Monday, October 29, 2012

རྒྱ་ནག་དམར་ཤོག་སྒེར་འཛིན་ལམ་ལུགས་རྒྱུན་འཁྱོངས་ཐུབ་བམ།

འདོན་སྤེལ། ༢༠༡༢/༡༠/༢༩ ཕེ་མིན་ཞིན་གྱིས་བརྩམས། ཚེ་རིང་རྡོ་རྗེས་བསྒྱུར། རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས། ཕེ་མིན་ཞིན༼Pei Minxin༽ནི་ ༡༩༥༧ ལོར་སྐྱེས་པའི་ཨ་རིའི་རྒྱ་མི་ཞིག་ཡིན། ཁོང་ནི་རྒྱ་ནག་གི་ཆབ་སྲིད་དཔལ་འབྱོར་དང་། ཨ་རི་དང་རྒྱ་ནག་གི་འབྲེལ་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དམངས་གཙོར་འགྱུར་བ་ལ་སོགས་པའི་ཐད་ནས་ཆེད་མཁས་པ་ཞིག་དང་ཨ་རིའི་ཆབ་སྲིད་མཁས་པ་ཞིག་ཡིན་ལ། ད་ལྟ་ཨ་རིའི་ཁ་ལའེ་ཧྥོ་ནི་ཡ་མངའ་སྡེའི་ཁི་ལའེ་ཨར་མོན་ཏྲི་མ་གན་ན་སློབ་གླིང་གི་སྲིད་གཞུང་རིག་པའི་དགེ་རྒན་ཆེན་མོ་ཡིན། ཕྱིན་ཆད་ཀྱི་ལོ ༡༠ ནས ༡༥ ཡི་ནང་དུ། རྒྱ་ནག་གི་གལ་ཆེ་བའི་འགྱུར་བ་ནི་དཔལ་འབྱོར་རྒྱུན་མཐུད་ནས་མྱུར་བར་འཕེལ་རྒྱས་འགྲོ་བ་དེ་མིན་པར། ཚོགས་པ་གཅིག་གི་སྒེར་འཛིན་ལམ་ལུགས་དམངས་གཙོར་འགྱུར་བ་དེ་ཡིན། མི་མང་པོའི་མིག་ལམ་ན་སྔོན་དཔག་འདི་ནི་རི་བོང་གནམ་རྡིབ་བམ་རང་ཕྱོགས་ཁོ་ནའི་ལྟ་ཚུལ་ཞིག་ཏུ་མཐོང་། དེ་ལྟ་མོད་ཀྱང་། ཆབ་སྲིད་དཔྱད་སྡུར་རིག་པའི་ནང་གི་དམངས་གཙོ་ཅན་དུ་འགྱུར་བའི་གཞུང་ལུགས་དང་། འདས་པའི་ལོ་ངོ ༤༠ ནང་གི་དམངས་གཙོའི་རྣམ་པར་གྱུར་བའི་ལོ་རྒྱུས་ཀྱི་ཉམས་མྱོང་གཞིར་བཟུང་ན། རྒྱ་ནག་དམངས་གཙོའི་རྣམ་པར་འགྱུར་བ་ནི་དུས་ཚོད་སྔ་ཕྱིའི་གནད་དོན་ཞིག་ཡིན་པ་མ་ཟད། ད་དུང་སྔོན་དཔག་བྱ་ཆོག་ཅིང་ཆེས་ཆེར་འབྱུང་སྲིད་པའི་དོན་ཞིག་ཡིན། ཐོག་མར་ང་ཚོས་དམངས་གཙོའི་རྣམ་པར་འགྱུར་བའི་གཞུང་ལུགས་ཀྱི་སྟེང་ནས། ཕྱིན་ཆད་ཀྱི་ལོ་ངོ ༡༠ ནས ༡༥ ནང་དུ་ཚོགས་པ་གཅིག་གིས་སྒེར་འཛིན་བྱེད་པའི་རྒྱ་ནག་གི་སྲིད་ལུགས་དེ་དམངས་གཙོའི་ལམ་ལུགས་ལ་བརྗེ་བར་འགྱུར་བ་ལ་དཔྱད་པ་ཞིག་གཏང་བར་བྱ། ཆབ་སྲིད་དཔྱད་སྡུར་རིག་པའི་དམངས་གཙོའི་རྣམ་པར་འགྱུར་བའི་གཞུང་ལུགས་ནང་དུ་དམངས་གཙོའི་རྣམ་པར་འགྱུར་བའི་སློང་རྐྱེན་གྱི་སྐོར་ལ་གཤམ་འཁོད་ཀྱི་འགྲེལ་བཤད་དེ་འདྲ་འདུག