Sunday, May 8, 2011

རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱ་དགོས།

ནུབ་ཕྱོགས་པས་ང་ཚོ་དུས་རབས་ཉེར་གཅིག་ནང་བསླེབས་ཡོད་ཟེར་ནས་ཧ་ལས་ལས་བྱེད་ཀྱི་ཡོད་ཀྱང་། ནང་པ་ཚོ་དུས་རབས་ཉེར་དྲུག་ནང་བསླེབས་ཡོད་པ་མ་ཟད། ནུབ་ཕྱོགས་པ་ལས་ལོ་ ༦༠༠ ལྷག་གི་སྔོན་ལ་ཕྱིན་ཡོད། དུས་རབས་ཉེར་དྲུག་ནང་སྡོད་མཁན་ཚོས་དུས་རབས་ཉེར་གཅིག་ནང་ལྷག་ཡོད་པ་ཚོར་སྙིང་རྗེ་ཆེན་པོས་རོགས་རམ་དང་། བསླབ་བྱ་ལམ་སྟོན་བྱ་དགོས་ཟེར།
དེ་རིང་ཕྱི་ཚེས་ ༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་། གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་༼རྩོད་རྙོག་འདུམ་འགྲིག་ཁང་༽དབུ་བརྙེས་ཏེ། མི་ལོ་ཧྲིལ་པོ་ ༡༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་གཞུང་བཀའ་ཁྲི་ཟམ་གདོིང་རིན་པོ་ཆེས་གཙོས་པའི་བོད་མི་མང་སྤྱི་འཐུས་ཚོགས་མཆོག་དང་། ངྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། རྩོད་རྙོག་འདུམ་འགྲིག་ཁང་གི་འགན་འཛིན་ལྷན་ཚོགས། བོད་གཞུང་སྡེ་ཚན་ཁག་གི་འགན་འཛིན་དང་སྤྱི་འཐུས་རྒྱུན་ལས། དེ་བཞིན་ས་གནས་རྒྱ་གར་ལས་བྱེད་བཅས་ཕེབས་འདུག
མཛད་སྒོའི་ཐོག་རྩོད་རྙོག་འདུམ་འགྲིག་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ཀྱིས་ཚོགས་པའི་དམིགས་ཡུལ་སྐོིར་ངོ་སྤྲོད་གནང་དོན། བོད་ཀྱི་རྩོད་རྙོག་འདུམ་འགྲིག་ཁང་འདི་ནི། དང་ཐོག་བོད་མི་ལས་བྱེད་གསུམ་གྱིས་ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༥ ཚེས་ ༡ ཉིན། བོད་གཞུང་ནང་སྲིད་དང་མཉམ་འབྲེལ་ཐོག་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་། ད་ཆར་རྩོད་རྙོག་འདུམ་འགྲིག་ཁང་འདི་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཆགས་ཡོད། ལྟེ་གནས་ཁང་འདིས་འགྲོ་བ་མིའི་རིགས་སྤྱི་དང་བྱེ་བྲག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། འཚེ་བ་མེད་པའི་ཐོག་རྩོད་རྙོག་འདུམ་འགྲིག་དང་མང་གཙོའི་བརྒྱུད་རིམ་མཐོར་འདེགས་གཏོང་ཆེད། ད་བར་ལས་འགུལ་རྣམ་གྲངས་ ༢༠༠ ལྷག་སྤེལ་ཡོད་པ་མ་ཟད། ལས་འགུལ་དེར་གཞི་རིམ་མང་ཚོགས་ ༥༥༠༠ ཙམ་མཉམ་ཞུགས་བྱས་ཡོད། ཅེས་བརྗོད་བྱུང་།

རྩོད་རྙོག་འདུམ་འགྲིག་ཁང་གི་ཟབ་སྦྱོང་གི་ཁྱབ་ཁོངས་སྐོར་ལ། ང་ཚོའི་ཟབ་སྦྱོང་ལ་རྣམ་གྲངས་ཁ་ཤས་ཡོད་ཅིང་། དང་པོ། རྒྱ་བལ་གཉིས་ཀྱི་བོད་མིའི་གཞིས་སྒར་ཁག་ཏུ་རྩོད་རྙོག་འདུམ་འགྲིག་སྐོར་གོ་རྟོགས་སྤེལ་རྒྱུ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། མཐོ་སློབ་ཏུ་སྐྱོད་བཞིན་པའི་བོད་རིགས་སློབ་མ་ཚོས་ཕྱི་རྒྱལ་དང་རྒྱ་གར་སློབ་ཕྲུག་ཚོར་འབྲེལ་ལམ་འཛིན་ཕྱོགས། གཉིས་པ། གཞིས་ཆགས་ཁག་ཏུ་གཞོན་སྐྱེས་སློབ་སྦྱོང་མཐར་མ་འཁྱོལ་བའི་རིགས་ལ། མི་སོ་སོར་རྣམ་དཔྱོད་དང་ནུས་པ་མ་འདྲ་བ་རེ་ཡོད་དུས། ཁོང་ཚོའི་ནུས་པ་ངོ་འཕྲོད་པ་ཞིག་དང་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབ་ཐུབ་མཁན་ཞིག་ཡོང་ཆེད་ཟབ་སྦྱོང་སྤྲོད་བཞིན་ཡོད། དེ་བཞིན་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་དང་དགོན་སྡེ་ཁག་གི་དགེ་འདུན་པ། བོད་ནས་གསར་དུ་ཕེབས་མཁན། བོད་པ་དང་རྒྱ་གར་ཡུལ་མིའི་འབྲེལ་ལམ་ཐོག་བཅས་ལ་རྩོད་རྙོག་འདུམ་འགྲིག་བྱེད་སྟངས་ཀྱི་ཟབ་སྦྱོང་སྤྲོད་བཞིན་ཡོད། ཅེས་བརྗོད་སོང་།མཇུག་ཏུ་སྐུ་མགྲོན་གཙོ་བོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནང་ཆོས་ལས་རྩོད་རྙོག་རིགས་ལ་ལྟ་སྟངས་ཅི་ཡོད་ཐོག་གསུངས་དོན། རྩོད་རྙོག་ཟེར་བ་དེ། འགྲོ་བ་མིའི་སྤྱི་ཚོགས་ནང་རང་བཞིན་གྱིས་ཡོང་བསྡད་པ་ཞིག་རེད། རྩོད་རྙོག་མེད་པའི་སྤྱི་ཚོགས་ཞིག་ལ་རེ་བ་རྒྱག་པ་དེ་ཡོང་རྒྱུ་མེད་པའི་གནས་སྟངས་ཞིག་རེད། སྤྱི་ཚོགས་ཀྱི་དཔལ་ཡོན་ཅི་ཙམ་ཡར་རྒྱས་ཕྱིན་ཡང་། བྱེད་སྟངས་ཡག་པོ་མེད་ན་སྤྱི་ཚོགས་ཀྱི་དཔལ་ཡོན་ཡར་རྒྱས་མ་ཕྱིན་པ་ཞིག་ལ་ངོས་འཛིན་བྱེད་པ་དེ། སྔོན་ཆད་ནས་ཡོད་པའི་ཤར་