བཀྲིས་་བདེ་ལེགས་ཀྱིས།
སྦེལ་ཀོབ་གཞིས་ཆགས་ནི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ལོ་རྒྱུས་ཀྱི་ཐོག་མ་ཡིན་པ་དང་། ཆད་སྲིད་དང་སྤྱི་ཚོགས། ཚོང་དོན་བཅས་ཀྱི་འཁྲུག་ཆ་དོད་ཤོས་ཤིག་ཡིན་པས་མ་ཚད། གནས་སྡོད་མི་མང་གིས་ནམ་རྒྱུན་ནས་སྒེར་དང་ཚོགས་པ། སྒྲིགས་འཛུགས་ཁག་གི་ལས་དོན་ཐད་དགེ་སྐྱོན་གླེང་བརྗོད་དང་། སྦྱར་ཡིག་འགྲེམ་སྤེལ་སོགས་བྱས་ནས་རང་ཉིད་ཀྱི་བསམ་ཚུལ་གླེང་གི་རེད།
དེར་བརྟེན་ཚོང་ཁང་དང་ཟ་ཁང་སྒོ་འགྲམ། ལམ་མདོ་དང་མི་མང་འདུས་སྡོད་བྱེད་ས་གྱང་ངོས་སུ་དང་པོ་སྦྱར་ཡིག་ག་རེ་ཡོད་མེད་ལྟ་བ་དང་། སྦྱར་ཡིག་གསར་པ་ག་འདྲ་ཞིག་མཐོང་པ་ཡིན་ནའང་དེ་སྣང་མེད་དུ་གཏན་ནས་མི་འཇོག་ལ། སྦྱར་ཡིག་དེའི་བསྟན་དོན་དོན་དངོས་ཡིན་མིན་ལ་བགྲོ་གླེང་བྱེད། གལ་ཏེ་སྦྱར་ཡིག་ཞིག་གི་ནང་དོན་དངོས་ཡོད་མིན་པ་དང་། སྦྱར་ཡིག་དེ་སྦྱར་མཁན་གྱི་མང་དང་ཁ་བྱང་མེད་ན་སྦྱར་ཡིག་དེ་ཡིག་འཁྱམ་ལ་བརྩིས་ནས་ཆག་འཇོག་མི་བྱེད། འོན་ཀྱང་། སྦྱར་ཡིག་ལ་འགན་ཁུར་བྱེད་མཁན་གྱི་མིང་དང་ཁ་བྱང་མེད་ན་ཡང་། དེའི་བསྟན་དོན་དོན་དངོས་ཡིན་ན་དེ་ཡང་གླེང་གཞིར་འགྱུར་ལ་སྦྱར་ཡིག་དེའི་སྤྱི་སྒེར་སུ་ཞིག་གི་དགེ་སྐྱོན་བརྗོད་ཡོད་ན་དེ་ལ་རྒྱབ་སྐྱོར་དང་དགག་པ་གང་ཡང་བྱེད་སྲིད།
དེ་རིང་ཡང་བུ་མོ་བདེ་སྐྱིད་ཀྱི་ཇ་ཅང་གི་འགྲམ་དང་། ས་གནས་བུད་མེད་ཚོགས་པའི་ཚོགས་གཙོའི་ཚོང་ཁང་གི་སྒོ་འགྲམ་དུ་”གལ་ཆེའི་གསལ་བསྒྲགས།”ཅེས་པའི་ཁ་བྱང་ཅན་གྱི་སྦྱར་ཡིག་ཅིག་སྦྱར་འདུག་པར་ས་གནས་གཞོན་ནུ་དང་། ས་གནས་བུད་མེད་ལྷན་ཚོགས་ཀྱིས་འདི་ལོར་རྔ་བ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་བོད་དོན་དུ་སྐུ་སྲོག་མེ་ལ་སྦར་བ་དང་། དེ་འབྲེལ་བོད་ནང་གི་ཛ་དྲག་གནས་ཚུལ་ཐད་ལས་འགུལ་སྣ་གཅིག་ཙམ་ཡང་སྣེ་ཁྲིད་བྱས་མེད་པར་སྐྱོན་བརྗོད་དང་བློ་ཕམ་ཡོད་པ་བཀོད་འདུག གནས་ཚུལ་འདིའི་ཐད་ཇ་ཁང་དུ་ཡོད་པའི་ཚོང་མགྲོན་ཚོས་འདི་ལྟར་བརྗོད་ཀྱི་འདུག