དང་པོ་སྟེ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་སྐོར། སྤྱི་ཁོག་ཙམ་ཞིག་བརྗོད་ན། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་ཚད་ཇི་ཙམ་མཐོ་ན་སྒེར་འཛིན་ལམ་ལུགས་དེ་ཙམ་གྱིས་གནས་དཀའ། ཆབ་སྲིད་དཔྱད་སྡུར་རིག་པའི་མཁས་པ་ཚོས་གྲངས་ཀྱིས་འཇལ་བའི་ཞིབ་འཇུག་གི་ཐབས་ལ་བརྟེན་ནས་རྙེད་པའི་གཞི་རྩའི་སྡོམ་ཚིག་ནི། རྒྱལ་འབངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ༼མཆན། མངགས་ཉོའི་ནུས་པ་གཞིར་བྱས་ནས་རྩི་བ༽་ཨ་སྒོར ༡༠༠༠ ལས་དམའ་བའི་ཚེ། སྒེར་འཛིན་ལུམ་ལུགས་དེ་བལྟོས་འཇོག་གིས་བརྟན་བརླིང་ཡིན་པ་དང་། རྒྱལ་འབངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་ཨ་སྒོར ༡༠༠༠ ནས ༤༠༠༠ གི་གནས་སུ་ཡོད་ཚེ། སྒེར་འཛིན་ལམ་ལུགས་ཀྱི་བརྟན་བརླིང་གི་ཚད་དེ་ཆེས་ཆེར་དམའ་རུ་འགྲོ་སྲིད་པ་དང་། གལ་སྲིད་རྒྱལ་འབངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་ཨ་སྒོར ༤༠༠༠ ལས་བརྒལ་ན། སྒེར་འཛིན་ལམ་ལུགས་ཀྱི་བརྟན་བརླིང་གི་ཚད་ནི་དེ་ལས་ཀྱང་དམའ་རུ་འགྲོ་བ་ཡིན། སྒེར་འཛིན་ལམ་ལུགས་ཕལ་མོ་ཆེ་ནི་ཨ་སྒོར ༡༠༠༠ ནས ༦༠༠༠ གི་༼རྣམ་པ་འགྱུར་བའི་ཁྱབ་ཁོངས༽་ནང་དུ་དམངས་གཙོར་འགྱུར་སྲིད། རྒྱལ་འབངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་ཨ་སྒོར ༦༠༠༠ ལས་བརྒལ་ན་དེ་བས་ཀྱང་དམངས་གཙོའི་རྣམ་པར་འགྱུར་སྲིད། དེ་ལྟ་མོད་ཀྱང་། རྒྱལ་འབངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་ཨ་སྒོར ༤༠༠༠ ལས་བརྒལ་བའི་སྒེར་འཛིན་ལམ་ལུགས་ཀྱི་རྒྱལ་ཁབ་ནང་དུ་ཅུང་ཙམ་བརྟན་བརླིང་ཡིན་པའང་ཡོད། འོན་ཀྱང་རྒྱལ་ཁབ་དེའི་རིགས་ཚང་མ་ནི་སྣུམ་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ༼མཆན། དེའི་གོ་དོན་ནི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་ཡོང་སྒོ་ཡིས་རྒྱལ་ཁབ་ཀྱི་དཔྱ་ཁྲལ་གྱི་ཕྱེད་ལྷག་ཟིན་པ།༽་ཡིན། སྣུན་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་ཀྱི་སྒེར་འཛིན་སྲིད་དབང་ནི་འབངས་ལས་བསྡུས་པའི་དཔྱ་ཁྲལ་འབོར་ཆེན་ལ་རྟེན་མི་དགོས་པས་ན་སྒེར་འཛིན་ལམ་ལུགས་དེ་རྒྱུན་སྐྱོང་ཐུབ་པ་ཡིན། དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་འཇལ་བྱེད་དང་དམངས་གཙོའི་ལམ་ལུགས་གནས་པ་གཉིས་ལ་དྲང་ཕྱོགས་ཀྱི་འབྲེལ་བ་ཆགས་ཡོད་མོད་ཀྱང་། དཔལ་འབྱོར་འཕེལ་རྒྱས་ཀྱིས་ཇི་ལྟར་ཆབ་སྲིད་ཀྱི་ལམ་ཁ་བརྒྱུད་ནས་དམངས་གཙོའི་རྣམ་པར་འགྱུར་བ་ལ་སྐུལ་འདེད་གཏོང་བའི་གནད་དོན་ཀྱི་སྟེང་ནས་མཁས་པ་ཚོ་ལ་བསམ་ཚུལ་མི་མཐུན་པ་སྣ་ཚོགས་འདུག ཅུང་རྒྱུགས་ཆེ་བའི་བཤད་ཚུལ་ནི། དཔལ་འབྱོར་འཕེལ་རྒྱས་ཀྱིས་འབྱོར་འབྲིང་གྲལ་རིམ་བསྐྲུན་པ་དང་། དེ་ནས་འབྱོར་འབྲིང་གྲལ་རིམ་གྱིས་རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རྒྱུ་ནོར་གྱི་དབང་ཆ་སྲུང་སྐྱོབ་བྱ་བའི་ཕྱིར་དུ་དམངས་གཙོའི་ལམ་ལུགས་འཛུགས་པའི་རེ་བ་འདོན་པ་ཡིན། སྒྲུབ་བྱེད་གཞན་ཞིག་བཀོད་ན། དཔལ་འབྱོར་འཕེལ་རྒྱས་ཀྱིས་ཆབ་སྲིད་དཔལ་འབྱོར་ཀྱི་མ་རྩའི་ཐོན་ཁུངས་ཁ་ཐོར་གཏོང་བ་དང་། དེས་དམངས་ཁྲོད་ཀྱི་སྟོབས་ཤུགས་ལ་སྔ་ན་མེད་པའི་རྒྱུ་ཤུགས་དང་ལག་རྩལ། སྤྱི་ཚོགས་སྐུལ་འདེད་ཀྱི་ནུས་ཤུགས། ཀུན་སྤྱོད་ཀྱི་དབང་ཤུགས་སོགས་འཐོབ་དུ་འཇུག་པས། སྒེར་འཛིན་སྲིད་དབང་དང་འགྲན་ཟླ་བྱེད་པའི་སྟོབས་ཤུགས་རྒྱས་པ་ཡིན། གཉིས་པ་སྟེ། སྒེར་འཛིན་སྲིད་དབང་གི་ཆབ་སྲིད་ཉམས་ཉེས་ཀྱི་སྐོར། དཔལ་འབྱོར་འཕེལ་རྒྱས་གཞིར་བཟུང་ནས་དམངས་གཙོའི་རྣམ་པར་འགྱུར་བ་ལ་འགྲེལ་བཤད་བྱེད་པ་དེ་ལ་ཞན་ཆ་ཚབས་ཆེན་ཞིག་འདུག་སྟེ། སྒྲུབ་བྱེད་འདིས་རྣམ་པ་འགྱུར་བའི་དུས་ཚོད་བྱེ་བྲག་པ་ཞིག་གཏན་འཁེལ་ཐབས་མེད་པ་དེ་ཡིན། དེར་མ་ཟད། སྒེར་འཛིན་སྲིད་དབང་ཞིག་ཨ་སྒོར ༡༠༠༠ ནས ༦༠༠༠ གི་རྣམ་པ་འགྱུར་བའི་ཁྱབ་ཁོངས་སུ་ལོ་མང་པོར་གནས་ཐུབ་པ་དང་། དམངས་གཙོའི་རྣམ་པར་འགྱུར་བ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་གང་ཞིག་ཏུ་འབྱུང་སྲིད་པ་སྔོན་དཔག་གིས་གཏན་འཁེལ་རྒྱུ་ཧ་ཅང་དཀའ། མཁས་པ་ཚོས་སྔར་བྱུང་གི་གྲངས་ཀ་ལ་ཞིབ་བཤེར་བྱས་པ་ན། སྒེར་འཛིན་ལམ་ལུགས་ནས་དམངས་གཙོའི་རྣམ་པར་འགྱུར་བ་དེ་ནི་འཕེལ་རྒྱས་ཀྱི་ཚད་གཞི་གང་ཡང་རུང་བ་ནས་འབྱུང་སྲིད་པ་ཤེས་རྟོགས་བྱུང་། དེའི་རྒྱུ་རྐྱེན་ཤེས་ཧ་ཅང་སླ་སྟེ། རྒྱལ་ཁབ་ཧ་ཅང་གི་དབུལ་ཞིང་ཕོངས་པ་ཞིག་ཏུའང་སྒེར་འཛིན་སྲིད་དབང་ཕམ་ཉེས་བྱུང་ན་དམངས་གཙོའི་རྣམ་པར་འགྱུར་བའི་གོ་སྐབས་བཟང་པོ་འབྱུང་སྲིད། རྒྱུ་རྐྱེན་འདི་ཡི་ཕྱིར་ན། ཆབ་སྲིད་དཔྱད་སྡུར་རིག་པའི་མཁས་པ་ཚོས་ཆབ་སྲིད་ཀྱི་རྐྱེན་དེ་ཉིད་ལ་རིག་པ་རྩེ་གཅིག་ཏུ་སྒྲིམ་པ་དང་། སྒེར་འཛིན་སྲིད་དབང་གི་ཉམས་ཉེས་ལ་དབྱེ་ཞིབ་བྱས་ནས་དམངས་གཙོའི་རྣམ་པར་འགྱུར་བའི་དུས་ཚོད་ལ་འགྲེལ་བཤད་རྒྱག་པ་ཡིན། དེ་ལ་བསྟེན་ནས་དམངས་གཙོའི་རྣམ་པར་འགྱུར་བའི་གཞུང་ལུགས་ཀྱི་རྩ་བའི་སྡོམ་ཚིག་ཅིག་ཐོབ་པ་ནི། སྒེར་འཛིན་སྲིད་དབང་གི་ཆབ་སྲིད་ཉམས་ཉེས་ནི་དམངས་གཙོའི་རྣམ་པར་འགྱུར་བའི་སློང་རྐྱེན་ཡིན་པར་འདོད་དོ།། ཆབ་སྲིད་ཉམས་ཉེས་སློང་བའི་རྐྱེན་ནི་སྣ་ཚོགས་ཤིག་ཡོད་དེ། དཔལ་འབྱོར་གྱི་སྣང་ཚུལ་མི་ལེགས་པ༼མཆན། དཔལ་འབྱོར་ཉམས་ཉེས་ཀྱང་དེར་འདུ་བ་ཡིན༽་དང་། དམག་དོན་ཕམ་པ་དང་། སྒེར་གཅོད་པ་ཚེ་ལས་འདས་པ་དང་། དམངས་ཁྲོད་ཀྱི་ངོ་རྒོལ་བརྩོན་ལེན་དང་། དྲག་གནོན་ཀྱི་མ་རྩ་ཆེས་ཆེར་འཕར་བ་བཅས་སོ། ཉམས་ཉེས་བྱུང་བའི་ཚེ་ན་སྒེར་འཛིན་དབང་དྲག་ཅན་ནང་ཁུལ་མི་མཐུན་པར་གྱེས་ནས་མཁྲེགས་འཛིན་ཤོག་ཁག་དང་སྒྱུར་བཅོས་ཤོག་ཁག་གཉིས་འབྱུང་། མཁྲེགས་འཛིན་ཤོག་ཁག་གིས་མིག་སྔའི་གནས་སྟངས་དེ་རྒྱུན་སྐྱོང་དགོས་པའི་ལྟ་ཚུལ་འཛིན་པ་དང་། སྒྱུར་བཅོས་ཤོག་ཁག་གིས་ནི་མིག་སྔའི་གནས་སྟངས་རྒྱུན་སྐྱོང་ཐབས་མེད་པ་དང་བཅོས་སྒྱུར་བྱས་ན་ད་གཟོད་སྒེར་འཛིན་ལམ་ལུགས་སྐྱོབ་ནུས་པར་འདོད། སྒེར་འཛིན་སྲིད་དབང་ནང་ཁུལ་གྱི་འཐབ་རྩོད་ཁྲོད་དུ་སྒྱུར་བཅོས་ཤོག་ཁག་རྒྱལ་ན། ཆབ་སྲིད་རང་དབང་ཅན་དུ་འགྱུར་སྲིད་པ་དང་དམངས་གཙོའི་རྣམ་པར་འགྱུར་བའི་ཕྱོགས་སུ་གོམ་པ་དང་པོ་ཚུགས་པ་ཡིན། ང་ཚོས་དམངས་གཙོའི་རྣམ་པར་འགྱུར་བའི་སྒྲུབ་བྱེད་འདི་གཉིས་ལ་བརྟེན་ནས་རྒྱ་ནག་དམངས་གཙོར་འགྱུར་བའི་མདུན་ལམ་ལ་དབྱེ་ཞིབ་བྱས་ཚེ། ཕྱིན་ཆད་ཀྱི་ལོ་ངོ ༡༠ ནས ༡༥ ཡི་ནང་དུ་ཚོགས་པ་གཅིག་གི་སྒེར་འཛིན་ལམ་ལུགས་ལ་སྔ་ན་མེད་པའི་ཉམས་ཉེས་ཞིག་འཕྲད་པར་འགྱུར་བ་དེ་མཐོང་རྒྱུ་དཀའ་མོ་ཞིག་མིན། དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞིའི་སྟེང་ནས་བལྟས་ན། རྒྱ་ནག་གི་མིག་སྔའི་རྒྱལ་འབངས་མི་རེའི་ཆ་སྙོམ་ཡོང་སྒོ་ནི་ཨ་སྒོར ༨༤༠༠ ཡང་ན ༥༤༠༠ ཡིན་པ་དང་། ཨ་སྒོར ༦༠༠༠ གི་ཚད་གཞི་ལས་སྔར་ནས་བརྒལ་ཟིན། ད་དུང་ལོ ༡༠ ནས ༡༥ སོང་ན་རྒྱ་ནག་གི་རྒྱལ་འབངས་མི་རེའི་ཆ་སྙོམ་ཡོང་སྒོ་ནི ༡༠༠༠༠ ལས་བརྒལ་ངེས། རྒྱ་ནག་ནི་སྣུམ་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་མིན་པའི་རྐྱེན་གྱིས་སྲིད་གཞུང་གིས་ངེས་པར་དུ་འབངས་ལས་དཔྱ་ཁྲལ་བསྡུ་བ་ལ་བརྟེན་ནས་སྒེར་འཛིན་ལམ་ལུགས་འཁོར་བསྐྱོད་ཀྱི་རྒྱུན་སྐྱོང་དགོས་པ༼མཆན། མིག་སྔར་ཁྲལ་འབུལ་མིས་དངུལ་སྒོར་ཕུད་ནས་དམར་ཤོག་ཚོགས་པའི་སྒྲིག་འཛུགས་སྒུལ་བསྐྱོད་ཀྱི་འགྲོ་གྲོན་ཕོན་ཆེན་དེའི་རྒྱུན་སྐྱོང་བ་ཡིན༽་དང་། དེས་རིམ་པར་རྒྱ་ཆེའི་དམངས་ཚོགས་དང་འབྲེལ་བའི་འགལ་ཟླ་གཡོལ་ཐབས་མེད་པར་ཇེ་དྲག་ཏུ་གཏོང་སྲིད། སྒེར་འཛིན་སྲིད་དབང་གི་ཆབ་སྲིད་ཉམས་ཉེས་ཀྱི་ཟུར་ངོས་ནས་བལྟས་ན། ད་ཆར་ཉམས་ཉེས་ཀྱི་སྣང་ཚུལ་མང་པོ་ཞིག་ཧ་ཅང་གསལ་བོར་ཆགས་ཟིན། དཔེར་ན། བརྟན་བརླིང་སྲུང་བའི༼མཆན། དྲག་གནོན་ལ་ཟེར༽་འགྲོ་གྲོན་ཆེ་དྲགས་ནས་རྒྱུན་འཁྱོངས་མི་ཐུབ་པ། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་གདོང་ཐུག་ཉིན་རེར་ཇེ་མང་། སྲིད་གཞུང་གི་དབང་ཤུགས་ཉམས་རྒུད། བརྡ་འཕྲིན་གསར་བརྗེ་ལས་མི་དམངས་ལ་གླེང་སློང་གི་ཐོན་ཁུངས་དང་ཆབ་སྲིད་སྐུལ་འདེད་ཀྱི་ནུས་ཤུགས་ཆེན་པོ་རྒྱས་པ། ཆབ་སྲིད་ཀྱི་དབང་དྲག་ཅན་ཚོའི་ཉམས་ཉེས་ཀྱི་ཚོར་སྣང་ལྕི་བ་ལ་སོགས་པ་འདུག མ་འོངས་ལོ་ངོ ༡༠ ནས ༡༥ ཡི་ནང་དུ་འཕེལ་ཕྱོགས་འདི་རིམ་པར་རྒྱས་ཏེ་མཐའ་མཇུག་ཆབ་སྲིད་ཀྱི་དབང་དྲག་ཅན་ཚོའི་ནང་ཁུལ་མ་འཆམ་པར་ཁ་ཐོར་དུ་འགྲོ་བ་ཡིན། དམངས་གཙོའི་རྣམ་པར་གྱུར་བའི་རླབས་རྒྱུན་གསུམ་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱི་མིག་ཅིག་བལྟས་ན། མ་འོངས་པའི་ལོ་ངོ ༡༠ ནས ༡༥ ཡི་ནང་དུ་རྒྱ་ནག་དམངས་གཙོའི་རྣམ་པར་འགྱུར་སྲིད་པའི་ཁྱབ་མཐའ་ཆེས་ཆེར་ལྡན་པ་དེའང་ང་ཚོས་རྟོགས་ཐུབ། ༡༩༧༤ ལོར་ཕོ་ཊི་གལ༼Portugal ༽དམངས་གཙོའི་རྣམ་པར་གྱུར་བ་ནས་དམངས་གཙོར་འགྱུར་བའི་རླབས་རྒྱུན་གསུམ་པ་འགོ་ཚུགས་པ་དང་། ད་ལྟའི་བར་དུ་རྒྱལ་ཁབ ༨༠ རྣམ་པ་མི་འདྲ་བའི་སྒེར་འཛིན་ལུམ་ལུགས་༼མཆན། དམག་སྲིད་དབང་ཆ་དང་། ཚོགས་པ་གཅིག་གི་སྒེར་འཛིན་ལམ་ལུགས་དང་། གང་ཟག་གཅིག་གི་སྒེར་གཅོད་སོགས་འདུ།༽་ནས་དམངས་གཙོའི་ལམ་ལུགས་སུ་གྱུར། དམངས་གཙོ་གསར་བའི་རྒྱལ་ཁབ་འདི་དག་ནི་༼སྤུས་ཚད་མཐོ་བར༽་གྲགས་པའི་དམངས་གཙོ་སྲིད་དབང་མིན་པ་སྨོས་མ་དགོས་པ་དང་། འོན་ཀྱང་དམངས་གཙོ་སྲིད་དབང་གསར་བ་དེ་ཚོ་ཕལ་ཆེ་བ་གནས་ཐུབ་འདུག དམངས་གཙོའི་རྣམ་པར་གྱུར་བའི་རླབས་རྒྱུན་གསུམ་པ་རུ་ཉམས་མྱོང་མང་པོ་ཡོད་ཀྱང་འདིར་རེ་རེ་བཞིན་དཔེ་མཚོན་དུ་དགོད་པའི་དུས་ཚོད་མི་འདུག