དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་སྤྱི་འཐུས་ཁག་ཅིག་གིས་ཉེ་ལམ་བཀའ་ཁྲིའི་དམ་འབུལ་གསུངས་བཤད་ནང་། ངས་དོན་དམ་པའི་ཆོས་ལུགས་རིས་མེད་ཀྱི་དམངས་གཙོའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་ཡིན་ཞེས་ཁས་ལེན་གནང་ཡོད་པའི་སྐོར་ལ་ཚ་འདྲི་གནང་སོང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཉིན་ལྔ་པའི་ཞོགས་པ་ ༩།༣༠ སྟེང་། ཚོགས་འདུ་དབུ་འཛུགས་གནང་མ་ཐག་དྲི་བ་དྲིས་ལན་གནང་སོང་ལ། སྐབས་དེར་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གི་དམ་འབུལ་གསུང་བཤད་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བ་དོན་ཚན་ ༣ བཏང་སོང་།
བཀའ་ཁྲི་མཆོག་གི་དམ་འབུལ་གསུང་བཤད་ནང་། “ངས་དོན་དམ་པའི་ཆོས་ལུགས་རིས་མེད་ཀྱི་དམངས་གཙོའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་༸གོང་ས་མཆོག་གི་ཐུགས་བཞེད་སྒྲུབ་ཐབས་ཞུ་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན” ཞེས་ཕེབས་ཡོད་པའི་ཐད། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས། དང་པོ། དོན་དམ་པའི་ཆོས་ལུགས་རིས་མེད་ཞེས་པའི་ཚད་ལྡན་གྱི་འགྲེལ་བརྗོད་གང་ཡིན་པར་དགོངས་བཞིན་ཡོད་དམ། གཉིས་པ། དེ་དག་བསྒྲུབ་ཐབས་སུ་ད་ཡོད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགྱུར་བ་གང་འདྲ་དགོས་པར་གཟིགས་ཀྱི་ཡོད་དམ། གསུམ་པ། དམིགས་ཡུལ་དེ་དག་བསྒྲུབ་ཐབས་སུ་ཕྱག་ལེན་གང་དང་གང་ལག་བསྟར་གནང་འཆར་ཡོད་དམ་བཏོན་པའི་ལན་དུ། བཀའ་ཁྲི་མཆོག་གིས་ “ དང་པོ། ཆོས་ལུགས་རིས་མེད་ཅེས་པའི་གོ་དོན་ནི། གཞུང་དང་སྒྲིག་འཛུགས་ཤིག་གི་ངོས་ནས་ཆོས་ལུགས་འདྲ་མིན་ཚང་མར་དབྱེ་འབྱེད་མེད་པར་གཅིག་འགྱུར་ཞིག་ལ་ངོས་འཛིན་གནང་བ་དེ་ཡིན། གཉིས་པ། འགྱུར་བ་དགོས་པར་མཐོང་གི་མེད། གསུམ་པ། འཆར་གཞི་མེད ” ཅེས་གསུངས་སོང་།
བཀའ་ཁྲི་མཆོག་གི་བཀའ་ལན་དང་འབྲེལ་བའི་འཕྲོས་དོན་དྲི་བའི་སྐབས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་དྲི་བ་གཉིས་པའི་ལན་དུ་བཀའ་ཁྲི་མཆོག་གིས་བཅའ་ཁྲིམས་རིན་པོ་ཆེར་འགྱུར་བ་གཏོང་དགོས་ཀྱི་མེད་ཅེས་གསུངས་ཡོད་སྟབས། ཆོས་ལུགས་རིས་མེད་ཅེས་བརྗོད་པའི་སྐབས་ང་ཚོ་ནང་པའི་ཆོས་ལུགས་ཙམ་མ་ཡིན་པའི་ཆོས་ལུགས་གཞན་ཚོར་གཟིགས་རྒྱང་ཡོད་པ་ཁ་གསལ་ད་ལྟའི་བཅའ་ཁྲིམས་ནང་བཀོད་མེད་པ་གསལ་བཤད་དང་སྦྲགས་འཕྲོས་དོན་དྲི་བ་གཉིས་བཏོན་སོང་། དང་པོ། ༸གོང་ས་མཆོག་ལ་དམ་བཅའ་ཕུལ་བ་དེ་བཅའ་ཁྲིམས་ལ་འགྱུར་བ་མ་བཏང་པར་ཕྱག་བསྟར་ཇི་ལྟར་གནང་རྩིས་ཡོད་དམ། གཉིས་པ། དྲི་བ་གསུམ་པར་བཀའ་ལན་གནང་སྐབས་འཆར་གཞི་མེད་ཅེས་གསུངས་སོང་བས། ༸གོང་ས་མཆོག་ལ་དམ་འབུལ་སྐབས་སུ་ཕྱག་བསྟར་གནང་དགོས་པ་དང་། ཕྱག་བསྟར་གནང་མ་ཐུབ་པ་ཁ་ཤས་ཤིག་གནང་རྒྱུ་ལྷག་ཡོད་པ་ཞིག་ལ་གཟིགས་ཏེ་དམ་འབུལ་ཞུས་བ་རེད། དེར་བརྟེན། ད་ལྟ་འཆར་གཞི་མེད་པ་ཡིན་ན་འཆར་སྣང་ཡོད་དམ་མེད། འཆར་གཞི་དང་འཆར་སྣང་གང་ཡང་མེད་པའི་ཐོག་ནས་དགོངས་གཞི་སྒྲུབ་ཐབས་ག་འདྲ་གནང་རྒྱུ་ཡིན་ནམ་ཅེས་དྲིས་པར། བཀའ་ཁྲི་མཆོག་གིས་ “ད་ལྟའི་ཆར་དམ་འབུལ་གྱི་གཏམ་བཤད་རེད་མ་གཏོགས། དམ་འབུལ་དེ་༸གོང་ས་མཆོག་ལ་ཕུལ་ཡོད་པ་མ་རེད། བཅའ་ཁྲིམས་འགྱུར་བ་ཕྱིན་པ་གཞིར་བཟུང་དམ་འབུལ་དེ་ཁྲིམས་དཔོན་ལ་ཕུལ་བ་དེ་ནི་རྣམ་པ་ཚོས་ཐུགས་གཏན་ཁེལ་བའི་བཅའ་ཁྲིམས་གཞིར་བཟུང་ཕུལ་བ་ཡིན། སྤྱིར་ཆོས་ལུགས་རིས་མེད་ལ་འགྲེལ་བཤད་འདྲ་མིན་སྣ་ཚོགས་ཡོད་པ་རེད། ཆོས་བྱེད་མཁན་གྱིས་སྲིད་འཛིན་པ་དང་ཆོས་ལུགས་ཤིག་གིས་སྲིད་འཛིན་པ། གཞུང་ཞིག་གིས་ཆོས་ལུགས་དང་ཆོས་རྒྱུད་ཅིག་ལ་འཁྱོག་བཤད་ཀྱི་ཐོག་ནས་སྲིད་འཛིན་པ་དེ་འདྲ་ཞིག་ལ་གོ་བ་ལེན་བཞིན་ཡོད་པ་རེད། ད་ལྟ་ངས་ཆོས་ལུགས་རིས་མེད་ཟེར་བ་དེ་ག་འདྲ་ཞིག་ཡིན་ཟེར་ན། གཞུང་དང་སྒྲིག་འཛུགས་གང་ཡིན་ཡང་ཆོས་ལུགས་དང་ཆོས་རྒྱུད་ལ་དབྱེ་འབྱེད་མི་