ཀ་པས། དེ་རིང་གི་སྦྱར་ཡིག་དེས་བཤད་པ་ངོ་མ་རེད། ས་གནས་གཞོན་ནུ་བུད་མེད་ཀྱིས་མི་མང་ནང་བོད་དོན་དང་གཞིས་ལུས་སྤུན་ཟླའི་མིང་ཐོག་ནས་ཞལ་འདེབས་བསྡུ་རྒྱུ་ལས། ཛ་དྲག་གི་དོན་རྐྱེན་བྱུང་སྐབས་མར་མེ་ཁྲོམ་སྐོར་ཙམ་ཡང་གོ་སྒྲིག་བྱེད་ཀྱི་མི་འདུག
ཁ་པས། རེད་ངོ་མ་རེད། ལྷག་པར་ད་ལོའི་གཞོན་ནུའི་ཚོགས་གཙོ་འདིས་རང་དོན་ལས་སྤྱི་དོན་ལ་ལས་ཀ་བྱེད་ཀྱི་མི་འདུག ཁོ་ཚོགས་གཙོར་སླེབས་པ་ནས་ད་བར་བོད་དོན་ལས་འགུལ་སྣེ་གཅིག་སྤེལ་ཡོད་པ་མ་རེད།
ག་པས། མ་རེད། ཚང་མ་ཁོང་ཚོར་ལན་པ་ཡོད་པ་མ་རེད། ལས་འགུལ་སྤེལ་སྐབས་མི་མང་མཉམ་ཞུགས་བྱེད་ཀྱི་ཡོད་པ་མ་རེད། ཁོང་ཚོས་ལས་འགུལ་སྣེ་ཁྲིད་བྱེད་པ་ལ་མི་མང་གིས་རྒྱབ་སྐྱོར་དགོས་རེད། དེ་མ་བྱུང་ན་ཁག་ཡོད་པ་མ་རེད།
ཀ་པས། དེ་ཕྱོགས་གཅིག་རེད། ཡིན་ནའང་། ཁོང་ཚོར་མི་མང་གིས་ཞལ་འདེབས་གང་མང་མང་ཕུལ་ཡོད་པ་རེད། ལས་འགུལ་ཟེར་དུས་ཡིན་གཅིག་མིན་གཉིས་མི་མང་མཉམ་འདུས་བྱེད་དགོས་ཡོད་པ་མ་རེད།
ག་པས། འོ་ན་ཁར་རྩང་གཞོན་ནུས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱས་སོང་། དེ་རིང་རྒྱུན་ལས་རྒྱུན་ཟུར་ཚང་མ་མཉམ་ཞུགས་བྱས་འདུག འདི་ལས་ཁོང་ཚོས་ག་རེ་བྱེད་ཐུབ་ཀྱི་རེད། ཨ། ད་ཐེངས་གཞོན་ནུའི་ཚོགས་མི་ཁོ་ན་གཙོ་བོ་རེད་ཟེར་ཀྱི་འདུག དེ་ཤེས་དགོས་པ་མ་རེད་དམ།