ཕྱོགས་པའི་འཇིག་རྟེན་ལྟ་ཚུལ་ཞིག་རེད། དེང་སང་རྩོད་རྙོག་འདུམ་འགྲིག་ཟེར་བ་དེ་ནུབ་ཕྱོགས་པས་བསམ་བློ་གཏོང་དགོས་པ་ཞིག་དང་སློབ་ཚན་ནང་ཚུད་ཐུབ་པ་ཆགས་ཡོད། རིག་གནས་འདིའི་ཐོག་ནུབ་ཕྱོགས་པས་ཤར་ཕྱོགས་པར་ཕན་ཐོགས་བྱས་པ་ཉུང་ཉུང་ཡིན་ལ། ཤར་ཕྱོགས་པས་ནུབ་ཕྱོགས་པར་བློ་སྐྱེད་བྱིན་པ་ཧ་ཅང་མང་པོ་ཡིན། མི་ལོ་ ༢༥༠༠ སྔོན་ལ་སྟོན་པ་འཇིག་རྟེན་དུ་བྱོན་པ་རེད། ནུབ་ཕྱོགས་པ་ཚོས་ང་ཚོ་དུས་རབས་ཉེར་གཅིག་ནང་བསླེབས་ཡོད་ཟེར་ནས་ཧ་ལས་ལས་བྱེད་ཀྱི་ཡོད་ཀྱང་། ནང་པ་ཚོས་དུས་རབས་ཉེར་དྲུག་ནང་བསླེབས་ཡོད་པ་མ་ཟད། ནུབ་ཕྱོགས་པ་ལས་མི་ལོ་ ༦༠༠ ལྷག་གི་སྔོན་ལ་འགྲོ་བཞིན་ཡོད། དུས་རབས་ཉེར་དྲུག་ནང་སྡོད་མཁན་ཚོས་དུས་རབས་ཉེར་གཅིག་ནང་ལྷག་བསྡད་པ་ཚོར་སྙིང་རྗེ་ཆེན་པོས་རོགས་རམ་དང་། བསླབ་བྱ་ལམ་སྟོན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས།
ནང་ཆོས་ལས་རྩོད་རྙོག་གི་ངོ་བོ་དང་བྱེད་ལས་ལ་ངོས་འཛིན་དང་འདུམ་འགྲིག་བྱེད་སྟངས་ཐད། བཅོམ་ལྡན་འདས་ཀྱིས། རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱེད་ཅེས་གསུངས་ཡོད། རྩོད་པ་མེད་པ་དེ་དེའི་སྐབས་སུ་མེད་པ་རེད། རྩོད་པ་ཞི་བར་བྱེད་པའི་ཐབས་མང་པོ་ཞིག་གསུངས་བ་རེད། རྩོད་པ་ཞི་བར་བྱེད་པའི་ཐབས་ཚང་མའི་ནང་སྡོམ་རྒྱག་རྒྱུ་དེ། རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱེད་ཅེས་པ་དེ་རེད། རྩོད་པ་ཆོས་ཕྱོགས་སུ་ཞི་སྟངས་དེ་གཅིག་ལ་རྒྱལ་ཁ་ཐོབ་ཅིང་། གཅིག་ལ་ཕམ་ཁ་རག་པ་དེ་ལ་ཟེར་གྱི་མེད། དེ་ནི་རྩོད་པ་ཆོས་མིན་གྱི་ཕྱོགས་སུ་ཕྱིན་པ་རེད། རྩོད་པ་མེད་པ་བཟོ་རྒྱུ་དེ་རྩོད་པ་ཆོས་ཕྱོགས་སུ་ཕྱིན་པ་རེད། རྩོད་པ་མེད་པ་ཇི་ལྟར་ཡོང་གི་རེད་ཟེར་ན། རྩོད་པ་ཡོད་མཁན་ཕྱོགས་གཉིས་ཀྱིས་དངོས་ཡོད་གནས་ཚུལ་ལ་དྲང་པོ་དྲང་བཞག་གི་རིག་པའི་ལམ་དང་རྒྱུ་མཚན་གྱི་ཐོག་ནས་བརྟག་དཔྱད་བྱས་ཏེ། ངོས་ལེན་ཐུབ་པའི་དངོས་ཡོད་གནས་ཚུལ་ག་རེ་འདུག