Tuesday, September 13, 2011

བཤད་ན་མི་འདོད་པའི་བདེན་གཏམ།–བོད་ཀྱི་ལོ་རྒྱུས་ཀྱི་ས་ཁྲ་རལ་བོ།

tibet-1

ཀླུ་སྨྱོན།

གོང་ས་མཆོག་གིས། “རང་བཙན་ཐོག་ཕྱིན་ན། ལོ་རྒྱུས་དང་འབྲེལ་བའི་གནས་ཚུལ་ཤོད་རྒྱུ་ཞིག་དང༌། རང་ཐག་རང་གཅོད་ཀྱི་ཐོག་ནས་ཤོད་རྒྱུ་ཞིག་བཅས་གཉིས་ཡོད། ལོ་རྒྱུས་ཐོག་ཕྱིན་ན་ྋགོང་ས་ལྔ་པ་ཆེན་པོ་ནས་བཟུང་དགའ་ལྡན་ཕོ་བྲང་གི་ཁྱབ་ ཁོངས་ལ་གོ་རྒྱུ་རེད། ཕྱི་ལོ་ ༡༩༥༠ ལོར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་ཐོག་མའི་སྙན་ཞུ་འབུལ་སྐབས་ ༡༩༥༠ ལོར་འབྲི་ཆུ་བརྒལ་ནས་བཙན་འཛུལ་བྱས་བྱུང་ཞེས་འཁོད་ཡོད། འབྲི་ཆུའི་ནུབ་རྒྱུད་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ས་ཆ་ལ་ཤོད་ཀྱི་ཡོད། ཕལ་ཆེར་དེ་དག་ང་ཚོ་བོད་པའི་ཁ་རྒྱུན་ལའང་རྒྱ་སྡེ་དང་བོད་སྡེ་ཞེས་ཤོད་ཀྱི་ འདུག” ཅེས་པ་འདི་ཁོ་བོས་དུས་རྟག་ཏུ་དྲན་ཡོང་གི་འདུག་ལ། ངས་སྔོན་ཆད་བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་རང་བཙན་གཙང་མ་ཞིག་མི་འདུག ཡིན་ཡང་ཕྱིས་སུ་རང་བཙན་རྩོད་དང་མི་རྩོད་དེ་བོད་མི་སོ་སོའི་འདོད་པ་རེད་ལབ་པར། དྲ་གྲོགས་ཁག་ཅིག་གིས་རྒྱུ་མཚན་མེད་པའི་ཚིག་རྩུབ་ཀྱི་གྲི་དང་སྟ་རེ་ཁུར་ནས་མཆོངས་ཡོང་སྟེ་མི་ཉམ་ཆུང་ང་འདྲ་བོ་གསོད་གྲབ་བྱས་སོང་ཡང་། ངས་གོང་ས་མཆོག་གི་གསུང་འདི་ལན་གཅིག་དྲངས་པ་ཙམ་གྱིས་ཁོང་ཅག་གི་ཞལ་དུ་རྡོ་རྗེ་བཞག་པ་ཅི་བཞིན་ཐ་ན་མི་ཆེན་དཔོན་ཆེན་གྱི་སྐད་ཆར་སྤྲེལ་ལད་འཁྲབ་སྤྱད་ཀྱི་དྲང་ངེས་ཞེས་པའི་ལྷན་པ་སྙིང་རྗེ་བོ་དེ་ཡང་རྒྱག་ལོང་ཙམ་ཡང་མ་བྱུང་བར་གདོན་བགེགས་ལ་གུ་གུལ་བདུགས་པ་ཅི་བཞིན་ཕྱི་བལྟས་མེད་པར་རང་རང་སར་བྲོས་སོང་།
