དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་ཚོགས་གཙོའི་གསལ་བཤད་གནང་བ་ལྟར་ན། ཁ་སང་སྤྱི་འཐུས་རྣམས་ཀྱིས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་བགྲོ་གླེང་གནང་སྐབས། དབུས་བོད་མིའི་སྒྲིག་འཛུགས་༼ དབུས་བོད་མིའི་གཞུང་གི་སྒྲིག་འཛུགས ༽དང་། བཀའ་བློན་ཁྲི་པར་༼ སྲིད་སྐྱོང ༽ ཞེས་པར་འགྱུར་བ་གཏོང་རྒྱུར་རྒྱབ་སྐྱོར་ཐོབ་མ་སོང་ཟེར།
དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་ ༣༠ སྟེང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཉིན་གཉིས་པའི་སྟེང་། བཀའ་བློན་ཁྲི་པ་མཆོག་དང་གསར་དུ་བདམས་ཐོན་བྱུང་བའི་ཕྱག་རོགས་བཀའ་བློན་རྣམ། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་དང་ཟུར་ཉན་པ་བཅས་སྤྱི་འཐུས་ཚོགས་ཁང་དུ་འཛོམས་རྗེས། སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསར་དུ་བདམས་ཐོན་བྱུང་བའི་བཀའ་བློན་རྣམ་པ་གྲོས་ཚོགས་སུ་ཕེབས་པར་འཚམས་འདྲི་དང་སྤྲགས། བཀའ་བློན་ཁྲི་པས་མིང་འདོན་གནང་བའི་ཕྱག་རོགས་བཀའ་བློན་ཡོངས་ལ་གྲོས་ཚོགས་ཀྱིས་སྤྱི་མོས་རྒྱབ་སྐྱོར་གནང་བ་དེ་གྲོས་ཚོགས་ཀྱི་གཟི་བརྗིད་ཅིག་དང་། དམངས་གཙོའི་ལྟ་གྲུབ་དང་མཐུན་པར་བཀའ་ཤག་ལ་མཐུན་འགྱུར་ཞུས་པའི་རྣམ་པ་ཞིག་ཆགས་ཡོད་ཚུལ་དང་། མ་འོངས་པའི་རྩ་དོན་གྱི་འགན་འཁུར་མཁན་བཀའ་བློན་ཁྲི་པ་དབུས་པའི་བཀའ་བློན་རྣམ་པས་ཧུར་བརྩོན་དང་བོད་སྤྱི་བའི་ལས་དོན་ལ་འགན་འཁུར་ཐུབ་པའི་སྨོན་འདུན་བཅས་ཞུས་སོང་།
དེའི་རྗེས་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོས་ཆེད་བཙུགས་ཚོགས་ཆུང་གི་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་གྲུབ་དོན་སྙན་ཐོ་སྒྲོག་སྦྱོང་གནང་སྐབས། སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསལ་བཤད་ཅིག་གནང་བའི་ནང་། དབུས་བོད་མིའི་སྒྲིག་འཛུགས་ “ དབུས་བོད་མིའི་གཞུང་གི་སྒྲིག་འཛུགས་ ” ཞེས་པར་བསྒྱུར་རྒྱུ་དང་། བཀའ་བློན་ཁྲི་པ་ “ སྲིད་སྐྱོང་བ ” ཞེས་མཚན་བྱང་ལ་བཅོས་བསྒྱུར་གཏོང་རྒྱུའི་སྐོར་ལ། ཐེངས་འདིའི་གྲོས་ཚོགས་ནང་བགྲོ་གླེང་གི་ལས་རིམ་ཙམ་ལས། བཅའ་ཁྲིམས་དངོས་སུ་བསྐྱར་བཅོས་གཏོང་རྒྱུའི་ལས་རིམ་འགྲོ་ཐུབ་མེད་སྐོར་གསུངས་སོང་ལ། དེ་ནི་ཁ་སང་ཉིན་རྒྱབ་ཀྱི་ཆུ་ཚོད་ ༡ ནས་ ༦ པའི་བར་སྤྱི་འཐུས་ནང་ཁུལ་གྱི་བཞུགས་མོལ་ཚོགས་འདུ་ཚོགས་སྐབས། སྤྱི་འཐུས་མང་པོ་ཞིག་གིས་དགག་པ་བརྒྱབ་ཏེ་མང་མོས་ཐོབ་མེད་སྐོར་གསུངས་སོང་།
