Sunday, October 2, 2011

རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ཐད་ལག་པ་འཆང་དབང་མེད།

འདོན་སྤེལ། ༢༠༡༡/༡༠/༠༡

ཧུའུ་ཕིང་གིས་བརྩམས། ནགས་ཤོད་སད་མིས་བསྒྱུར།

ཕྱི་ཟླ་ ༩ པའི་ཚེས་ ༢༣ ཉིན། ཏཱ་ལའི་བླ་མ་མཆོག་གིས་ངྷ་རམ་ས་ལའི་ཆོས་ལུགས་ཚོགས་ཆེན་ཞིག་ཏུ་སྐུ་སྐྱེའི་གནད་དོན་ཐད་གསལ་བསྒྲགས་སྤེལ་བ་དང་གཏམ་བཤད་ཀྱང་གནང་བ་རེད།

ཏཱ་ལའི་བླ་མས་ཆོས་ལུགས་དབུ་ཁྲིད་ཀྱི་གོ་ཐོབ་ཞིག་གི་ལམ་ནས། ཡང་སྲིད་ཅེས་པའི་ཐ་སྙད་འདིའི་གོ་དོན་དང་། ཡང་སྲིད་ལམ་ལུགས་ཀྱི་འབྱུང་གཞི། ཡང་སྲིད་བཙལ་འཚོལ་གྱི་བརྟག་ཐབས་བཅས་ལ་མདོར་བསྒྲིལ་ནས་གསེད་བཀྲོལ་བྱས་པ་རེད། ཁོང་གིས་ནན་བརྗོད་བྱས་དོན། ཏཱ་ལའི་བླ་མའི་ཡང་སྲིད་གནད་དོན་ནི་ཆོས་ལུགས་ཀྱི་ལས་དོན་ཞིག་ཡིན་པས། འདིར་ཆབ་སྲིད་ཀྱི་དབང་ཤུགས་ག་འདྲ་ཞིག་ནས་ཀྱང་ཐེ་ཇུས་བྱ་དབང་མེད་ཅེས་གསུངས།

ཏག་ཏག་རེད། ཆིང་གི་དུས་སུ། རྒྱལ་སྲས་ཁ་ཤས་ནས་གསེར་བུམ་དཀྲུགས་འདོན་གྱི་ལམ་ནས་ཏཱ་ལའི་བླ་མའི་སྐུ་སྐྱེའི་ངོས་འཛིན་བྱ་བར་ཐེ་ཡོད་པ་རེད། འོན་ཏེ། དོན་དམ་དུ་ཏཱ་ལའི་བླ་མ་གཅིག་གཉིས་ཙམ་ཞིག་དངོས་སུ་གསེར་བུམ་དཀྲུགས་པ་བརྒྱུད་ངོས་འཛིན་བྱས་པ་ཙམ་ལས། ཏཱ་ལའི་བླ་མ་ཕལ་མོ་ཆེ་དང་། ལྷག་པར་དུ་ད་ལྟའི་ཏཱ་ལའི་བླ་མ་འདི་པའམ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བཅས་གསེར་བུམ་དཀྲུགས་འདོན་གྱི་ལམ་ལུགས་ནས་ངོས་འཛིན་དང་གཏན་འཁེལ་བྱས་པ་ཞིག་མ་རེད།

གོམ་གང་ཕྱིར་སྤོས་ཀྱིས་གླེང་ན། ཆིང་རྒྱལ་སྲས་ནས་དེ་ལྟར་བྱས་པ་དེ་ཡང་། བཟང་ངན་ལ་མ་ལྟོས་པར་རྒྱལ་སྲས་དེ་དག་ཚང་མ་ནང་ཆོས་ལ་དད་མོས་ཡོད་པ་རྐྱང་ཡིན་དུས་ཁུངས་དང་ལུང་ཞིག་ཡོད་པ་རེད་ལ། ཏཱ་ལའི་བླ་མ་ལ་ཡང་བླ་མར་བཀུར་གྱི་ཡོད་པ་རེད། གུང་ཁྲན་འདིས་གཅིག་ནས་ནང་ཆོས་ལ་དད་མོས་མེད་པ་དང་། གཉིས་སུ་ཏཱ་ལའི་བླ་མ་ལ་བླ་མར་བཀུར་གྱི་མེད་དུས་ཅིའི་ཕྱིར་དུ་ཏཱ་ལའི་བླ་མའི་ཡང་སྲིད་ལ་ཐེ་ཇུས་བྱེད་ཀྱི་ཡོད་པ་རེད་དམ།