བོད་གཞུང་གི་ཆབ་སྲིད་ལོ་རྒྱུས་ཡིག་ཆ་དང་མི་སྒེར་བས་བྲིས་པའི་དེབ་ཁག་ཅིག་ཏུ་སྤྱི་ལོ་༡༩༥༩ཡར་སྔོན་དུ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་སྒྲུབ་བྱེད་ཁག་ཅིག་ཡོད་པའི་ནང་ནས་གལ་གནད་ཆེན་པོར་འཛིན་བཞིན་པ་ཞིག་ནི་བོད་དེ་རྒྱ་ནག་ལས་མི་རིགས་ཁ་ཁ་དང་རིག་གཞུང་སོ་སོ་བ་ཞིག་ཡིན་པ་འདི་དུས་རྟག་པར་མ་ཎི་བཞིན་བསྐྱར་དང་སྐྱོར་བཞིན་ཡོད་པ་དེར་དམིགས་ནས་རང་གི་བསམ་ཚུལ་ཞིག་བརྗོད་པ་སྟེ།
མི་རིགས་གཉིས་ཀྱི་སྐད་དང་རིག་གཞུང་ཐ་དད་ཡིན་པ་དང་མི་རིགས་དེ་གཉིས་ཀྱིས་གཅིག་གིས་གཅིག་ལ་དབང་སྒྱུར་བྱེད་པའི་གནས་སྟངས་གཉིས་རྦད་དེ་ཁ་ཁ་སོ་སོ་རེད། དཔེར་ན་ཡོ་རོབ་པ་དག་རྒྱ་གར་དུ་བསླེབས་དུས་རྒྱ་གར་བ་དང་ཡོ་རོབ་པ་དག་མི་རིགས་དང་རིག་གཞུང་རྦད་དེ་ཁ་ཁ་རེད་དེ། ཡོ་རོབ་པ་ཚོའི་གཡོ་སྒྱུ་དང་དྲག་ཤུགས་ལ་རྒྱ་གར་བ་ཚོས་ཁ་ཡ་མ་ཡོང་བར་ལོ་ངོ་ཉིས་བརྒྱ་ལྷག་ཅིག་ལ་རང་བཙན་ཤོར་ནས་དབྱིན་ཇིའི་འོག་ཏུ་བསྡད་པ་དེ་ལོས་ཤེས། དེ་བཞིན་ཡོ་རོབ་པ་དག་ཨ་རིའི་ས་ཐོག་ཏུ་བསླེབས་པའི་དུས་དེར་ཡང་ཨ་རིའི་གདོད་མིའི་མི་རིགས་དང་ཡོ་རོབ་པ་དག་གི་མི་རིགས་དང་རིག་གཞུང་རྦད་དེ་ཁ་ཁ་རེད་དེ། ཡོ་རོབ་པ་དག་གི་མེ་མདའི་འོག་ནས་ཨ་རིའི་གདོད་མིའི་མི་རིགས་ཀྱི་རང་བཙན་ཤོར་ནས་བརྒྱ་ཕྲག་འདི་སྙེད་ཅིག་ལ་མི་དཀར་གྱི་འོག་ལ་ཡོད་པ་རེད། དཔེ་མཚོན་འདི་དག་གིས་མི་རིགས་ཤིག་གི་རང་བཙན་ཤོར་ཡོད་དང་མེད་དེ་མི་རིགས་དེ་དང་དེའི་ཁ་གཏད་ཀྱི་དབང་སྒྱུར་བ་གཉིས་མི་རིགས་ཁ་ཁ་ཡིན་མིན་དང་རིག་གཞུང་ལོགས་ཀ་ཡིན་མིན་གྱིས་དབྱེ་འབྱེད་བྱེད་པ་ནི་ཆབ་སྲིད་ཀྱི་ལྟ་གྲུབ་ལ་རྒྱུས་མངའ་སྤུ་ཙམ་ཡང་མེད་པའི་སྐད་ཆ་ཞིག་ཡིན་ཞིང་། ང་ཚོ་བཙན་བྱོལ་བའི་ཁྲོད་དུ་ཆབ་སྲིད་མཁས་ཅན་ཞིག་མེད་པའི་ཉེར་ལེན་གྱིས་ད་བར་དུ་བོད་རྒྱ་ཁོངས་མིན་པའི་སྒྲུབ་བྱེད་དུ་བོད་རྒྱ་མི་རིགས་གཉིས་མི་རིགས་ཁ་ཁ་དང་རིག་གཞུང་ལོགས་ཀ་ཡིན་ཞེས་ཁ་ན་ན་བར་དུ་བསྒྲགས་པ་རེད་དེ། འཛམ་གླིང་སྟེང་གི་སྲིད་དོན་པ་སྤྱང་གྲུང་འཛོམས་པ་ཚོས་མི་རིགས་ཁ་ཁ་ཡིན་པ་དང་རིག་གཞུང་ལོགས་ཀ་ཡིན་པ་ཙམ་གྱིས་ས་ཁུལ་མི་འདྲ་བའི་བར་གྱི་བདག་དབང་གི་གནད་དོན་དེ་ཐག་གཅོད་བྱེད་ཐབས་བྲལ་བ་དེ་ཁོང་དུ་ཆུད་ཡོད་པས། རང་ཅག་ལ་དེ་རིང་བར་དུ་ཁྱོད་ཚོ་བོད་དེ་སྤྱི་ལོ་ང་དགུ་ལོའི་བར་དུ་རང་བཙན་གཙང་མ་རེད་ཟེར་མཁན་ཞིག་ཕལ་ཆེར་མ་བྱུང་བའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད་པ་རེད། དེའི་ཕྱིར་ང་ཚོས་རྒྱ་མི་ལ་ང་དགུ་ལོའི་བར་དུ་བོད་ལ་རང་བཙན་གཙང་མ་ཞིག་ཡོད་པའི་སྒྲུབ་བྱེད་དུ་མི་རིགས་དང་རིག་གཞུང་ཁ་ཁ་ཡིན་པའི་རང་མགོ་རྡུང་བྱེད་དེ་ཡང་འདྲེན་སྐྱར་འདྲེན་མི་བྱེད་པར། ང་དགུ་ལོའི་གོང་དུ་བོད་ཆོལ་ཁ་གསུམ་གྱི་ས་གནས་གང་ཞིག་ཏུ་དཔོན་ཆེན་གང་ཞིག་བསྐོ་འཇོག་བྱེད་ཀྱང་བོད་གཞུང་གིས་རྒྱ་ནག་གཞུང་ལ་སྐད་ཆ་ཚིག་གཅིག་ཀྱང་མ་དྲིས་པར་བསྐོ་འཇོག་བྱས་ཡོད། རྒྱལ་བ་པཎ་ཆེན་གྱི་སྐུ་ཕྲེང་གང་ཞིག་གི་ཡང་སྲིད་ངོས་འཛིན་བྱེད་དུས་ཀྱང་རྒྱ་ནག་སྲིད་གཞུང་གང་ཞིག་གི་ཐེ་བྱུས་ཀྱང་མེད་པར་བོད་པའི་བླ་ཆེན་དག་གིས་རང་དབང་གིས་སྤྲུལ་སྐུ་ངོས་འཛིན་བྱས་ཡོད་ཅེས་པའི་ལོ་རྒྱུས་ཡིག་ཆ་ཁུངས་དག་ཕ་རོལ་པོ་ལན་མེད་དུ་གཏོང་ཐུབ་པ་རེ་ཡོད་ན་ནི་གངས་ཅན་པ་ཚང་ལ་བུ་སྐྱེས་པའི་རྟགས་དེ་ལས་ལྷག་པ་ཞིག་མི་དགོས་ཀྱང་། ཁོ་བོས་ལོ་མང་སྔོན་ཞིབ་འཇུག་བྱས་པའི་འབྲས་བུར་ས་པཎ་ནས་རྭ་སྒྲེང་བར་དུ་བོད་ཀྱི་བླ་ཆེན་དཔོན་ཆེན་ཉིས་བརྒྱ་བདུན་ཅུ་བརྒལ་བ་ཞིག་ལ་སོག་གཞུང་རྒྱ་གཞུང་མན་གཞུང་སོགས་ཀྱིས་སྟངས་འཛིན་གྱིས་དཔོན་ས་དང་ཆོ་ལོ་མི་འདྲ་བ་སྤྲད་འདུག་པས། ད་ནི་བསམ་བཞིན་དུ་བོད་ཀྱི་ལོ་རྒྱུས་རྫུན་བཟོ་བྱེད་རྒྱུ་ཡིན་ནམ་ལོ་རྒྱུས་ཀྱི་ཤོག་ལྷེ་དཀར་པོའི་ངོས་སུ་སྣག་ཚ་ནག་པོས་བྲིས་ཚར་བའི་དངོས་ཡོད་གནས་སྟངས་ལ་ཁས་ལེན་སྟེར་དགོས་ཁྱེད་ཅག་གིས་ཤེས་གསལ་ལྟར་ཡིན་ན། ད་ནི་ནམ་རྒྱལ་པོ་ཡིན་ཡང་ལངས་ཚོད་དང་མོ་མོ་རྭ་ཅོ་ཡིན་ཡང་ཚོས་ཚོད་དུ་བསླེབས་མི་འདུག་གམ།
དེ་བཞིན་རྩོམ་པ་པོ་གཞན་གྱིས་ལུང་འདྲེན་བྱས་པའི་བཀའ་ཁྲི་ཟུར་བ་ཟམ་གདོང་ལགས་ཀྱི་རྩོམ་ཡིག་ཅིག་ཏུ་ཡང་། “ཁྱད་པར་དུ་བོད་རིགས་མི་འབོར་ས་ཡ་དྲུག་ཙམ་ལས་མེད་པ་དེ་ཡང་མདོ་སྟོད་སྨད་ཀྱི་ས་ཁྱོན་མང་པོ་མཐའ་ནས་རིམ་ཟོས་ཀྱིས་དགའ་ལྡན་ཕོ་བྲང་གི་མངའ་འོག་ནས་ཟུར་དུ་གྱེས་ཏེ་ཕྱི་ལོ ༡༩༥༡ ལོར་བོད་རང་བཙན་ཤོར་སྐབས་བོད་ཀྱི་ས་ཁྱོན་ནི་ད་ལྟ་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཙམ་ལས་མེད་པར་གྱུར་ཟིན་པས། ལོ་རྒྱུས་དང་སྦྲེལ་ཏེ་རང་བཙན་བསྐྱར་གསོ་བྱུང་ཡང་བོད་མི་བརྒྱ་ཆ་ལྔ་བཅུ་ལྷག་ཅིག་དེའི་ཕྱི་རོལ་དུ་ཡོད་སྟབས་བོད་སའི་ཆ་ཤས་ཤིག་རྒྱ་ནག་ནས་ཁ་བྲལ་བ་ལས་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱིས་རང་སྐྱོང་མིང་དོན་མཚུངས་བ་ཞིག་བྱུང་ན་འཕྲལ་ཕུགས་དགེ་མཚན་ཆེ་བའི་རྒྱུར་མངོན་པས་འདི་ཡང་བསམ་ཞིབ་དགོས་པ་ཡིན།” ཞེས་གསལ་འདུག་པས། བོད་བཙན་དང་དེའི་ཁྱབ་ཁོངས་ངོ་མ་དེ་ག་འདྲ་ཞིག་ཡིན་མིན་ལ་ང་ཚོས་ཕྱོགས་སུ་མ་ལྷུང་བའི་བརྟག་ཞིབ་ཀྱིས་ཞིབ་འཇུག་གནད་དུ་སྨིན་པ་ཞིག་བྱེད་དགོས་པ་མ་གཏོགས། རྒྱ་རིགས་ཆབ་སྲིད་དང་ལོ་རྒྱུས་མཁས་པ་དེ་དག་གི་ཁ་གཏད་དུ་འགྲེང་སྟེ་ལོ་རྒྱུས་ཀྱི་དོན་དངོས་ར་སྤྲོད་བྱེད་རྒྱུ་དེ་ནི་ལོ་ཤས་རིང་བཙོན་དུ་བསྡད་པ་ཙམ་དང་བོད་གཞུང་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཐོན་པ་ཙམ་གྱིས་བརྗོད་ཐུབ་པ་ཞིག་ག་ལ་ཡིན་ཏེ་མ་ཡིན་ནོ།།
