Saturday, September 17, 2011

ཁེ་ན་ཌར་བོད་པ་སྦྱིན་བདག་བྱེད་མཁན་གཅིག་ཀྱང་མི་འདུག་ཟེར།

འདོན་སྤེལ། ༢༠༡༡/༠༩/༡༥

ཁེ་ཎ་ཌའི་གཞུང་གིས་ཨ་རུ་ཎ་ཅལ་གྱི་ཁྱིམ་མི་ཚུད་པའི་བོད་མི་ ༡༠༠༠ ཙམ་ཁེ་ཎ་ཌའི་གྲོང་ཁྱེར་ཆེ་ཁག་ལྔའི་ནང་ཆ་བགོས་བྱ་རྒྱུར་ཐག་གཅོད་བྱུང་ཡོད་པ་མ་ཟད། ལས་གཞི་དེ་འཆར་ལོའི་ལོ་མགོ་ནས་མགོ་འཛུགས་གནང་འཆར་ཡོད་ཀྱང་། ད་ཆར་ཁེ་ཎ་ཌར་གནས་སྡོད་བོད་རིགས་ནང་སྦྱིན་བདག་བྱེད་མཁན་གཅིག་ཀྱང་བྱུང་མི་འདུག

ཁེ་ཎ་ཌའི་གཞུང་གིས་བོད་མི་ཆིག་སྟོང་ཡུལ་དེར་སྐྱབས་བཅོལ་དུ་ལེན་རྒྱུར་ཐག་གཅོད་བྱུང་ཡོད་པ་བཞིན། ལས་གཞི་དེ་ནི་ཁེ་ན་ཌའི་གཞུང་གི་ཡུལ་མི་གནས་སྤོ་ལས་ཁུངས་དང་། ཁེ་ན་ཌ་བོད་རིགས་སྤྱི་མཐུན་ཚོགས་པ་མཉམ་སྒྲིལ་ཐོག་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ལོ་རྗེས་མའི་ལོ་མགོ་ཙམ་ནས་བོད་མི་ཆིག་སྟོང་གནས་སྤོ་དངོས་སུ་དབུ་འཛུགས་གནང་འཆར་ཡོད་འདུག དེ་ནི་ཨ་རུ་ཎ་ཅལ་གཞིས་ཆགས་ཁག་གསུམ་གྱི་གཞིས་མི་ཚོ་ཁྱིམ་ཚང་ཧྲིལ་པོ་རེ་བྱས་ཏེ་ཁེ་ཎ་ཌའི་བོད་རིགས་འདུས་སྡོད་ཆེ་ཤོས་ཀྱི་ས་གནས་ཁག་ ༥ ནང་གཏོང་འཆར་ཡོད་འདུག་ལ། ཁེ་ན་ཌའི་ས་གནས་དེ་དག་ནི། གྲོང་ཁྱེར་ཊོ་རོན་ཊོ་ (TORONTO) དང་། ཝན་ཁོ་ཝར་ (VANCAUVER )། ཨོ་ཊ་ཝ་ (OTTAWA ) ། མོན་ཊི་རིལ་ (MONTREAL) ། ཁེལ་གྷ་རི་( CANGARY ) བཅས་ཡིན་འདུག

ཐོག་མའི་ལས་འཆར་ལྟར་ན། གཞིས་སྤོར་མཁན་བོད་པ་རེ་ལ་སྦྱིན་བདག་ལྔ་རེ་འཚོལ་དགོས་པ་དང་། དེའི་ནང་ཉུང་མཐར་བོད་མི་གཅིག་རེ་ངེས་པར་དགོས་ཀྱི་ཡོད་ཀྱང་། ད་སྔ་ཁེ་ཎ་ཌའི་བོད་རིགས་ཁྲོད་དང་བླང་ཐོག་བོད་མི་གཞིས་སྤོར་མཁན་ཚོར་སྦྱིན་བདག་བྱེད་མཁན་གཅིག་ཀྱང་བྱུང་ཡོད་མི་འདུག

