Thursday, April 28, 2011

མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ།



འདོན་སྤེལ། ༢༠༡༠/༡༡/༣༠
དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པའི་བདག་པོ་དཔལ་རྒྱལ་བ་འབྲུག་པ་རིན་པོ་ཆེ་མཆོག་ལ། ཉེ་ཆར་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོ་གསར་པའི་ལས་གཞིའི་ཆེ་བསྟོད་གཟེངས་རྟགས་དེ་འབུལ་བཞེས་གནང་ཡོད་སྟབས། འདི་གའི་གསར་འགོད་པས་འབྲུག་པ་རིན་པོ་ཆེ་མཆོག་ལ་འབྲུག་པའི་ཆོས་བརྒྱུད་ཀྱི་བྱུང་རབས་དང་ད་ལྟའི་གནས་བབ། འབྲུག་པ་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་ལས་དོན་ཁག་ཅིག་བཅས་ཀྱི་ཐད་བཅར་འདྲི་ཞུས་ཡོད།

དྲི་བ། རིན་པོ་ཆེ་མཆོག་གིས་ཐོག་མར་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པའི་བྱུང་རབས་མདོ་བསྡུས་ཤིག་ངོ་སྤྲོད་གནང་རོགས།
ལན། ང་ཚོའི་འབྲུག་པའི་ཆོས་བརྒྱུད་ཟེར་བ་དེ་ལོ་ ༨༠༠ སྔོན་གྱི་གནས་ཚུལ་ཞིག་རེད། ད་ལོ་ང་ཚོས་འབྲུག་པའི་ཆོས་བརྒྱུད་ལོ་ངོ་བརྒྱད་བརྒྱ་འཁོར་བའི་དུས་ཆེན་ཞིག་སྲུང་གཙི་བྱེད་ཀྱིན་ཡོད། དུས་ཆེན་དེ་འཛམ་གླིང་ཡུལ་གྲུ་ཁག་གི་འབྲུག་པའི་ཆོས་བརྒྱུད་འཛིན་པ་ཚོས་ལོ་གཅིག་ཧྲིལ་བོར་སྲུང་གཙི་ཞུ་བཞིན་ཡོད། ལོ་ངོ་ ༨༠༠ སྔོན་ལ་གླིང་ཆེན་རས་པའི་ཞལ་སློབ་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ནས་བརྒྱུད་ཡོང་བ་ཞིག་རེད། གླིང་རས་པ་ཁོང་རི་ཁྲོད་འགྲིམ་མཁན་ཞིག་ཡིན་སྟབས་གདན་ས་ཡོད་པ་མ་རེད། ཆོས་བརྒྱུད་འཛིན་པ་ཚོར་མ་འོངས་པར་གདན་ས་ཞིག་དགོས་པར་དགོངས་ཏེ་བཀའ་ལུང་གནང་བ་ལྟར། ལྷ་སའི་སྟོད་ཕྱོགས་གནམ་ཟེར་བའི་ས་དེར་གདན་ས་བཏབས་པ་རེད། ས་དེར་གནམ་ཟེར་དོན། གཙང་པ་རྒྱ་རས་ས་དེར་ཐོག་མར་འབྱོར་སྐབས། འབྲུག་མ་བུ་དགུས་འབྲུག་སྒྲ་ཆེན་པོ་སྒྲོག་བཞིན་ས་མཆོང་གནམ་མཆོང་བྱས་པ་སོགས་ངོ་མཚར་བའི་རྟགས་མཚན་སྣ་ཚོགས་བསྟན་པའི་ལོ་རྒྱུས་ཡོད། དེང་སྐབས་ཡོངས་གྲགས་སུ་དགོན་པའི་མིང་ལ་གནམ་འབྲུག་དགོན་ཟེར་ཞིང་། གཙང་པ་རྒྱ་རས་ཁོང་གིས་ཀྱང་སྐབས་དེར། ད་ནས་བཟུང་ངའི་སྐྱེས་པ་འཛིན་པའི་སྤྲུལ་བའི་སྐུ་ཚང་མར་འབྲུག་པ་ཟེར་ལ། ཆོས་བརྒྱུད་དང་ཆོས་བརྒྱུད་འཛིན་པའི་གང་ཟག་ལའང་འབྲུག་པ་ཟེར་ཞེས་གསུངས་ཡོད། དེ་ནས་འབྲུག་པའི་ཆོས་བརྒྱུད་དེ་བོད་ཡུལ་སྟོད་སྨད་བར་གསུམ་ལ་དར་ཡོད། ད་ལྟའི་འབྲུལ་རྒྱལ་ཁབ་ལ་མཚོན་ན། འབྲུག་པའི་ཆོས་བརྒྱུད་ཀྱི་མིང་རྒྱལ་ཁབ་ལ་ཐོགས་པ་རེད། སྔོན་མ་ས་དེར་མོན་པའི་ཡུལ་ཟེར་གྱི་ཡོད། དེ་བཞིན་བལ་ཡུལ་དང་འབྲས་ལྗོངས། ལ་དྭགས། གྭ་ཞ། ཁུ་ནུ་སོགས་སུ་ཁྱབ་བརྡལ་ཆེན་པོ་ཕྱིན་ཡོད། བར་སྐབས་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཉམས་གུད་ཆེན་པོ་ཕྱིན་པ་ལྟར། འབྲུག་པའི་ཆོས་བརྒྱུད་ལའང་ཉམས་ཆག་ཆེན་པོ་ཕྱིན་ཡོད་པ་རེད།