ཏཱ་ལའི་བླ་མས་ཞལ་རྩེད་དང་སྦྲགས་གསུངས་དོན། ད་ལྟའི་རྒྱ་གུང་ཁྲན་ནི་ཆོས་ལུགས་ལ་དགག་པ་བྱེད་པའི་ལྷ་མེད་སྨྲ་བ་ཞིག་རེད། ལྷག་པར་དུ། ནང་ཆོས་ནི་གླེན་ལྐུགས་རང་བཞིན་དང་རྗེས་ལུས་སུ་བལྟ་བ་མ་ཟད། ག་དུས་ཡིན་ནའང་ང་ལ་བདུད་རེད་ཟེར་ནས་སྐྱོན་འཛུགས་བྱེད་ཀྱི་ཡོད། དངོས་གནས་བྱས་ན། ཁོང་ཚོས་བདུད་ཀྱི་ཡང་སྲིད་ཡོང་ཆོག་གི་མ་རེད་ཅེས་བརྗོད་ན་ཨོ་ཙམ་ཞིག་རེད། ཡིན་ནའང་། ད་ཆ། རྒྱ་གུང་ཁྲན་རང་ཉིད་བདུད་ལ་ཕྱོགས་ནས་དེའི་ཡང་སྲིད་འཚོལ་བར་རྩོམ་འོང་དུས། ངས་རྒྱུན་དུ་ཤོད་བཞིན་པ་ལྟར། གལ་ཏེ་རྒྱ་ནག་གུང་ཁྲན་ནས་ཅིས་ཀྱང་ཏཱ་ལའི་བླ་མའི་ཡང་སྲིད་ཐད་ལག་པ་འཆང་དགོས་ཀྱི་ཡོད་ན། སྔོན་ལ་རང་ཉིད་ཆོས་ལ་དད་མོས་དང་། སྐྱེ་བ་སྔ་ཕྱིར་ཁས་ལེན་བྱ་དགོས་པ་རེད། དེ་ནས་མའོ་ཙེ་ཏུང་དང་ཏེང་ཞའོ་ཕིང་གི་ཡང་སྲིད་བཙལ་ཡོང་དགོས། ད་གཟོད་ངའི་ཡང་སྲིད་ལ་ཐེ་ཇུས་བྱས་ན་འོས་ཤིང་འཚམ་པ་རེད། གང་ལྟར་ཀྱང་། འདི་ནི་ངའི་ཡང་སྲིད་ཡིན་དུས། ང་རང་ཕུད་མི་གཞན་སུས་ཀྱང་ཐེ་ཇུས་བྱ་རྒྱུར་རྒྱུ་མཚན་མེད་པ་ཨ་ཅང་བརྗོད་མེད་རེད། དེ་མིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་མགོ་གཙོ་ཚུད་པའི་སྲིད་དབང་ག་འདྲ་ཞིག་གིས། ཆབ་སྲིད་ཀྱི་དགོས་དབང་ལ་གཞིགས་ནས་ཏཱ་ལའི་བླ་མའི་ཡང་སྲིད་ཟེར་བ་ངོས་འཛིན་བྱས་འོངས་ཚེ། འདིར་སུས་ཀྱང་ངོས་ལེན་དང་དད་མོས་བྱ་དགོས་ཀྱི་མེད།