བོད་རྒྱ་གཉིས་བར་དུ་བྱུང་བའི་ལོ་རྒྱུས་ཀྱི་དོན་དངོས་གཞིར་བཞག་ནས་སྐད་ཆ་བཤད་མཁན་ཡོད་ན་དགའ་བསུ་ཞུ། དེ་མིན་དོན་མེད་སྡིགས་གཏམ་བཤད་ན་བོད་རང་བཙན་ཡིན་མིན་དང་དགོས་མིན་ཐག་གཅོད་ཇི་ལྟར་བྱེད་ཐུབ། མི་འདི་ཚོས་ངའི་རྩོམ་ཡིག་འདི་བཀླགས་རྗེས་རྒྱང་ནས་སྡིགས་སྨོད་རེ་བྱས་ནས་ལོག་འགྲོ་བ་ནི་ངས་ཚོད་དཔག་ཐུབ་པ་ཞིག་ཡིན་ཞིང་། དེ་ནི་ངའི་རྩོམ་ཡིག་གི་དཀྱིལ་འཁོར་འདིའི་མགོ་མཇུག་གཉིས་ཀ་གོང་ས་མཆོག་དང་ཟམ་གདོང་བླ་མའི་རྩོམ་ཡིག་གི་རྡོ་རྗེ་གུར་ཁང་དུ་བཅུག་ཡོད་པར་བརྟེན། ཁོ་ཚོས་ཁོང་རྣམ་གཉིས་ཀྱི་རྩོམ་ཡིག་ལ་རྒོལ་བ་རྩོམ་པ་ལྟ་ཅི་ཐ་ན་དེ་ལ་གླེང་སློང་རེ་བྱེད་ཆེད་དེའི་ཉེ་སར་བཅར་རྒྱུ་ཙམ་ཡང་མ་དྲན་པ་ཞིག་ཏུ་འགྱུར་འགྲོ་བ་ནི་ཐག་གིས་ཆོད། རང་རེའི་སྤྱི་ཚོགས་འདི་འདི་འདྲ་ཞིག་ཡིན་པ་ངས་སྔར་ནས་བཤད་ཡོད། མི་གཉོམ་ཆུང་ཞིག་གིས་བདེན་གཏམ་བཤད་ན་སྤྱི་ཚོགས་ཀྱི་གྲས་ནས་འཕུད་རྩིས་བྱེད་པ་དང་། ཁོའི་སྐད་ཆ་དེ་མི་ཆེན་དཔོན་ཆེན་ཞིག་གིས་བཤད་པ་ཡིན་ན་རང་གི་ཞེ་འདོད་ཀྱི་ཁབ་སྐུད་ཁྱེར་ཡོང་ནས་དེ་ལ་དྲང་ངེས་ཀྱི་ལྷན་པ་སྙིང་རྗེ་ཐག་ཆོད་དེ་བརྒྱབ་ནས་འཛུམ་དམུལ་ལེར་འདུག་གི་རེད།
རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་རགས་རམ་གཡུ་ཡི་ཕྲེང་བ་ཕྱིར་བཏོན་ནས་བཟུང་རང་རེའི་ལོ་རྒྱུས་སྨྲ་བ་ཡིན་ཟེར་བ་ཕལ་མོ་ཆེ་དགུན་གྱི་ཁུ་བྱུག་བཞིན་གྲགས་འགུལ་དེ་ཙམ་མེད་པ་ཞིག་ཏུ་གྱུར་སོང་ལ། དེའི་རྗེས་སྲིད་དོན་རྒྱལ་རབས་ཀྱི་ཆད་ལྷག་ནོར་གསུམ་ཐེར་འདོན་བྱེད་པའི་དེབ་ཤེལ་དཀར་མེ་ལོང་ཡིན་ནམ་ཟེར་བ་ཞིག་བཏོན་པའི་རྗེས་སུ་སྐུ་ངོ་སྣར་སྐྱིད་སོགས་ཞྭ་སྒབ་པའི་རྗེས་འབྲང་དག་རིམ་པ་དགུའི་ས་འོག་ཏུ་མི་གཉིད་ཐབས་མེད་བྱུང་འདུག་ག