འདི་གའི་གསར་འགོད་པས་ཁེ་ཎ་ཌ་ཝན་ཁོ་ཝར་བོད་ཀྱི་རིག་གཞུང་ཚོགས་པའི་ཚོགས་མི་སྐུ་ཞབས་བཀྲ་ཤིས་ལགས་སུ་ཁ་པར་བརྒྱུད་བཅར་འདྲི་ཞུས་པར། ཝན་ཁོ་ཝར་གྲོང་ཁྱེར་དུ་ད་ཆར་བོད་མི་ ༢༠༠ ལྷག་ཡོད་པ་དང་། ཉེ་ཆར་ཁེ་ཎ་ཌ་གཞིས་མི་གནས་སྤོ་བློན་ཆེན་མཆོག་གྲོང་ཁྱེར་དེར་ཕེབས་ཏེ། ཁེ་ཎ་ཌའི་གཞུང་གིས་རྒྱ་གར་ཨ་རུ་ཎ་ཅལ་གྱི་བོད་མི་ཆིག་སྟོང་ཁེ་ཎ་ཌའི་གྲོང་ཁྱེར་ཆེ་ཁག་ཏུ་བགོ་འགྲེམས་བྱ་རྒྱུའི་ཁྲོད། བོད་མི་ ༢༠༠ ཙམ་ཝན་ཁོ་ཝར་ལ་གཏོང་རྒྱུ་ཡིན་ཚུལ་བརྗོད་འདུག སྤྱིར་ཐེངས་འདིར་བོད་མི་རེ་ལ་སྦྱིན་བདག་ ༥ རེ་འཚོལ་དགོས་པ་དང་། མི་ལྔའི་ནང་གི་གཅིག་ངེས་པར་དུ་བོད་པ་ཡིན་དགོས་པ་བཅས་ཡིན་འདུག་ལ། སྦྱིན་བདག་གི་ཆ་རྐྱེན་ཐད་ཁེ་ཎ་ཌའི་མི་སེར་ལག་འཁྱེར་རམ་གཏན་སྡོད་ཁ་བྱང་( Citizen ship or permanent resident )གང་རུང་མེད་ན། སྦྱིན་བདག་བྱ་རྒྱུའི་ཆོག་མཆན་འཐོབ་ཀྱི་མེད་པ་དང་། ཆ་རྐྱེན་ཚང་མཁན་དག་གིས་དུས་ཡུན་ལོ་གཅིག་གི་ཁག་ཐེག་གྲོན་དངུལ་དེ་སྔ་འདོན་གྱིས་འབྲེལ་ཡོད་ལས་ཁུངས་འབུལ་དགོས་ཀྱི་ཡོད་ཚུལ་སོགས་ངོ་སྤྲོད་གནང་བྱུང་།

ཁོས་མུ་མཐུད་དུ་བརྗོད་པ་ལྟར་ན། བོད་མིའི་གཞིས་སྤོའི་ལས་གཞི་དེའི་འགན་གཙོ་བོ། ཁེ་ཎ་ཌའི་བོད་དོན་ལས་འཆར་ཚོགས་པས་(Tibet Project Society)འཁུར་གྱི་ཡོད་ཐོག ཁེ་ཎ་ཌའི་བོད་རིགས་སྤྱི་མཐུན་ཚོཊ་པ་དང་བོད་ཀྱི་རིག་གཞུང་ཚོཊ་པ་བཅས་ཀྱིས་མཐུན་འགྱུར་རོགས་རམ་གནང་བཞིན་ཡོད་འདུག ཉེ་སྔོན་བོད་རིགས་ཚོགས་པ་ཁག་གིས་ཁེ་ཎ་ཌར་གནས་སྡོད་བོད་པ་སྤྱི་ཡོངས་ལ། ཨ་རུ་ཎ་ཅལ་བོད་མི་ཚོར་སྦྱིན་བདག་གནང་རོགས་ཞེས་འབོད་སྐུལ་ཐེངས་མང་ཞུས་ཀྱང་། ད་བར་ཁེ་ན་ཌའི་བོད་མིའི་ཁྲོད་སྦྱིན་བདག་བྱ་རྒྱུ་ཡིན་ཟེར་ནས་ང་ཚོར་འབྲེལ་བ་བྱེད་མཁན་གཅིག་ཀྱང་བྱུང་ཡོད་མི་འདུག་ལ། ཁོ་རང་སྡོད་སའི་ཝན་ཁོ་ཝར་ས་གནས་སུ་ཡང་སྒེར་ངོས་ནས་སྦྱིན་བདག་བྱ་རྒྱུ་ཡིན་ཟེར་མཁན་གཅིག་ཀྱང་བྱུང་མེད་པར། ད་ལྟ་སྦྱིན་བདག་སྐོར་ཞིག་རག་ཡོད་པ་དག་ཀྱང་། ༧གོང་ས་མཆོག་ལ་དད་གུས་ཡོད་མཁན་དང་བོད་ཀྱི་རིག་གཞུང་དང་རྩ་དོན་ལ་དོ་སྣང་ཡོད་མཁན་གྱི་ཕྱི་མི་རྐྱང་ཆགས་ཡོད་འདུག

