Monday, October 17, 2011

བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་སང་ཉིན་གྱི་ལས་འགུལ།

འདོན་སྤེལ། ༢༠༡༡/༡༠/༡༧
སང་ཉིན་ནས་བཟུང་རྒྱ་གར་རྒྱལ་ས་ལྡི་ལིར་བཀའ་སྤྱི་གཉིས་ཀྱིས་སྣེ་འཁྲིད་པའི་མི་མང་ལས་འགུལ་དངོས་སུ་དབུ་འཛུགས་གནང་རྒྱུ་ཡིན་པ་དང༌། ཐེངས་འདིའི་ལས་འགུལ་སྐབས་མི་མང་གི་སྲུང་བྱ་དང་འབོད་ཚིག ཞལ་འདོན་སོགས་གཅིག་གྱུར་གཏན་འབེབས་གནང་ཡོད་པ་མ་ཟད། སྤྱི་འཐུས་ཡོངས་ཚོགས་ཆུང་ ༧ ལ་བགོས་ཏེ་མི་མང་ལ་སྣེ་ཁྲིད་བྱ་རྒྱུ་ཡིན་འདུག
ཟླ་འདིའི་ཕྱི་ཚེས་ ༡༠ དང་ ༡༡ ཉིན་གཉིས་རིང་བཀའ་བློན་ཁྲི་པའི་དབུས་བའི་བཀའ་བློན་རྣམ་པ་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་གངས་སྐྱིད་སྤྱི་འཐུས་ཚོགས་དྲུང་དཔེ་མཛོད་ཁང་དུ་ཚོགས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གྲོས་བསྡུར་གྱིས་བཀའ་སྤྱི་ཐུན་མོང་ཐོག་ལས་འགུལ་སྤེལ་རྒྱུའི་ཐག་གཅོད་གནང་ཡོད་ལ། བཀའ་ཤག་གིས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་བརྒྱུད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་དང༌། སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་བལ་གཉིས་གཙོས་པའི་བཙན་བྱོལ་མི་མང་སྣེ་འཁྲིད་དེ་ལས་འགུལ་སྤེལ་རྒྱུ་བྱས་ཡོད།

ཐེངས་འདིའི་ལས་འགུལ་གྱི་མཛད་རིམ་ལྟར་ན། ཕྱི་ཚེས་ ༡༢ ཉིན་ནས་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་སྣེ་འཁྲིད་དེ་སྤྱི་འཐུས་རྣམ་པ་ལྡི་ལིར་ཕེབས་ཏེ། ཕྱི་རྒྱལ་གཞུང་ཚབ་ཁག་དང་རྒྱ་གར་གནད་ཡོད་མི་སྣར་ཐུག་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་རྒྱུ་དང༌། ཕྱི་ཚེས་ ༡༨ ཉིན་ནས་མི་མང་ ༣༠༠༠ ལྷག་ལྡི་ལིར་འདུ་འཛོམས་ཀྱིས་ལས་འགུལ་དངོས་སུ་མགོ་འཛུགས་བྱ་རྒྱུ། ཉིན་དེར་གསར་འགོད་གསལ་བསྒྲགས་དང་མཉམ་དུ་སྤྱི་འཐུས་ཡོངས་ཀྱིས་ལྡི་ལི་ཇཱན་ཏར་མཱན་ཏར་དུ་ཆུ་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ། ཚེས་ ༡༩ ཉིན་བཞུགས་སྒར་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་དང༌། འཛམ་གླིང་ཡུལ་གྲུ་ཁག་གི་བོད་མི་གནས་ཡུལ་ཡོངས་ནས་ཉིན་བརྒྱ་དུས་གཅིག་ལ་ཟས་བཅད་སྨོན་ལམ་གསུང་རྒྱུ། ལྡི་ལིར་སེར་མོ་བས་རུ་སྣེ་དྲངས་ཏེ་ར་ཇི་གྷ་ཊི་ནས་ཇཱན་ཏར་མཱན་ཏར་བར་གོམ་བགྲོད་གནང་རྒྱུ་རེད། དེ་བཞིན། ཕྱི་ཚེས་ ༢༠ ཉིན་བུད་མེད་ཀྱིས་རུ་སྣ་དྲངས་ཏེ་ལྡི་ལི་ར་ཇི་གྷ་ཊི་ནས་ཇཱན་ཏར་མཱན་ཏར་བར་གོམ་བགྲོད་གནང་རྒྱུ་དང༌། ཚེས་ ༢༡ ཉིན་གཞོན་སྐྱེས་ཚོས་རུ་སྣ་དྲངས་ཏེ་ར་ཇི་གྷ་ཊི་ནས་ཇཱན་ཏར་མཱན་ཏར་་བར་གོམ་བགྲོད་གནང་རྒྱུ། ཉིན་ལྟར་སྔ་དྲོའི་ཆུ་ཚོད་ ༡༠ ནས་ ༡༢ བར་རྒྱ་གར་གྱི་གནད་ཡོད་མི་སྣའི་གཏམ་བཤད་བཅས་གྲ་སྒྲིག་ཞུས་ཡོད་འདུག
སྤྱི་འཐུས་རྣམས་ཚོགས་ཆུང་ ༧ ལ་བགོས་ཏེ་ལས་ཀ་ཆ་བགོས་བྱས་ཡོད་པ་དག་ནི། དང་པོ། ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་སྣེ་ཁྲིད་པའི་གཞུང་ཚབ་དང་རྒྱ་གར་དཔོན་རིགས་ཁག་ལ་མཇལ་འཕྲད་གནང་རྒྱུ་དང༌། གཉིས་པ། རྒྱ་གར་དཔོན་རིགས་ཁག་ལ་མཇལ་བཅར་གོ་སྒྲིག་ཚོགས་ཆུང་གི་འགན་འཁུར་བ་སྤྱི་འཐུས་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས། གསུམ་པ། ལས་འགུལ་སྤེལ་ཡུལ་དང་འབྲེལ་བའི་གོ་སྒྲིག་ཚོགས་ཆུང་གི་འགན་འཁུར་བ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས། བཞི་བ། མི་མང་ལས་འགུལ་སྐབས་དངུལ་རྩིས་བདག་གཉེར་དང༌། བཞུགས་གནས་དང་ཞལ་ལག་གོ་སྒྲིག་ཚོགས་ཆུང་གི་འགན་འཁུར་བ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། ལྔ་པ། གསར་འགོད་འབྲེལ་མཐུད་ཚོགས་ཆུང་གི་འགན་འཁུར་བ་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། དྲུག་པ། གནས་ཚུལ་མཁོ་སྒྲུབ་ཚོགས་ཆུང་གི་འགན་འཁུར་བ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས། བདུན་པ། ཡིག་ཆ་དང་འཕྲེད་དར་གོ་སྒྲིག་ཚོགས་ཆུང་གི་འགན་འཁུར་བ་སྤྱི་འཐུས་པདྨ་འབྱུང་གནས་ལགས་བཅས་རེད།

