Saturday, October 15, 2011

བཀའ་སྤྱི་མཉམ་རུབ་ཐོག་རྒྱལ་སྤྱི་དང་རྒྱ་གར་ནང་ལས་འགུལ་སྤེལ་རྒྱུ་རེད།

འདོན་སྤེལ། ༢༠༡༡/༡༠/༡༢

ཐེངས་འདིའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཆེད་འཛིན་སྐྱོང་བཀའ་ཤག་གི་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་འཆར་ཡོད་པར་མ་ཟད། ཕྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ཚེས་ ༡༨ ནས་ ༢༡ བར་ཟས་བཅད་ངོ་རྒོལ་དང་བསྔོ་སྨོན་མཆོད་འབུལ། མི་མང་གི་ལས་འགུལ་བཅས་གོ་སྒྲིག་གནང་རྒྱུ་ཡིན་འདུག

དེ་རིང་ཕྱི་ཚེས་ ༡༢ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡། ༣༠ སྟེང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་ཀྱིས་བཀའ་སྤྱི་གཉིས་ཐུན་མོང་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང༌། དེའི་ཐོག་རྒྱལ་སྤྱི་དང་རྒྱ་གར། བོད་པའི་གསར་འགོད་པ་དང་གཞུང་ཞབས་ལས་བྱེད་བཅས་མི་ ༥༠ མ་ཟིན་ཙམ་འདུ་འཛོམས་བྱུང་ཡོད།