སྐུ་ཞབས་བཀྲ་ཤིས་ལགས་ཀྱིས་བརྗོད་དོན། “ ཝན་ཁོ་ཝར་རིག་གཞུང་ཚོགས་པའི་ངོས་ནས་ཁུལ་དེར་གཞིས་སྤོ་བྱེད་མཁན་ཚོར་དམིགས་ཏེ་དཔལ་འབྱོར་འདུ་འགོད་ཀྱི་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་ལ། མ་འོངས་པར་ཡང་གང་ཐུབ་ཀྱིས་རོགས་རམ་གནང་རྩིས་ཡོད། ཁེ་ཎ་ཌར་རྒྱལ་ཁབ་གཞན་དང་མི་འདྲ་ས་ཞིག་ཡོད་པ་ནི། ཕྱི་ལོགས་ཀྱི་སྨན་པ་དང་འཆར་འགོད་པ། ལག་ཤེས་པ་སོགས་ཀྱི་ཐོབ་ཐང་ལག་འཁྱེར་གང་ཡིན་རུང་ངོས་ལེན་གནང་གི་མེད་སྟབས། བོད་པ་ཚོ་ཡང་ཚུར་བསླེབས་རྗེས་གཞི་ནས་སློབ་སྦྱོང་མགོ་འཛུགས་དགོས་པ་རེད། དེ་ཡིན་དུས། ང་ཚོའི་ངོས་ནས་ད་ལྟ་ནས་བོད་མི་དེ་ཚོའི་འཕྲོད་བསྟེན་དང་སློབ་སྦྱོང་། ཤེས་ཡོན། སྡོད་ཁང་སོགས་ཕྱོགས་མང་པོ་ཞིག་ལ་གྲ་སྒྲིག་རོགས་རམ་གནང་དགོས་པ་ཡོང་གི་རེད ” ཅེས་བརྗོད་བྱུང་།