གནས་ཚུལ་དེ་ཕྱོགས་གཉིས་ནས་ངོས་ལེན་བྱས་ཡོང་སྐབས། རྩོད་གཞི་དེ་མེད་པ་ཆགས་འགྲོ་བཞིན་ཡོད། རྩོད་གཞི་མེད་པ་ཆགས་སྟངས་དེར་ལམ་ཁ་མང་པོ་ཡོད་པ་མ་རེད། རྩོད་གཞི་དེ་རྒྱུ་མཚན་གྱི་ལམ་ནས་ཞིབ་འཇུག་བྱས་སྐབས། རྩོད་ཡ་གཅིག་གི་བསམ་ཚུལ་དེ་ཡང་དག་པ་མ་ཡིན་པ་དང་། རྩོད་ཡ་གཞན་དེའི་བསམ་ཚུལ་ཡང་དག་པ་ཡིན་ན། ཡང་དག་པ་ཡིན་མཁན་གྱི་བསམ་ཚུལ་དེ། རྒྱུ་མཚན་ཐོག་ཡང་དག་པ་མ་ཡིན་པའི་བསམ་ཚུལ་ཡོད་མཁན་དེར་འགྲེལ་བཤད་བརྒྱབ་ན། བསམ་ཚུལ་དེར་འགྱུར་བ་ཐེབས་འགྲོ་བ་རེད། ཅེས་གསུངས་བྱུང་། ཡང་ཁོང་གིས་མུ་མཐུད་དུ། ལམ་ཁ་གཞན་ཞིག་ནི་གཉིས་ཀ་ནོར་སྲིད་ཀྱི་རེད། རྩོད་བསྡད་པ་གང་ཞིག་ལ་ཕྱོགས་གཉིས་ཀྱི་ལྟ་སྟངས་བདེན་པ་མིན་པ་ཡོང་སྲིད་པ་རེད། དེའི་སྐབས་སུ་འདུམ་འགྲིག་བྱེད་མཁན་གང་ཟག་དེས་རྩོད་ཡ་གཉིས་ལས་བློ་གྲོས་ཀྱི་སྟོིབས་ཆེ་བ་ཞིག་དང་རྒྱུ་མཚན་མང་པོར་བསམ་བློ་གཏོང་ཐུབ་མཁན་ཞིག་དགོས། དེ་བྱུང་བ་ཡིན་ན། ཁྱེད་གཉིས་ཀྱི་བསམ་ཚུལ་ཡང་དག་པ་མ་རེད། ཡང་དག་པའི་བསམ་ཚུལ་འདི་རེད་ཅེས་གཞན་པ་ཞིག་ར་སྤྲོད་ཐུབ་ཚེ། དེའི་ལམ་ནས་ཕྱོགས་གཉིས་ཀའི་ངོས་ནས་ངེད་གཉིས་ནོར་འདུག ཡང་དག་པའི་བསམ་ཚུལ་འདི་རེད་ཅེས་གོ་བརྡ་འཕྲོད་སྐབས་རྩོད་གཞི་དེ་མེད་པ་ཆགས་འགྲོ་བ་རེད། ཅེས་དང་།
མཐའ་མར་ཁོང་གིས། ལམ་ཁ་གསུམ་པ་དེ། གཉིས་ཆ་བདེན་པ་ཡིན་སྲིད་པ་ཞིག་རེད། གཉིས་ཀར་བདེན་པ་ཡོད་སྲིད་ཀྱང་ཡང་དག་པའི་ལམ་གཉིས་པོ་མཉམ་དུ་འགྲོ་མ་ཐུབ་པའི་སྐབས་སུ། རྩོད་རྙོག་འདུམ་འགྲིག་པའི་ལས་སུ་བྱ་བ་ནི། གཉིས་ཆ་བདེན་པ་དང་ཡང་དག་པ་རེད། ཡིན་ནའང་། དེ་གཉིས་ཀ་མཉམ་དུ་བསྒྲུབ་ཐུབ་པ་ཞིག་ཡོད་པ་མ་རེད། དེའི་སྟབས་ཀྱིས། གནས་སྐབས་དང་དུས། ཁོར་ཡུག་གི་གནས་བབ་མང་པོ་ཞིག་ལ་བལྟས་ཏེ། ཕྱོགས་གཉིས་ཀར་ཡང་དག་པ་ཡིན་ཡང་། ལག་ལེན་དུ་བསྟར་བའི་སྐབས་སུ་རིམ་པ་ཞིག་གི་ཐོག་འགྲོ་རྒྱུའི་ལམ་བསྟན་ན། དེའི་ཐོག་ནས་རྩོད་རྙོག་འདུམ་འགྲིག་ཐུབ་པ་ཞིག་རེད། ཅེས་གསུངས་བྱུང

No comments:

Post a Comment