སྐབས་དེར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཀའ་སྤྱི་ཐུན་མོང་གི་བསྒྲགས་གཏམ་སྤེལ་བའི་ནང༌། “ བོད་ནང་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་ནས་བཟུང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང༌། ལྷག་པར་འདི་ལོ་ཕྱི་ཟླ་ ༣ པ་ནས་རྒྱ་གཞུང་གིས་བཙན་བཟུང་དབང་བསྒྱུར་འོག་དྲག་གནོན་གྱི་སྲིད་བྱུས་རྒྱུན་འཛིན་ལག་བསྟར་མུ་མཐུད་བྱས་སྟབས། བོད་མི་གཞོན་སྐྱེས་ཚོས་རང་ལུས་ཞུགས་འབུལ་གནང་བའིགནས་ཚུལ་མང་པོ་འཐོན་ཡོད། བོད་ནང་གི་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་རིགས་མ་སྤེལ་ཐབས་མེད་ཆགས་པའི་རྒྱུ་རྐྱེན་གཙོ་བོ་ནི། ད་ལྟ་བོད་ནང་ཆབ་སྲིད་ཀྱི་དམ་བསྒྲགས་དང་རིག་གཞུང་རྩ་གཏོར། དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་དབང་གིས། ད་ལྟའི་བར་བོད་ནང་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རང་ལོ་ ༢༡ ཡིན་པའི་གྲྭ་ཕུན་ཚོགས་དང་རང་ལོ་ ༢༩ ཡིན་པའི་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ། རང་ལོ་ ༡༩ ཡིན་པའི་མི་སྐྱ་མཁའ་དབྱིངས། རང་ལོ་ ༡༩ ཡིན་པའི་ཆོས་འཕེལ། རང་ལོ་ ༡༧ ཡིན་པའི་གྲྭ་སྐལ་བཟང་དབང་ཕྱུག རྔ་པ་ཀིརྟི་དགོན་པའི་རང་ལོ་ ༡༨ ཡིན་པའི་གྲྭ་བློ་བཟང་སྐལ་བཟང༌། རང་ལོ་ ༡༩ ཡིན་པའི་གྲྭ་བློ་བཟང་དཀོན་མཆོག་བཅས་རྒྱལ་གཅེས་པ་ཁོང་རྣམ་པའི་བློས་བཏང་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་དང་དཔའ་ངར་ལྡན་པའི་ཐོག་རང་དབང་གི་འབོད་སྒྲ་སྒྲོག་མཁན་ད་ལྟ་བཙོན་ཁང་དུ་ཡོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད་ལ། བོད་ནང་གི་གནས་སྟངས་ཧ་ཅང་བས་ཆེན་ཆགས་པའི་དུས་འདིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རང་དབང་ལ་དགའ་བའི་རྒྱལ་ཁབ་དང་མི་མང་ཚོས་གདུང་སེམས་མཉམ་སྐྱེད་གནང་བར་འབོད་སྐུལ་ཞུ་རྒྱུ་ཡིན། ”ཞེས་བསྒྲགས་གཏམ་སྤེལ་སོང༌།བསྒྲགས་གཏམ་ནང་མུ་མཐུད་དུ་བསྟན་དོན། " ད་ལྟ་བོད་ནང་མངོན་པར་མི་གསལ་བའི་དྲག་པོའི་དམག་ཁྲིམས་འོག་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར། རྒྱལ་སྤྱིའི་ཚོགས་པ་ཁག་གིས་བོད་ནང་དམ་དྲག་མཚམས་འཇོག་བྱ་རྒྱུ་དང་སྨྲ་བརྗོད་རང་དབང་སྤྲོད་རྒྱུ། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུ། ལྷག་པར་བོད་རྒྱ་མི་རིགས་གཉིས་ཕན་ཆེད་བོད་ཀྱི་དངོས་ཡོད་དཀའ་ངལ་གྲོས་མོལ་གྱི་ལམ་ནས་སེལ་རྒྱུར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གནོན་ཤུགས་སྤྲོད་དགོས་པ་དང༌། ཕྱོགས་མཚུངས་རྒྱལ་སྤྱིའི་ཚོགས་པ་ཁག་དང་གསར་འགོད་པ་རྣམས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་ཞིབ་འཇུག་ཆེད་སྐུ་ཚབ་འཕྲལ་མར་གཏོང་བར་འབོད་སྐུལ་གནང་སོང་བར་མ་ཟད། བཀའ་སྤྱི་གཉིས་ཟུང་འབྲེལ་ཐོག་རྒྱ་གར་གཙོས་རྒྱལ་སྤྱིའི་སྟེང་བོད་ནང་གི་དངོས་ཡོད་ཛ་དྲག་གི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་གསལ་སྟོན་བྱ་ཆེད། རང་དབང་ལུང་པར་གནས་པའི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཕྱར་གྲུ་མཉམ་འདེགས་ཐོག་འབྲེལ་ཡོད་ས་གནས་སོ་སོར་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་གོ་རྟོགས་རྒྱ་ཁྱབ་ཏུ་སྤེལ་རྒྱུ་དང༌། ལས་འགུལ་དེ་རིགས་སྤེལ་སྐབས་འཚེ་བ་མེད་པ་དང་ས་གནས་སོ་སོའི་ཡུལ་ཁྲིམས་ལ་བརྩི་བཀུར་ཐོག་ཚུལ་མཐུན་གྱི་ལམ་ནས་སྤེལ་རྒྱུར་འབོད་སྐུལ་གནང་བྱུང་ལ། བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཞུ་ཆེད་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་མཆོད་འབུལ་སྨོན་ལམ་དང་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་གོ་སྒྲིག་གནང་རྒྱུ་དང༌། དེར་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་རིགས་སྤྱི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཉིན་བརྒྱ་དུས་གཅིག་ཏུ་ལས་འགུལ་དེར་མཉམ་ཞུགས་གནང་སྟེ། བོད་ནང་རང་སྲོག་བློས་བཏང་གནང་མཁན་གྱི་གཞིས་ལུས་བོད་རིགས་སྤུན་ཟླ་ཚོའི་སྡུག་བསྔལ་མཉམ་མྱོང་ཐོག་གཞིས་བྱེས་བོད་རིགས་ཐུན་མོང་གི་མངོན་འདོད་ལྷུན་གྱིས་འགྲུབ་ཆེད་རྒྱབ་སྐྱོར་བྱ་རྒྱུ་ཡིན " ཞེས་བསྟན་འདུག མཐར་དྲི་བ་དྲིས་ལན་གྱི་སྐབས་སུ་བཀའ་ཁྲི་དང་ཚོགས་གཙོ་རྣམ་གཉིས་ཀྱིས། ཐེངས་འདིའི་བོད་ནང་ཛ་དྲག་གི་གནས་སྟངས་ཐད་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་བཀའ་བློན་ཁྲི་པ་དང་ཕྱི་དྲིལ་བཀའ་བློན་རྣམ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་ནེའུ་ཡོག་བཅས་སུ་རྒྱལ་སྤྱིའི་གནད་ཡོད་མི་སྣར་ཐུག་འཕྲད་ཀྱིས་ལས་འགུལ་སྤེལ་རྒྱུ་དང༌། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་དེ་རིང་ནས་སྤྱི་འཐུས་ཁག་ཅིག་ལྡི་ལིར་ཕྱིན་སྟེ་རྒྱ་གར་གཞུང་ཚབ་ཀྱི་འབྲེལ་ཡོད་དཔོན་རིགས་ལ་ཐུག་འཕྲད་དང༌། ཕྱི་ཚེས་ ༡༨ ཉིན་སྤྱི་འཐུས་ཚང་མས་ལྡི་ལིར་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པར་མ་ཟད། ཕྱི་ཚེས་ ༡༩ ནས་ ༢༡ བར་གྱི་ཉིན་གསུམ་རིང་རྒྱ་བལ་གཉིས་ཀྱི་བོད་མི་ ༣༠༠༠ འདུ་འཛོམས་ཐོག་མི་མང་གི་ལས་འགུལ་དང༌། མཉམ་འབྲེལ་རྒྱལ་ཚོགས་དབུ་འཛུགས་ཀྱི་ཉིན་མོ་དང་སྟབས་བསྟུན་ཏེ་སུད་སི་དང་ཨ་རིའི་ནེའུ་ཡོག་བཅས་སུ་ལས་འགུལ་སྤེལ་རྒྱུ་ཡིན་འདུག

No comments:

Post a Comment