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན། ཆོས་རྒྱུད་དང་ཆོས་ལུགས་གཞན་ལ་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་ཀྱི་ཡོད་མེད་སྐོར་ལ་ངས་ལག་པ་འཆང་གི་མེད། དབྱེ་འབྱེད་མི་བྱེད་མཁན་ཟེར་དུས་དབྱེ་བ་འབྱེད་ཀྱི་མིན་ཞེས་བརྗོད་བཞིན་ཡོད་པ་ལས། ཐོབ་ཐང་འདྲ་མཉམ་སྤྲོད་ཀྱི་ཡིན་ཞེས་བརྗོད་ཀྱི་མེད ” ཅེས་བཀའ་ལན་གནང་སོང་།
ཡང་བསྐྱར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་དཔལ་ལྡན་བཀའ་ཁྲི་མཆོག་གིས་ངས་དོན་དམ་པའི་ཆོས་ལུགས་རིས་མེད་ཀྱི་དམངས་གཙོའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་༸གོང་ས་མཆོག་གི་ཐུགས་བཞེད་སྒྲུབ་ཐབས་ཞུ་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན་གསུངས་པ་དེ་ནི། ༧གོང་ས་མཆོག་ལ་ཕུལ་བ་ཞིག་ལས་བཅའ་ཁྲིམས་བསྐྱར་བཅོས་བྱས་མིན་ལ་འབྲེལ་མེད་སྐོར་དང་། དམ་འབུལ་གཏམ་བཤད་ཀྱི་དགོངས་དོན་ལྟར་ན་སྔོན་མ་གནང་མ་ཐུབ་པ་ཞིག་ད་རེབ་ནན་པོ་དང་བརྟན་པོའི་ཐོག་ནས་བསྒྲུབ་རྒྱུར་དམ་བཅའ་ཕུལ་བ་ཞིག་ལ་གོ་དགོས་པས་དེ་ལ་གསལ་བཤད་ཅིག་གནང་རོགས་ཞེས་བརྗོད་པར། བཀའ་ཁྲི་མཆོག་གིས་ “ སྔོན་མ་བཅའ་ཁྲིམས་ནང་དུ་མེད་པ་ཞིག་ངས་འགྱུར་བ་གཏོང་གི་ཡིན་ཞེས་ཁས་ལེན་གནང་མེད། ཆོས་ལུགས་རིས་མེད་ཀྱི་འགྲེལ་བཤད་དེའི་སྒང་ལ། ཆོས་ལུགས་དང་ཆོས་རྒྱུད་ལ་གཞུང་དང་སྒྲིག་འཛུགས་ཀྱི་ཐོག་ནས་དབྱེར་མེད་བྱ་རྒྱུ་ཡིན་ཞེས་བརྗོད་པ་དེ་ནི། ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ནང་དབྱེར་མེད་གནང་བཞིན་པ་ཞིག་ལ་ངོས་འཛིན་གནང་གི་ཡོད། དེ་ལྟར་ངོས་འཛིན་གནང་གི་ཡོད་པའི་ཆ་ནས་འཆར་གཞི་གསར་བ་དགོས་དོན་མེད་པར། ད་ལྟ་གང་ཡོད་པ་དེ་ལག་ལེན་བསྟར་ཆོག་པ་ཞིག་ལ་མཐོང་གི་ཡོད།” ཅེས་བཀའ་ལན་གནང་སོང་།