བཞུགས་མོལ་ཚོགས་འདུའི་ནང་གི་གླེང་སློང་སྐོར་ལ། མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། “ སྤྱི་འཐུས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་གི་གནད་དོན་གལ་ཆེ་ཤོས་གཉིས་དེ་དབུས་བོད་མིའི་སྒྲིག་འཛུགས་དེ་དབུས་བོད་མིའི་གཞུང་གི་སྒྲིག་འཛུགས་དང་། བཀའ་བློན་ཁྲི་པ་དེ་སྲིད་སྐྱོང་བར་འགྱུར་བ་གཏོང་མིན་སྐོར་རེད། དབུས་བོད་མིའི་སྒྲིག་འཛུགས་དེ་དབུས་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་འགྱུར་བ་གཏོང་མིན་ཐད་ལ་སྤྱི་འཐུས་ནང་བསམ་ཚུལ་རིགས་གཉིས་ཡོང་གི་འདུག ཁག་ཅིག་གིས་དབུས་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་འགྱུར་བ་གཏོང་དགོས་པ་རེད། གཞོན་ལྷན་སོགས་མི་མང་ནང་ ༼ གཞུང ༽ཞེས་པ་དེ་འཇོག་དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་ཡོང་གི་འདུག་གསུངས་སོང་། ཡང་ཁག་ཅིག་གིས་དེ་ལ་འགྱུར་བ་བཏང་ན་འགྲིག་གི་མ་རེད། ༧གོང་ས་མཆོག་གི་བཀའ་འབྲེལ་ཐོག་སྐུ་སྒེར་ཡིག་ཚང་གི་ལས་ཤོག་ལས་ཐམ་ཐོག་བཀོད་དེ་མར་གནང་ཡོད་པ་རེད། དེ་འདྲ་ཞིག་སྤྱི་འཐུས་གསར་པ་ཚོ་བསླེབས་མ་ཐག་འགྱུར་བ་བཏང་ན་འགྲིག་གི་མ་རེད་གསུངས་ཏེ་དགག་བྱ་གནང་སོང་།
གཞན། བཀའ་བློན་ཁྲི་པ་དེ་སྲིད་སྐྱོང་བ་ཞེས་པར་འགྱུར་བ་གཏོང་མིན་ཐད་ལའང་བསམ་ཚུལ་རིགས་གཉིས་རེད། ཁག་ཅིག་གིས་སྲིད་སྐྱོང་ཟེར་བ་དེ་༧གོང་ས་མཆོག་གིས་གསོལ་རས་སུ་བསྩལ་པ་རེད། ལྷག་པར་དུ་ད་ལྟའི་དུས་ཚོད་འདི་སྐབས་སུ་བབས་པ་ཞིག་ཡིན་སྐོར་གསུངས་སོང་། ཡང་ཁག་ཅིག་གིས་བཀའ་བློན་ཁྲི་པར་སྲིད་སྐྱོང་ཞེས་འགྱུར་བ་བཏང་ན་འགྲིག་གི་མ་རེད། བཀའ་ཁྲི་བློ་བཟང་སེང་གེ་འོས་འདེམས་བྱེད་སྐབས། མི་མང་ཚོས་བཀའ་བློན་ཁྲི་པའི་མཚན་གནས་ཐོག་བདམས་པ་རེད་མ་གཏོགས། སྲིད་སྐྱོང་བའི་མཚན་གནས་ཐོག་ལ་བདམས་ཡོད་པ་མ་རེད་གསུངས་སོང་། རྒྱུ་མཚན་གཞན་པ་ཞིག་ལ། སྔོན་མ་སྟག་བྲག་གི་སྐབས་སུ་༧གོང་ས་མཆོག་ཞལ་མ་བཞུགས་པའི་སྐབས་སུ་ཆོས་སྲིད་ཀྱི་འགན་ཡོངས་རྫོགས་བཞེས་མཁན་ཞིག་ཆགས་ཡོད་པ་རེད། ད་ལྟའི་དུས་ཚོད་ལ་༧གོང་ས་མཆོག་ཞལ་བཞུགས་བཞིན་པ་ཡིན་སྟབས། སྲིད་སྐྱོང་ཞེས་བཏགས་ན་སྔ་དྲགས་པ་རེད་གསུངས་ཏེ་དགག་བྱ་གནང་སོང་། མཐར་མང་མོས་ཡོད་མེད་ལ་བལྟས་ཡོང་སྐབས། མཚན་བྱང་དེ་གཉིས་འགྱུར་བ་གཏོང་རྒྱུར་དགག་བྱ་གནང་མཁན་ཤུགས་ཆེན་པོ་ཆགས་སོང ” ཞེས་ངོ་སྤྲོད་གནང་སོང་།
No comments:
Post a Comment