ཁ་པས། རེད། དེ་བདེན་པ་རེད། ཡིན་ནའང་ལས་འགུལ་དེ་དབུས་གཞོན་ནུའི་བཀའ་ཁྱབ་སླེབས་སྟབས་གཞི་ནས་བྱས་པ་རེད། ངོ་མ་བཤད་ན་འདི་ཟླའི་ཚེས་ ༡༧ ནས་ལས་འགུལ་དེ་འགོ་འཛུགས་དགོས་ཀྱི་ཡོད་པ་རེད་དེ། ས་གཞོན་ཚོགས་གཙོའི་བཟའ་ཟླ་སྨན་ཁང་དུ་འགྲོ་རྒྱུར་ཁག་བཞག་ནས་བོད་དོན་ལས་འགུལ་དུས་ཐོག་ཏུ་གྲ་སྒྲིགས་བྱས་ཡོད་པ་མ་རེད། བོད་དོན་གནས་ཚུལ་ལ་ཐུག་དུས་མི་རིགས་དང་རྒྱལ་ཁབ་ལས་རང་ཉིད་གལ་ཆེན་པོ་བརྩི་བ་འདི་ཡག་རྟགས་ཤིག་མ་རེད།
ག་པས། འདི་ཟླའི་ཚེས་ ༡༧ ཉིན་ཚོགས་པ་གསུམ་ནས་མར་མེ་ཁྲོམ་སྐོར་གོ་སྒྲིགས་བྱས་པ་མ་རེད་པས། ང་ཚོ་སུ་མཉམ་ཞུགས་བྱས་ཡོད། སོ་སོ་ལའང་དྲི་བ་འདི་འདྲི་དགོས་པ་རེད།
ཀ་པས། རེད། ཡིན་ནའང་། གོ་སྒྲིགས་ཏེ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་གོ་སྒྲིགས་བྱེད་ཀྱི་ཡིན། ས་གནས་གཞོན་ནུ་བུད་མེད་མཉམ་དུ་ཡོད་ན་ཡག་པོ་ཡོད་རེད་ཅེས་རེ་སྐུལ་བྱས་པར་བརྟེན། མིའི་མདུན་ནས་དེ་ལྟར་མ་བྱས་ཐབས་མེད་ཆགས་པ་རེད། ས་གནས་གཞོན་ནུ་བུད་མེད་ལ་དེའི་སྔོན་ནས་ས་གཞོན་ཚོགས་གཙོ་ཟུར་པ་དང་། དེ་མིན་དོ་སྣང་ཅན་མང་པོས་ལས་འགུལ་ཞིག་གོ་སྒྲིགས་སྣེ་ཁྲིད་བྱེད་རྒྱུར་སྐུལ་མ་མང་པོ་བྱས་པ་རེད་དེ་ཡ་མེད་ངང་བཞག་པ་རེད།
ཁ་པས། གང་ལྟར་འདི་ལོ་བོད་ནང་གི་དགེ་འདུན་པ་ཞིག་གིས་སྐུ་ལུས་མེར་བསྲེག་བཏང་བ་རེད་ལ། དེང་སྐབས་བོད་ནང་ཛ་དྲག་གི་གནས་ཚུལ་ཆེན་པོ་ལྷག་ཡོད་པ་རེད། ཡིན་ནའང་ཚོགས་པ་སྒྲིག་འཛུགས་དང་། མི་མང་ལ་སེམས་ཚོར་མེད་པ་ལྟར་འདུག སེམས་སྐྱོ་བ་ཞིག་རེད།
ཀློག་པོ་རྣམས་པ་ལགས། གོང་གི་ཀ་ཁ་ག་གསུམ་གྱི་གླེང་མོལ་ནི་དེ་རིང་གི་སྦྱར་ཡིག་དེའི་སྐོར་ཀྱི་གླེང་མོལ་ཞིག་རེད། གླེང་མོལ་བྱེད་ས་ཇ་ཁང་ཞིག་གི་ནང་རེད། གླེང་མོད་དེ་ལས་མང་པོ་ཡོད་པ་རེད་མོད། གུས་པས་ཚང་མ་བློར་འཛིན་མ་ཐུབ་པས་འདིར་བཀོད་ཐུབ་མ་སོང་ལ། བཀོད་ཀྱང་དེ་ཙམ་དགོས་གལ་མ་མཐོང་། འོན་ཀྱང་། དེ་རིང་ངའི་ཉིན་ཐོ་དང་ཟིན་བྲིས་ཀྱི་ཚུལ་དུ་འདི་ལྟར་བྲིས་པ་ཡིན།
No comments:
Post a Comment