བོད་སིལ་བུར་འཐོར་བ་ནས་བཟུང་སྟེ་བོད་ལ་ཆོལ་ཁ་གསུམ་པོར་ཁྱབ་པའི་རང་བཙན་གཙང་མའི་ལོ་རྒྱུས་ཤིག་མེད་ཀྱང་། མ་འོངས་པར་བོད་མི་དག་གིས་བོད་བཙན་པོའི་དུས་སྐབས་ཀྱི་རང་བཙན་རྒྱལ་ཁབ་ཆེན་པོ་དེའི་མངའ་ཁོངས་སྐྱར་གསོའི་ལས་འགུལ་སྤེལ་དང་མི་སྤེལ་ནི་བོད་མི་རང་གི་ཐོབ་ཐང་ཞིག་ཡིན་པར་ཁོ་བོས་དུས་རྟག་ཏུ་འདོད། དེའི་ཕྱིར་མདོ་སྨད་པ་སྒྲོལ་མ་སྐྱབས་ཀྱིས་བཏང་བའི་གཞས་་་གངས་ཅན་པ་་་ཞེས་པ་དེར་ཉན་ཐེངས་རེ་རེར། ཁོ་བོའི་མིག་ལམ་དུ་བོད་ཁམས་གཅིག་གྱུར་བྱེད་མཁན་གྱི་བཙན་པོ་རིམ་བྱོན་གྱི་གཟུགས་བརྙན་འཆར་ཞིང་། ཁོ་བོའི་རྣ་ལམ་དུ་བཙན་པོའི་དུས་ཀྱི་དམག་རྟ་ཁྲི་ཕྲག་གི་རྨིག་སྒྲ་གྲག་ཡོང་གིན་འདུག
གནའ་བོའི་རྒྱ་གར་ཡུལ་གྱི་ཐེག་ཆེན་ཚོས། །
སྟོན་པའི་གསུང་ལ་དྲང་ངེས་ལྷན་པ་བརྒྱབ། །
ལོས་ཡིན་ཐེག་ཆེན་བཀའ་རུ་ཇི་ལྟར་བསྒྲུབ། །
ལོས་ཡིན་གསང་སྔགས་ཁྲོམ་དུ་ཇི་ལྟར་འདོན། །
དེང་གི་བོད་པ་ཐུགས་རྡུགས་འདི་ཚོས་ཀྱང་། །
གོང་སའི་གསུང་ལ་དྲང་ངེས་ལྷན་པ་བརྩེགས། །
ལོས་ཡིན་རང་གི་ཞེ་འདོད་ཇི་ལྟར་བསྒྲུབ། །
ལོས་ཡིན་རང་གི་རྐུབ་སྟེགས་ཇི་ལྟར་བསྲུང་། །
ཞེས་པའི་ཚིག་བཅད་གཉིས་ཀྱིས་གནས་སྐབས་མཇུག་བསྡུ་བར་བྱའོ།།
གོང་གི་རྩོམ་ཡིག་འདི་ནི་འཇམ་དབྱངས་ནོར་བུའི་གཏམ་བཤད་གསལ་བསྒྲགས་ཀྱི་འོག་ཏུ་བཏབ་པའི་མཆན་སྣ་བསྡུས་པ་ལས་གྲུབ་པ་ཞིག་ཡིན་པས། གོང་འོག་འབྲེལ་མེད་དུ་སོང་བ་རེ་ཡོད་སྲིད་ཀྱང་དེས་རྩོམ་གྱི་སྤྱི་ཁོག་ལ་གནོད་ཅི་ཡང་བསྐྱལ་མེད་པར་འདོད།

No comments:

Post a Comment