དེ་ཡང་གཙོ་ཆེ་བ་གསུམ་ཡོད་དེ། དང་པོ་ནི་རྣམ་པ་འགྱུར་བ་ལ་གློ་བུར་གྱི་ངོ་བོ་ལྡན་པ། དམངས་གཙོའི་རྣམ་པར་འགྱུར་བའི་ཆབ་སྲིད་ཀྱི་སློང་རྐྱེན་མང་པོ་ནི་ཧ་ཅང་གི་གློ་བུར་བ་ཡིན་པ་དང་། ཧ་ཅང་བརྟན་བརླིང་དུ་སྣང་བའི་སྒེར་འཛིན་སྲིད་དབང་ཁ་ཅིག་ནི་ཞག་མ་གཅིག་གི་ཡུན་དུ་ཁྲིམས་མཐུན་ངོ་བོ་ཤོར་བ་དང་ཐ་ན་ཕམ་ཉེས་འབྱུང་སྲིད། འདིས་གང་ཟེར་ཞེ་ན། རྣམ་པ་འགྱུར་བ་སློང་བྱེད་ཀྱི་རྐྱེན་གལ་ཆེ་བ་གཅིག་ནི་སེམས་ཁམས་ཀྱི་རྐྱེན་ཡིན་པར་བསྟན། གལ་སྲིད་མང་ཚོགས་ཀྱིས་སྒེར་འཛིན་སྲིད་དབང་གང་ཞིག་བཟོད་ཐབས་མེད་ཅིང་ཁྲིམས་དང་མི་མཐུན་པའི་སྲིད་དབང་ཞིག་ཡིན་པར་འདོད་པ་ན། རྒྱ་ཆེའི་མང་ཚོགས་ཀྱི་ཆབ་སྲིད་འགུལ་བསྐྱོད་ནི་སྐད་ཅིག་ཙམ་ལ་འབྱུང་བ་ཡིན།༼དཔེར་ན། ཨ་རབ་ཀྱི་དཔྱིད་ཀ་དང་ ༡༩༨༩ ལོའི་ཡུ་རོབ་ཤར་མའི་གསར་བརྗེ་ལྟ་བུ།༽ སྒེར་འཛིན་སྲིད་དབང་གི་ཁྲིམས་མཐུན་ངོ་བོ་ཡལ་ཚུལ་ནི་དབྱིབས་རྩིས་ཀྱི་རྣམ་པར་སྣང་བ་༼མཆན། མྱུར་ཚད་ལྡབ་འགྱུར་གྱིས་ཡལ་བ།༽ ་ལས་ཐིག་རིས་ཅན་གྱི་རྣམ་པ་༼མཆན། རིམ་གྱིས་ཡལ་བ།༽་མིན། གཉིས་པ་ནི། གལ་སྲིད་ངོ་རྒོལ་སྟོབས་ཤུགས་ཀྱིས་ཆབ་སྲིད་འགུལ་བསྐྱོད་མ་བསླངས་སྔོན་དུ་སྒེར་འཛིན་པ་དབང་དྲག་ཅན་གྱིས་དམངས་གཙོའི་བཅོས་སྒྱུར་བྱས་ན། ཁོ་ཚོར་རྣམ་པ་འགྱུར་བ་ཚོད་འཛིན་པའི་ནུས་པ་ཆེ་རུ་ཡོད་པ་དང་། རིམ་གྱིས་དམངས་གཙོའི་རྣམ་པར་སྒྱུར་བ་ལ་རྒྱལ་ཁ་ཐོབ་པའི་ཚད་ཅུང་མཐོ། དབང་དྲག་ཅན་གྱིས་ད་དུང་ངོ་རྒོལ་ཤོག་ཁག་དང་གྲོས་མོལ་བྱས་པ་བརྒྱུད་ནས་རང་གི་ཁེ་ཕན་སྲུང་སྐྱོབ་ཐུབ་པ་དང་། ཐ་ན་ཁྲིམས་ཀྱི་ཆག་ཡངས་ཐོབ་ཐང་འགའ་ཞིག་ཀྱང་རག་པ་ཡིན།༼དཔེར་ན། སྲིད་དབང་བཟུང་བའི་སྐབས་དེར་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་བྱས་པའི་བྱ་སྤྱོད་ལ་ཁྲིམས་ཐོག་གི་ནག་འདེད་བྱ་མི་དགོས་པ་ལྟ་བུ།༽ དམངས་གཙོའི་རྣམ་པར་འགྱུར་བ་ལེགས་འགྲུབ་བྱུང་བའི་རྗེས་སུ། དབང་དྲག་ཅན་འདི་དག་ལ་སྔར་བཞིན་ཆབ་སྲིད་ཀྱི་སྲོག་དབུགས་ཡོད་པ་དང་དམངས་གཙོའི་འགྲན་རྩོད་བརྒྱུད་ནས་སྲིད་དོན་ལ་གཞུག་པ་ཡིན། གསུམ་པ་ནི་དམར་ཤོག་སྲིད་དབང་རང་ངོས་ནས་དམངས་གཙོའི་རྣམ་པར་འགྱུར་བ་ལེགས་འགྲུབ་བྱུང་བའི་དཔེ་མཚོན་ཞིག་བྱུང་མྱོང་མེད། སྔོན་མའི་ཨུ་རུ་སུ་མནའ་མཐུན་རྒྱལ་ཁབ་ཀྱི་དུས་སུ། ཀོལ་པ་ཆེ་ཧྥུ་ཡིས་ཚད་བཀག་ཡོད་པའི་དམངས་གཙོ་བཅོས་སྒྱུར་བྱས་པ་དེས་དམངས་གཙོའི་གསར་བརྗེ་བསླངས།༼མཆན། དེའི་རྩ་བའི་རྒྱུ་རྐྱེན་ནི་ཀོལ་པ་ཆེ་ཧྥུ་ཡིས་བཅོས་སྒྱུར་འགོ་བརྩམས་པའི་དུས་སུ། རྣམ་པ་འགྱུར་བའི་ཕྱོགས་སུ་གོམ་པ་སྤོས་པ་དལ་དྲགས་པ་དང་ཨུ་རུ་སུ་དམར་ཤོག་ཚོགས་པ་སྟོབས་ཞན་དྲགས་པས། ཆབ་སྲིད་ཐད་ནས་རྣམ་པ་འགྱུར་བ་ལ་ཚོད་འཛིན་པའི་ནུས་པ་ཡལ་བས་ཡིན།༽ དེའི་དུས་སུ་ཡུ་རོབ་ཤར་མའི་ནང་དུ་ཨུ་རུ་སུའི་དམར་དམག་གིས་རྒྱུན་བསྐྱངས་པའི་དམར་ཤོག་སྲིད་དབང་དག་ལ་ཁྲིམས་མཐུན་གྱི་ངོ་བོ་སྤུ་ཙམ་ཡང་མེད་པ་དང་། ཨུ་རུ་སུ་མནའ་མཐུན་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་མ་བྱས་པ་ན་སྲིད་དབང་དེའི་རིགས་ནི་ཞག་མ་གཅིག་གི་ཡུན་དུའང་གནས་མ་ཐུབ། གོང་གི་དབྱེ་ཞིབ་ལས་ང་ཚོར་རྩ་བའི་སྡོམ་ཚིག་ཅིག་རག་པ་ནི། མ་འོངས་པའི་ལོ ༡༠ ནས ༡༥ ཡི་ནང་དུ་རྒྱ་ནག་གི་ཚོགས་པ་གཅིག་གི་སྒེར་འཛིན་ལམ་ལུགས་འདི་དམངས་གཙོའི་ལམ་ལུགས་སུ་བརྗེ་སྲིད་པའི་ཁྱབ་མཐའ་ཧ་ཅང་ཆེ་བ་དེ་ཡིན། གལ་སྲིད་ད་ལྟའི་རྒྱ་ནག་དམར་ཤོག་གི་མགོ་ཁྲིད་ཀྱིས་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་ཆོས་ཉིད་འདི་མཐོང་ནས་དུས་ཐོག་ཏུ་དམངས་གཙོའི་རྣམ་པར་འགྱུར་བ་འགོ་བརྩམས་ན། ཁོ་ཚོ་ཨུ་རུ་སུ་དམར་ཤོག་གི་སྐྱོ་གར་དེ་ལྟ་བུ་ལས་གཡོལ་བའི་གོ་སྐབས་ད་དུང་ཡོད་དོ།། མ་རྩོམ་ཡོང་ཁུངས་ནི། http://www.bbc.co.uk/zhongwen/simp/focus_on_china/2012/09/120903_cr_chinese_political_party.shtml

No comments:

Post a Comment