ཕྱི་ཟླ་ ༩ པའི་ཚེས་ ༢༦ ཉིན། རྒྱ་ནག་གུང་ཁྲན་གྱི་ཕྱི་སྲིད་ལས་ཁུངས་མགྲིན་ཚབ་པ་ཧུང་ལིས་ཏཱ་ལའི་བླ་མའི་གསལ་བསྒྲགས་དང་གཏམ་བཤད་ལ་ལན་འདེབས་བྱས་དོན། ཏཱ་ལའི་བླ་མའི་མཚན་གནས་ནི་ཀྲུང་དབྱང་སྲིད་གཞུང་ནས་གནང་སྤྱིན་བྱས་པ་ཞིག་རེད། དེ་མིན་ཁྲིམས་མཐུན་རང་བཞིན་ཆགས་ཀྱི་མ་རེད། ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ཡང་སྐབས་དེའི་གོ་མིང་ཏང་སྲིད་གཞུང་བརྒྱུད་ཆོག་མཆན་གནང་བ་དང་ངོས་འཛིན་བྱས་པ་ཞིག་རེད། ཏཱ་ལའི་བླ་མའི་ཡང་སྲིད་ལ་ཆོས་ལུགས་ཆོ་ག་དང་ལོ་རྒྱུུས་གཏན་འབེབས་མ་ལག་བཅས་ཆ་ཚང་བ་ཞིག་ཡོད། ལོ་རྒྱུས་ཐོག་ཏཱ་ལའི་བླ་མ་གོང་མས་ཏཱ་ལའི་བླ་མ་རྗེས་མ་གཏན་འཁེལ་བྱེད་པའི་ལམ་སྲོལ་ཅི་ཡང་བྱུང་མྱོང་མེད་ཅེས་ཟེར།

རྒྱ་གཞུང་གི་ཤོད་སྟངས་འདིར་དགག་པ་རྩོམ་རིན་མེད་ལུགས་ལ་ལྟོས་དང་། ཏག་ཏག་རེད། ཆིང་གི་དུས་སུ། ཆིང་རྒྱལ་སྲས་ནས་ཏན་ཏན་ཏཱ་ལའི་བླ་མའི་ཡང་སྲིད་ལ་ཐེ་ཇུས་བྱས་པ་རེད། བོད་མིས་འདིར་འདོད་བློ་ཁེངས་མིན་གྱི་སྐད་ཆ་ཟུར་དུ་བཞག་ནས་གཙོ་དོན་གླེང་ན། མན་ཇུ་གོང་མས་འདི་ལྟར་བྱ་བ་ནི་ཁོང་ཚོ་དང་བོད་ཀྱི་དམིགས་བསལ་འབྲེལ་བར་གཞིགས་པ་དང་། མཆོད་ཡོན་འབྲེལ་བ་ནས་བྱུང་བ་རེད། ཅི་སྟེ་འདི་ལྟ་བུའི་མཆོད་ཡོན་འབྲེལ་བ་མེད་སོང་ན། སྲིད་གཞུང་ནས་འདིར་ཡང་ལག་པ་འཆང་རྒྱུའི་རྒྱུ་མཚན་རྫོགས་པ་རེད།

དེ་མིན། ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་གོ་མིང་ཏང་སྲིད་གཞུང་གི་ཆོག་མཆན་བརྒྱུད་ངོས་འཛིན་བྱས་པ་རེད་ཟེར་བ་ཡང་གཅིག་ནས་དངོེས་བདེན་མིན་པ་དང་། འཆལ་གཏམ་ཡང་རེད། ཕྱི་ལོ་ ༡༩༨༩ ལོའི་ཟླ་བ་ ༧ པའི་ ༣༡ ཉིན། སྐབས་དེའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་ནས། བོད་རང་སྐྱོང་ལྗོངས་སྐབས་ལྔ་པའི་མི་དམངས་འཐུས་ཚོགས་སུ་གཏམ་བཤད་སྤེལ་ནས་གསལ་པོ་བརྗོད་དོན། དོན་ངོ་མར། ཨུས་ཀྲུང་ཤིང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ཁྲི་འདོན་མཛད་སྒོར་གཙོ་སྐྱོང་བྱས་ཡོད་པ་མ་རེད་ཅེས་བཤད།