ཐེངས་འདིའ་ལས་འགུལ་སྐབས། མི་མང་ཚོས་འགྲོ་སོང་འགན་རང་འཁུར་ཞུ་དགོས་པ་དང༌། སྒེར་ངོས་ནས་འགྲོ་སོང་གཏོང་དཀའ་བའི་རིགས་ལ་ཟ་མ་དང་སྡོད་གནས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་རྒྱུ། ལས་འགུལ་བའི་སྲུང་བྱའི་ཐད། ལས་འགུལ་ཡོངས་འཚེ་མེད་ཞུ་བ་དང་ཡུལ་ཁྲིམས་ལ་བརྩི་བཀུར། གསར་འགོད་པ་དང་ཡུལ་མི་ལ་ཞི་འཇམ། ལས་འགུལ་སྣེ་ཁྲིད་པ་དག་གིས་གཞུང་འབྲེལ་བཀོད་སྒྲིག་ལ་ཐུགས་སྣང༌། ལས་འགུལ་སྐབས་མཉམ་གནས་མཉམ་སྡོད་དང་དོགས་གཞི་ཅན་ལ་ཡིད་གཟབ། བོད་པའི་རྒྱལ་དར་དང་འཕྲེད་དར་སོགས་ལ་བདག་གཅེས། ཟས་བཅད་སྐབས་གཟུགས་པོའི་དཀའ་ངལ་བྱུང་ཡང་ཉེ་འཁོར་དུ་ཟས་རིགས་ཟ་མི་ཆོག་པ་དང༌། གློ་བུར་བའི་དཀའ་ངལ་རིགས་བྱུང་ཚེ་སྤྱི་འཐུས་སུ་རུང་ལ་འབྲེལ་གཏུགས་གནང་དགོས་པ་བཅས་རེད།
མཆོད་འབུལ་སྨོན་ལམ་དག་ལ་ཆེད་དུ་ཞལ་འདོན་ཕྱོགས་བསྒྲིགས་བྱས་ཡོད་པ་ནི། རྒྱུན་ཆགས་གསུམ་པ་དང༌། གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ། དཔལ་ནཱ་ལེན་དྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། གངས་ཅན་ཤིང་རྟ་ཉེར་ལྔའི་གསོལ་འདེབས་དད་པའི་མེ་ཏོག འཕགས་པར་བསྟོད་ཅིང་གསོལ་བ་འདེབས་པ། སྒྲོལ་མ་ཉེར་གཅིག་གི་བསྟོད་པ། མི་འཁྲུགས་པའི་བསྟོད་པ་དང་གཟུངས་སྔགས། སྨན་བླའི་བསྟོད་པ་དང་གཟུངས་སྔགས། གུ་རུའི་ཚིག་བདུན་གསོལ་འདེབས། གུ་རུའི་ཐུགས་དམ་གནད་བསྐུལ། བཟང་སྤྱོད་སྨོན་ལམ། བོད་སྐྱོང་ལྷ་སྲུང་གི་འཕྲིན་བསྐུལ་དམ་ལྡན་མྱུར་བསྐུལ་མ། བདེན་ཚིག་སྨོན་ལམ་བཅས་རེད།
ཐེངས་འདིའི་ལས་འགུལ་ཀྱི་འབོད་ཚིག་དང་འཕྲེད་དར་ཚིག་གཞི་ ༡༩ ཙམ་བོད་རྒྱ་དབྱིན་གསུམ་ཐོག་གཏན་འབེབས་བྱས་ཡོད་པ་དག་ནི། “ བོད་རྒྱ་འབྲེལ་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས” “ བོད་ནང་འགྲོ་བ་མི་ཡི་ཐོབ་ཐང་རྡོག་རོལ་གཏོང་མཚམས་འཇོག་དགོས” “ བོད་ནང་ཆབ་སྲིད་ཀྱི་བཙན་གནོན་མཚམས་འཇོག་བྱེད་དགོས” “ བོད་ནང་དཔལ་འབྱོར་གྱི་བཤུ་གཞོག་མཚམས་འཇོག་བྱེད་དགོས” “ བོད་ནང་བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་མཚམས་འཇོག་དགོས” “ བོད་ནང་ཁོར་ཡུག་གཏོར་བཤིག་གཏོང་མཚམས་འཇོག་དགོས” “ བོད་ནང་མི་སེར་སྤེལ་ཡུལ་མཚམས་འཇོག་བྱེད་དགོས” “ ཉེས་མེད་བོད་མི་བཙོན་འཇུག་མཚམས་འཇོག་བྱེད་དགོས” “ བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས” “ བོད་ནང་དངོས་ཡོད་གནས་སྟངས་ཤེས་རྟོགས་ཆེད་རྟོག་ཞིབ་ཚོགས་ཆུང་གཏོང་དགོས” “ བོད་ཀྱི་དཀའ་ངལ་སེལ་ཐབས་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐུགས་འགན་བཞེས་རོགས” “ བོད་མིའི་ཚེ་སྲོག་སྐྱོབ་རོགས” “ བོད་ལ་རང་དབང་དགོས” “ ཀིརྟི་དགོན་པས་གཙོས་དགེ་འདུན་པར་སློབ་གཉེར་གྱི་རང་དབང་སྤྲོད་དགོས” “ བོད་མིའི་སྐྱིད་སྡུག་མཉམ་མྱོང” “ ྋརྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས” “ བོད་ནང་ཆོས་དད་རང་མོས་ཀྱི་རང་དབང་སྤྲོད་དགོས” “ བོད་ནང་བོད་མིར་སྨྲ་བརྗོད་ཀྱི་རང་དབང་སྤྲོད་དགོས” “ རྒྱ་གཞུང་གིས་ྋརྒྱལ་བ་རིན་པོ་ཆེར་གཞི་མེད་བསྙོན་འཛུགས་མཚམས་འཇོག་བྱེད་དགོས” བཅས་རེད།

No comments:

Post a Comment