དེའི་རྗེས་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས “ བཀའ་བློན་ཁྲི་པ་མཆོག་གིས་བཀའ་ལན་གནང་སྐབས། ཆོས་རྒྱུད་ཀྱི་ཐོབ་ཐང་འདྲ་མཉམ་མིན་པ་ལ་ལག་པ་འཆང་རྒྱུའི་དགོངས་གཞི་མེད་ཅེས་གསུངས་ཡོད་སྟབས། བཀའ་བློན་ཁྲི་པ་ཡིན་པས་ངོས་ནས་མི་མང་གི་ཐོབ་ཐང་དང་། ཆོས་རྒྱུད་ཀྱི་ཐོབ་ཐང་། ཆོས་ལུགས་ཀྱི་ཐོབ་ཐང་། མདོར་ན་བཙན་བྱོལ་སྒྲིག་འཛུགས་ཀྱི་དཀྱིལ་འཁོར་ནང་ཡོད་པའི་ཆ་སྙོམས་ཀྱི་ཐོབ་ཐང་ཚང་མའི་སྟེང་ལ་བཀའ་ཁྲི་མཆོག་གིས་གཟིགས་རྟོགས་གནང་དགོས་པ་ཞིག་ལ་གཟིགས་ཀྱི་ཡོད་དམ ” ཞེས་དྲིས་པའི་ལན་དུ་བཀའ་ཁྲི་མཆོག་གིས་ “ གོང་དུ་ཆོས་ལུགས་རིས་མེད་ཀྱི་འགྲེལ་བཤད་སྐབས་བརྗོད་ཟིན་པ་ལྟར། གཞུང་དང་སྒྲིག་འཛུགས་ཀྱི་ངོས་ནས་ཆོས་ལུགས་འདྲ་མིན་ཚང་མར་དབྱེ་འབྱེད་བྱ་རྒྱུ་མིན་ཞེས་རྗོད་ཀྱི་ཡོད་པ་མ་གཏོགས། ཐོབ་ཐང་འདྲ་མཉམ་སྤྲོད་རྒྱུ་ཡིན་ཞེས་ལབ་མེད། ཐོབ་ཐང་འདྲ་མཉམ་སྤྲོད་དང་མི་སྤྲོད་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལག་ཏུ་ཡོད་པ་རེད ” ཅེས་ལན་འདེབས་གནང་སོང་།
ཡང་བསྐྱར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་ཐོབ་ཐང་འདྲ་མཉམ་སྤྲོད་ཀྱི་མེད་པ་ཡིན་ན། དབྱེ་འབྱེད་རང་བཞིན་གྱིས་ཆགས་ཀྱི་ཡོད་པ་མ་རེད་དམ་ཞེས་དྲིས་པའི་ལན་དུ། བཀའ་ཁྲི་མཆོག་གིས་ “དབྱེ་འབྱེད་བྱེད་ཀྱི་མེད་ཞེས་པ་དང་ཐོབ་ཐང་འདྲ་མཉམ་སྤྲོད་ཀྱི་ཡིན་ཞེས་པ་དེ་གཉིས་ཁྲིམས་ཐོག་ནས་ཐ་དད་ཡིན་པར་ངོས་འཛིན་བྱ་དགོས་པ་རེད། སྒྲིག་འཛུགས་ཀྱི་ལས་འགན་དེ་དབྱེ་འབྱེད་མ་བྱས་པའི་ཐོག་ནས་ཆོས་ལུགས་རིས་མེད་དང་། དེ་བཞིན་ཕོ་མོ་གང་ཡིན་ཡང་དབྱེ་འབྱེད་མེད་པའི་ཐོག་ནས་གནང་དགོས་ཀྱི་ཡོད་པ་རེད། ཐོབ་ཐང་འདྲ་མཉམ་སྤྲོད་དགོས་ཀྱི་ཡོད་པ་རེད་ཟེར་བ་དེ་ནི་ཁྲིམས་གཞི་ཞིག་གཏན་འབེབས་བྱས་པའི་ཐོག་ནས་ཐོབ་ཐང་འདྲ་མཉམ་བཟོ་དགོས་པ་རེད། ངས་དབྱེ་འབྱེད་བྱེད་ཀྱི་མིན་ (Discriminate) ཞེས་རྗོད་ཀྱི་ཡོད་པ་ལས། ཐོབ་ཐང་འདྲ་མཉམ་(Equal Rights)སྤྲོད་རྒྱུ་ཡིན་ཟེར་གྱི་ཡོད་པ་མ་རེད ” ཅེས་བཀའ་ལན་གནང་སོང་།
No comments:
Post a Comment