དེས་མ་ཚད། ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་ལ་མི་ལོ་ ༦༠༠ ལྷག་གི་ལོ་རྒྱུས་ཡོད་པ་རེད། དུས་རིང་འདིའི་ནང་འགྱུར་བ་བཏང་མྱོང་མེད་པ་མ་རེད་ལ། སླད་མའི་ཆར་ཡང་མུ་མཐུད་འགྱུར་བ་གཏོང་འོས། ཡིན་ནའང་། འགྱུར་བ་གཏོང་དང་མི་གཏོང་། ཅི་ལྟར་གཏོང་བ་སོགས་ཀྱི་དབང་ཆ་ནི་ཏཱ་ལའི་བླ་མ་རང་ཉིད་ལ་ལོས་ཡོད། བོད་བརྒྱུད་ནང་བསྟན་གྱི་སྒྲིག་གཞི་དང་འདིའི་དད་དམངས་བཅས་ལ་རྒྱ་ནག་སྲིད་གཞུང་དང་འབྲེལ་མེད་དོན་གཞན་རེད།

སྐབས་འདིར། ང་ཚོས་ནུབ་ཕྱོགས་ཡེ་ཤུའི་ཆོས་དཔོན་གྱི་ཁྲི་འཛིན་ལམ་ལུགས་སྐོར་ལ་ཅིག་བལྟ། གཅིག་བྱས་ན། འུ་ཚོར་ཏཱ་ལའི་བླ་མའི་ཡང་སྲིད་གནད་དོན་ཐད་བློ་སྐྱེད་འདྲ་ཡོད་སྲིད།

ང་ཚོས་ཤེས་གསལ་ལྟར། དུས་རབས་བཅུ་གཅིག་པའི་སྔ་གོང་ན། རོ་མན་ཆོས་དཔོན་འཇིག་རྟེན་པའི་རྒྱལ་སྲས་སམ་ཨེ་ཋི་ལིའི་སྐུ་དྲག་བརྒྱུད་འོས་འདེམས་དང་ངོས་ལེན་བྱས་པ་ཞིག་རེད། ཡེ་ཤུའི་ཁྲི་རབས་གཉིས་པ་ཆོས་དཔོན་ཉིས་ཁུན་ལཱ་ཁྲི་འདོན་བྱས་རྗེས། སྤྱི་ལོ་ ༡༠༥༩ ལོར་གོས་དམར་ཆོས་དཔོན་སོགས་ནས་ཆོས་དཔོན་ལ་འོས་འདེམས་བྱས་པ་དང་གཏན་འབེབས་གནང་བ་ཞིག་རེད། ཡིན་ནའང་། འདིར་ངེས་པར་དུ་ཧྥ་ལན་ཁའི་ཧིན་ལིའི་ཁྲི་རབས་ཐོག་མའམ་དེའི་བརྒྱུད་འཛིན་གྱི་ངོས་ལེན་དགོས་ཀྱི་ཡོད། རྗེས་སོར་སྤྱི་ལོ་ ༡༡༧༩ ལོའི་ཀེ་ལ་ཐེ་དང་། ༡༢༧༤ ལོའི་ལིས་འང་ཚོགས་འདུ་ཐེངས་གཉིས་པས་ངོས་ལེན་བྱས་པ་བརྒྱུད། སླར་ཡང་ཆོས་དཔོན་རང་ཉིད་ཁོ་ནས་གོས་དམར་ཆོས་དཔོན་འོས་འདེམས་བྱ་ཆོག་པར་དངོས་སུ་གཏན་འབེབས་གནང་བ་རེད། འོན་ཏེ། སྔར་ལྟར་ཧྥ་དང་། ཤིས། ཨོ་བཅས་རྒྱལ་ཁབ་འདི་གསུམ་གྱི་རྒྱལ་པོས་ཆོས་དཔོན་འོས་མིར་ཆོད་སློག་གི་དབང་ཆ་ལྡན་ཡོད། དུས་རབས་ཉི་ཤུ་པའི་མགོ་ཙམ་ན། ཡེ་ཤུའི་ཁྲི་རབས་བཅུ་པ་ཆོས་དཔོན་པིས་ཧུ་ནས་འདི་ལྟ་བུའི་འཇིག་རྟེན་པའི་རྒྱལ་པོས་ཆོས་དཔོན་འོས་མིར་ཆོད་སློག་བྱ་ཆོག་པའི་དབང་ཆ་མེད་པར་བཟོས་གནང་བ་རེད། སྤྱི་ལོ་ ༡༩༡༤ ལོར། ཁྲི་རབས་བཅོ་ལྔ་པ་སྦིན་མཱ་དངོས་སུ་འཇིག་རྟེན་པའི་དབང་ཤེད་ནས་ཐེ་ཇུས་ཅི་གང་མེད་པར། གོས་དམར་ཆོས་དཔོན་ཁོ་ནས་བདམས་ཐོན་བྱས་པའི་ཆོས་དཔོན་ཐོག་མ་དེ་ཆགས་ཐུབ་པ་རེད།

འདི་ལྟར། རོ་མན་ཆོས་དཔོན་ཚོའི་ཁྲི་འཛིན་འགྱུར་འགྲོས་ལས་ཚུར་མངོན་ཐུབ་པ་ནི། སྔ་དུས་སུ། འཇིིག་རྟེན་པའི་དབང་ཤེད་ཀྱིས་ཆོས་དཔོན་གྱི་ཁྲི་འཛིན་ཐད་ཁ་ཤེད་ཆེན་པོ་ཡོད་ནའང་། དེའི་རྗེས་ནས་ལོ་རྒྱུས་ཀྱི་འཕེལ་རིམ་ལ་གཞིགས་ཏེ། འཇིག་རྟེན་པའི་དབང་ཤེད་ཀྱིས་ཆོས་དཔོན་གྱི་བརྒྱུད་འཛིན་ལམ་ལུགས་ཐད་ཤུགས་རྐྱེན་ཇེ་ཆུང་ཇེ་ཆུང་ལ་ཕྱིན་ནས། ཐ་མར་ཀླད་ཀོར་ལ་བབ་པ་རེད།

སྔ་དུས་སུ། འཇིག་རྟེན་པའི་རྒྱལ་པོ་ནས་ཆོས་དཔོན་གྱི་བརྒྱུད་འཛིན་བྱ་ཕྱོགས་ཐད་སྐད་ཆ་ཤོད་དབང་ཡོད་པ་རེད། དེ་ནི། དེའི་ཚེ་དེའི་དུས་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་འཛིན་གྱི་ཡོད་པ་དང་། རྒྱལ་པོ་ཚོ་ཡང་ཡེ་ཤུའི་ཆོས་ལུགས་ལ་དད་མོས་ཡོད་པ། ཆོས་དཔོན་ལ་བསམ་བློའི་དབུ་ཁྲིད་དུ་བཀུར་གྱི་ཡོད། མ་ཟད། ཆོས་དཔོན་དང་རྒྱལ་པོའི་སྲིད་དབང་བར་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། ཕྱོགས་ཕན་ཚུན་གཉིས་ཀ་ལ་ཡང་ཐེ་ཇུས་བྱེད་ཀྱི་ཡོད་པ་རེད། འདི་སྐབས་ཤིག་ནས་ཆོས་དཔོན་གསར་པའི་ངོས་འཛིན་ཐད་རྒྱལ་པོས་ཐེ་ཇུས་དང་ངོས་འཛིན་བྱ་དགོས་ཀྱི་ཡོད་ལ། ཕྱོགས་གཞན་ཞིག་ནས། རྒྱལ་པོ་ཁྲི་གསོལ་བྱེད་པ་ལ་ཡང་ཆོས་དཔོན་གྱི་ཁྲི་འདོན་བྱ་དགོས་ཀྱི་ཡོད། རྒྱལ་པོའི་དབང་ཆ་ལྷས་གནང་བ་མཚོན་པར་བྱ་དགོས་ཀྱི་ཡོད།