ཁེ་ཎ་ཌ་ཝན་ཁོ་ཝར་མཚན་སྒྲོག་དགོན་སྙིང་རྗེ་མཐུན་ཚོགས་ཀྱི་ཚོགས་གཙོ་མཚན་སྒྲོག་རིན་པོ་ཆེ་མཆོག་གིས་གསུངས་ན། ཨ་རུ་ཎ་ཅལ་གྱི་བོད་མི་དེ་ཚོ་འཆར་ལོའི་ལོ་མགོ་ནས་ཁེ་ཎ་ཌར་གཞིས་སྤོ་གནང་རྒྱུ་ཡིན་པ་དང་། བོད་མི་ ༡༠༠༠ དེ་ཁེ་ཎ་ཌའི་ནང་གི་བོད་པ་འཛོམས་སའི་གྲོང་ཁྱེར་ཆེ་ཁག་ལྔའི་ནང་བོད་མི་ ༢༠༠ ཡས་མས་རེ་བགོ་འགྲེམས་བྱ་རྒྱུ་རེད། ཝན་ཁོ་ཝར་ལྟ་བུར་ཆ་བཞག་ན། འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༢༧ ཉིན་ཝན་ཁོ་ཝར་དུ་རིག་གཞུང་འགྲེམས་སྟོན་ཐེངས་ ༢ པ་དེ་ཚོགས་ཏེ། ཁེ་ཎ་ཌའི་ཊོ་ལོར་སྟོང་ཕྲག་ ༡༤ ལྷག་འདུ་འགོད་བྱེད་ཐུབ་ཡོད་འདུག་ལ། སྒོར་མོ་དེ་དག་ཝན་ཁོ་ཝར་གཞིས་སྤོ་བྱེད་མཁན་ཨ་རུ་ཎ་ཅལ་གྱི་བོད་མི་ཚོར་ཆེད་གཏོང་གནང་རྒྱུ་ཡིན་འདུག
མཚན་སྒྲོག་རིན་པོ་ཆེ་མཆོག་གིས་གསུངས་དོན། “ ཝན་ཁོ་ཝར་བོད་རིགས་ཚོགས་པས། གང་ཐུབ་ཅི་ཐུབ་ཀྱིས་ཁུལ་དེར་གཞིས་སྤོ་བྱེད་མཁན་བོད་པ་ཚོར་རོགས་རམ་ཐད་གྲ་སྒྲིག་ཞུ་བཞིན་ཡོད། མངའ་སྡེ་གཞན་དང་ས་གནས་གཞན་དག་གི་བོད་པ་ཚོས་ལས་གཞི་འདིའི་ཐོག་ལས་ཀ་བྱེད་ཀྱི་ཡོད་པ་ད་སྔ་གོ་མ་སོང་། སྤྱི་ཡོངས་ནས་བོད་མི་ཆིག་སྟོང་དེ་ལ་སྦྱིན་བདག་ག་ཚོད་རག་ཡོད་མེད་ཀྱང་གསལ་པོ་ཧ་གོ་མ་སོང་། གོ་ཐོས་ལྟར་ན། ཁེ་ཎ་ཌའི་ཡེ་ཤུའི་ཚོགས་པ་ཞིག་གིས་བོད་པ་ཚོར་སྦྱིན་བདག་འཚོལ་བཞིན་འདུག་ཟེར ” ཞེས་བརྗོད་བྱུང་།


ཁེ་ཎ་ཌ་ཝན་ཁོ་ཝར་བོད་ཀྱི་རིག་གཞུང་ཚོགས་པའི་ཚོགས་གཙོ་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་ཀྱང་གོང་གསལ་ལྟར་བརྗོད་སོང་། ཨ་རུ་ཎ་ཅལ་གྱི་བོད་པ་རྣམས་ཁེ་ཎ་ཌའི་བོད་རིགས་འདུས་སྡོད་ཀྱི་གྲོང་ཁྱེར་ཆེ་ཁག་ཏུ་བགོ་འགྲེམས་གནང་དོན་ནི། བོད་པ་དེ་ཚོ་ས་ཆ་ཁུག་ཀྱོག་ཅིག་ནས་གློ་བུར་དུ་ཡུལ་ལུང་གཞན་ཞིག་ལ་གནས་སྤོར་བྱས་ཚེ་འཚོ་བའི་གོམས་གཤིས། སྐད་ཡིག་བཅས་ཀྱི་ཐོག་དཀའ་ངལ་འཕྲད་སྲིད་སྟབས་གྲོང་ཁྱེར་དེ་དག་བདམས་པ་ཞིག་ཡིན་འདུག ཕྱོགས་གཞན་ཞིག་ནས། བོད་པ་ཚོ་མཉམ་དུ་སྡོད་ཐུབ་པ་ཡིན་ན། བོད་ཀྱི་སྐད་དང་དང་རིག་གཞུང་སྲུང་སྐྱོབ་བཅས་ལ་དམིགས་པ་ཞིག་ཀྱང་ཡིན་འདུག

ད་ལྟའི་ཆར་ཁེ་ཎ་ཌའི་ཡུལ་དུ་ཁྱོན་བོད་མི་ ༦༠༠༠ ཙམ་གནས་སྡོད་བྱེད་བཞིན་ཡོད་འདུག

No comments:

Post a Comment