སྟོན་དང་སྒྱུ་རྩལ་འཁྲབ་སྟོན་ སོགས་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་ཐབས་གནང་དགོས། ༢) ཐེ་ཝན་གཙོ་བོར་གྱུར་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་རྒྱ་ནག་སྐམ་ས་ཆེན་ པོ་ནས་ཡུལ་སྐོར་སྤྲོ་འཆམ་པ་དང་སློབ་ཕྲུག་སོགས་འགྲོ་འོང་ཤུགས་ཆེ་ཡོད་པར་སོང། དེའི་ཁུལ་གྱི་ཚོགས་སྡེ་དང་ཤེས་ཡོན་བསྟི་གནས་ཁག་ལ་འབྲེལ་བ་གསར་འཛུགས་ཐུབ་ཐབས་གནང་དགོས། ༣) ལྷོ་ཤར་ཨེ་ཤི་ཡའི་ནང་ལ་ཡང་ཆོས་ཚོགས་ཁག་མང་པོ་ཡོད་པས་དེ་དག་གིས་བོད་ཀྱི་ཆོས་ དང་རིག་གཞུང་སྐོར་ཉེན་ཁ་ལས་སྲུང་སྐྱོབ་ཀྱི་རོགས་རམ་ཡོང་ཐབས་སུ་ཆོས་རིག་ལས་ ཁུངས་ནས་གཞེན་སྐུལ་གནང་དགོས། ༤) རྒྱ་གར་གཙོས། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཚང་མའི་ནང་བོད་ཀྱི་ཆོས་དང་། སྐད་ཡིག་རིག་གཞུང་། ཡུལ་ལུགས་གོམས་སྲོལ། ཁོར་ཡུག་གི་གནད་དོན་སོགས་ངོ་སྤྲོད་གནང་རྒྱུ་མ་ཟད། བོད་དོན་རྒྱབ་སྐྱོར་དེ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་འཚོ་བ་དང་། ཐོན་ཁུངས། ཁོར་ཡུག་དང་གནམ་གཤིས་སོགས་ལ་འབྲེལ་བ་ཆེན་པོ་ཡོད་པའི་གནད་དོན་གསལ་བཤད་ཀྱིས་ འབྲེལ་གཏུགས་གནང་སྟེ་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་གནང་གལ་ཆེ་ཞིང་། རྒྱལ་ཁབ་དེ་དག་གི་འགོ་ཁྲིད་ཁག་ལའང་བོད་མིར་བདེན་རྒྱབ་གནང་ཐབས་ལ་འབད་བརྩོན་ གནང་དགོས། ༥) བོད་ཀྱི་གནད་དོན་ནི། དེང་གི་ཆར་འཛམ་གླིང་ཡུལ་གྲུ་ཕལ་མོ་ཆེར་ཁྱབ་སྤེལ་བྱུང་དང་འབྱུང་བཞིན་ཡོད་ ནའང་། ཨ་རབ་ནང་འཇོར་ཌན་ལྟ་བུ་དཀྱིལ་ཤར་ཨེ་ཤི་ཡའི་ཁུལ་དུ་དྲིལ་བསྒྲགས་རྒྱ་གང་ཆེ་ གནང་གལ། ༦) བོད་ནང་དུ་རྒྱ་གཞུང་གིས་གདུག་སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་པའི་གནས་ སྟངས་རྣམས། བོད་རིགས་ཁ་ཆེ་བ་རྣམས་ཀྱིས་ནུས་ཤུགས་གཙོར་འདོན་གྱིས་ཆོས་ལུགས་གཅིག་པའི་ འབྲེལ་ལམ་བརྒྱུད་ཁ་ཆེའི་རྒྱལ་ཁབ་ཁག་ནས་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་འཐོབ་ཐབས་བྱ་རྒྱུ། ༧) ལྷོ་ཤར་ཨེ་ཤི་ཡའི་ནང་པའི་རྒྱལ་ཁབ་ཁག་གི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་བཙན་ བྱོལ་སྤྱི་ཚོགས་ནང་གདན་ཞུས་ཀྱིས་ནང་ཆོས་སྐོར་བགྲོ་གླེང་བརྒྱུད་བོད་དོན་རྒྱབ་སྐྱོར་ཐོབ་ཐབས་བྱ་རྒྱུ། ༨) དམིགས་བསལ་ཚོགས་ཆེན་འདི་བརྒྱུད་ནས་རྒྱ་གར་གཙོ་བོར་གྱུར་པའི་བཙན་བྱོལ་བོད་ མི་གནས་ཡུལ་གྱི་རྒྱལ་ཁབ་ཀྱི་དབུས་དང་ས་གནས་ཀྱི་གཞུང་མང་ཡོངས་ནས་ད་བར་བོད་མིར་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་བླ་མེད་དུ་ཆེ་ཞུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པའི་ཚོགས་བཅར་བ་ཡོངས་ནས་བོད་རྒྱལ་ལོ་ ༢༡༣༩ ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༨ ལ།། །། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག

No comments:

Post a Comment