Saturday, September 3, 2011

ས་གནས་འགོ་འཛིན་ལས་ཁང་ནས་གུན་གསབ་སྤྲོད་དགོས།

ཕྱི་ཟླ་༨ ཚེས་༣༠ ཉིན་རྒྱ་གར་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གིས་ས་ཁང་ཐོབ་ཐང་སྐོར་གྱི་བདེ་སྡུག་སྙན་ཞུ་ཨང་དང་པོའི་ཐ་མའི་བཅད་ཁྲ་བཏང་སྟེ། བདེ་སྙན་པ་བསྟན་འཛིན་སྟོབས་འབྱོར་གྱི་སྔར་ཡོད་གནས་བབ་བསྐྱར་གསོ་དང་། ལུགས་བསམ་ས་གནས་འགོ་འཛིན་ལས་ཁང་ནས་བདེ་སྙན་པར་གུན་གསབ་མཚོན་ཆེད་ཧིན་སྒོར་༢༥༠༠ སྤྲོད་དགོས་པའི་ཐག་གཅོད་བྱས་ཡོད་པ་རེད། དེ་ཡང་༡༩༨༢ ལོར་འདས་གྲོང་སོང་བའི་བསྟན་འཛིན་སྟོབས་འབྱོར་གྱི་གཅེན་པོའི་ས་ཁང་གཞིས་གྲོང་བཞི་པའི་ཁང་ཨང་ ༨༧ པ་དེ་ལུགས་བསམ་ས་གནས་འགོ་འཛིན་ལས་ཁང་གིས་ས་ཁང་རྩ་འཛིན་མ་དེབ་ནང་༢༠༠༦ ཟླ་ ༡༠ ཚེས་ ༢༥ ཉིན་བསྟན་འཛིན་སྟོབས་འབྱོར་གྱི་མིང་ཐོག་ཏུ་བསྒྱུར་ཡོད་པས། འདི་ལོའི་ཟླ་༣ པའི་ཚེས་༤ ཉིན་ལུགས་བསམ་གཞིས་གྲོང་དང་པོའི་ཁང་ཨང་ ༦༧ པར་གནས་སྡོད་བསྟན་འཛིན་སྟོབས་འབྱོར་གྱིས་ཁོང་གི་གཅེན་པོའི་ས་ཁང་དེ་ཁོང་གི་མིང་ཐོག་ཏུ་ས་གནས་འགོ་འཛིན་ལས་ཁུངས་ནས་བསྒྱུར་ཡོད་པས། ས་ཁང་དེ་དེ་གང་ཡིན་རྩད་གཅོད་ཆེད་གྲོང་སྡེའི་སྤྱི་མི་དང་ས་ཁང་ཚོགས་མི། ས་གནས་འགོ་འཛིན་བཅས་སུ་སྙན་ཞུ་རིམ་པ་བྱས་ཀྱང་ས་གནས་འགོ་འཛིན་གྱིས་བདེ་སྡུག་ལ་ལྟ་རྟོགས་མ་བྱུང་བརྟེན། ཁོང་གིས་“ས་གནས་འགོ་འཛིན་གྱིས་ཁྲིམས་སྒྲིག་གི་ལས་འགན་ཇི་བཞིན་ལག་བསྟར་མ་བྱས་པར་བརྟེན། རང་གི་མཁར་དབང་ཐོབ་ཐང་ལ་ཕོག་ཐུག་བཏང་འདུག་པའི་གནད་དོན་ཁྲིམས་ཐོག་ནས་ཐག་གཅོད་ཡོང་བའི་”བདེ་སྙན་ཞིག་ཕུལ་བ་དང་། ལུགས་བསམ་ས་གནས་འགོ་འཛིན་གྱིས་བདེ་སྙན་པས་གང་ཞུས་བདེན་པ་མིན་པ་དང་། བདེ་སྙན་པར་གཞིས་གྲོང་བཞི་པར་ཐོབ་ཐང་གང་ཡང་མེད་པས་བདེ་སྙན་ཕུལ་བར་གཞི་རྩ་མེད་ཅེས་ཁ་གཏད་བྱས། ཁྲིམས་ཁང་ནས་ཉན་ཞིབ་རིམ་བརྒྱུད་བྱས་མཐར་ལུགས་བསམ་ས་གནས་འགོ་འཛིན་ལས་ཁང་གི་ས་ཁང་རྩ་འཛིན་མ་དེབ་ལ་མིང་བསྒྱུར་འབྲི་ཐལ་ཤོར་བ་ངོས་ལེན་བྱས་སྟབས། དེ་བསྟན་འཛིན་སྟོབས་འབྱོར་གྱིས་བདེ་སྙན་འབུལ་རྒྱུའི་རྐྱེན་རྩ་ཆགས་འདུག་པས། ལུགས་བསམ་འཛིན་སྐྱོང་ནས་བསྟན་འཛིན་སྟོབས་འབྱོར་ལ་ཧིན་སྒོར་༢༥༠༠ གུན་གསབ་སྤྲོད་དགོས་རྒྱུ་དང་། དེ་བཞིན་བསྟན་འཛིན་སྟོབས་འབྱོར་གྱི་མིང་ཐོ་ངོ་མ་གཞིས་གྲོང་དང་པོར་ཡོད་པ་དང་གཅེན་པོའི་བུ་ཕྲུག་ཀྱང་མིན་སྟབས། རྗེས་ཤུལ་བའི་ཐོབ་ཐང་མེད་པས་སྔར་གྱི་གནས་བབ་བསྐྱར་གསོ་དང་ཁང་ཐོབ་མིང་བསྒྱུར་གྱི་ཞུ་དོན་རྩིས་མེད་སོང་བའི་བཅད་ཁྲ་བཏང་ཡོད་པ་རེད། ད་དུང་མི་མང་ལ་དཀའ་ངལ་གསར་པ་འཕྲད་གཞི་མི་ཡོང་ཆེད་ལས་ཁང་གི་ས་ཁང་རྩ་འཛིན་མ་དེབ་ལ་དབང་ལྡན་མི་སྣས་ཞིབ་འཇུག་དང་མཚན་རྟགས་ཚེ་གྲངས་བཅས་ངེས་འགོད་དགོས་པའི་ས་ཁང་མ་དེབ་བདག་ཉར་བྱེད་ཕྱོགས་ལ་ལམ་སྟོན་ཡང་གནང་འདུག བདེ་སྙན་འདི་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་བྱུང་བའི་བདེ་སྙན་ཐོག་མའང་ཆགས་ཡོད་པ་རེད།

No comments:

Post a Comment