དུས་ཕྱིས། ཆོས་སྲིད་གཉིས་རིམ་པས་ཐ་དད་བྱས་རྗེས། ཆོས་དཔོན་གྱི་ཁྲི་འཛིན་ལམ་ལུགས་ཐད་ལའང་འགྱུར་བ་སོང་བ་རེད། ཆོས་དཔོན་གྱི་ཁྲི་འཛིན་ལམ་ལུགས་བསྒྱུར་བཅོས་དེའང་ཆོས་དཔོན་རང་ཉིད་དང་། ཆོས་ཚོགས་ནས་ཐག་གཅོད་བྱས་པ་ཞིག་རེད། རྒྱལ་པོས་ཐག་གཅོད་བྱས་པ་ཞིག་མ་རེད།

ད་ལྟའི་ཡུ་རོབ་ནི། ཆོས་སྲིད་གཉིས་ཡ་བྲལ་གཙང་མ་བྱས་རྐྱེན། ཆོས་ལུགས་སྡེ་ཁག་རྐྱང་རྐྱང་ནས་ཆོས་དཔོན་བདམས་ཐོན་བྱེད་ཀྱིན་ཡོད། འཇིག་རྟེན་པའི་རྒྱལ་པོའི་དབང་ཤེད་གང་ཡང་ཆོས་དཔོན་ངོས་འཛིན་གྱི་བྱ་བར་འཚང་གི་ཡོད་པ་མ་རེད་ལ། རྒྱལ་པོ་ཁྲི་གསོལ་བྱེད་པ་ལའང་ཆོས་དཔོན་གྱིས་ཁྲི་འདོན་བྱ་མི་དགོས།

འདི་འདྲ་དག་ལ་ཆོས་སྲིད་ཐ་དད་ཅེས་འབོད་ཀྱི་ཡོད། ཆོས་སྲིད་ཐ་དད་ཟེར་བའི་གོ་བ་ནི། རྒྱལ་ཁབ་ནས་ཆོས་ལུགས་སྡེ་ཁག་ལ་དབང་ཤེད་སྤྱོད་ཀྱི་མེད་ལ། ཐེ་ཇུས་བྱེད་ཀྱི་མེད། ལྡོག་ཏེ་བཤད་ན། ཆོས་ལུགས་སྡེ་ཁག་ནས་ཀྱང་རྒྱལ་ཁབ་ཀྱི་དབང་འཛིན་པར་ཤུགས་རྐྱེན་མེད་ལ། ཐེ་གཏོགས་ཀྱང་བྱེད་ཀྱི་མེད།

འདི་ནས་མཐོང་ཐུབ་པ་ནི། ཏཱ་ལའི་བླ་མས་ཡང་སྲིད་སྐོར་གྱི་གསལ་བསྒྲགས་དང་གཏམ་བཤད་བཅས་ནི། བོད་བརྒྱུད་ནང་བསྟན་གྱི་སྤྱིའི་རྒྱུན་སྲོལ་ལམ། ཡང་ན། ཆོས་སྲིད་ཐ་དད་བྱས་པ་བཅས་ཀྱི་ངོ་བོའི་སྒང་ནས་ཧ་ཅང་འོས་ཤིང་འཚམ་པ་རེད་ལ། ཡོངས་སུ་འགྲིག་པ་ཞིག་ཀྱང་རེད། མདོ་དོན། ཏཱ་ལའི་བླ་མའི་ཡང་སྲིད་ནི་ཁོ་རང་ཚོའི་ཏཱ་ལའི་བླ་མའི་ལས་དོན་རེད། ཁོ་རང་ཚོའི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཞིག་རེད་པས། ལྷ་མེད་སྨྲ་བའི་རྒྱ་ནག་གུང་ཁྲན་འདི་པ་ཚང་དང་འབྲེལ་བ་གཏན་ནས་མེད་པ་ཞིག་རེད

No comments:

Post a Comment