དྲི་བ། འབྲུག་པའི་ཆོས་བརྒྱུད་དེ་དེང་སྐབས་བོད་ཕྱི་གནང་གཉིས་སུ་གནས་སྟངས་གང་འདྲ་ཡོད་པ་དང་ཕྱི་རྒྱལ་ཁག་ཏུ་ཆོས་ཚོགས་ཡོད་མེད། དེ་བཞིན་སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་གང་འདྲ་ཡོད་དམ།
ལན། ད་ལྟའི་ཆར་འབྲུག་པའི་ཆོས་བརྒྱུད་ཀྱི་གནས་སྟངས་སྐྱོ་བོ་རེད། རྒྱ་ཆེ་ལུགས་ཀྱི་ཐད་ནས་སྔོན་མ་བོད་ནང་རྒྱ་ཆེན་པོ་ཞེ་དྲག་རེད། མི་ཕྱེད་འབྲུག་པ། །འབྲུག་ཕྱེད་སྤྲང་པོ། །སྤྲང་ཕྱེད་གྲུབ་ཐོབ། །ཟེར་བའི་བཤད་སྲོལ་ཡོད། འོན་ཀྱང་བསྟན་པ་ཟེར་བ་དེ་ཐོས་བསམ་ལ་རག་ལས་ཡོད་སྟབས། ད་ཆར་བོད་ནང་འབྲུག་པའི་ཆོས་བརྒྱུད་ཀྱི་སྒོམ་སྒྲུབ་ཐོས་བསམ་ཧ་ཅང་སྐྱོ་བོ་རེད། ང་རང་གི་ངོས་ནས་ཀྱང་བོད་ནང་ལ་ཞབས་ཞུ་གང་ཡང་བསྒྲུབ་ཐུབ་ཀྱི་མི་འདུག ཁམས་ཕྱོགས་སུ་འབྲུག་པའི་ཐོས་བསམ་གྱི་གྲྭ་དང་སྒྲུབ་གྲྭ་ཡག་པོ་ཁ་ཤས་ཡོད་ས་རེད། ལྷ་སའི་ཕྱོགས་སུ་ཡང་ཡག་པོ་རེ་ཟུང་ཡོད་རབས་ཐོས་སོང་། རྒྱ་བལ་འབྲུག་གསུམ་ནང་འབྲུག་པའི་ཆོས་བརྒྱུད་གང་འཚམ་ཡག་པོ་ཆགས་ཡོད། སྤྱི་ཡོངས་ནས་ད་ཆར་འབྲུག་པའི་ཆོས་བརྒྱུད་དེ་ཡར་རྒྱས་ཕྲན་བུ་འགྲོ་བཞིན་པའི་སྐབས་ཡིན། ཕྱི་རྒྱལ་ཁག་ཏུ་ཆོས་ཚོགས་མང་པོ་ཡོད། ལྷོ་ཤར་ཨེ་ཤ་ཡའི་ཕྱོགས་དང་། ཡུ་རོབ་ཁུལ། ཨ་རི་ལྷོ་བྱང་གཉིས་བཅས་སུ་ཁྱོན་བསྡོམས་ཆོས་ཚོགས་ ༣༠༠ མ་ཟིན་ཙམ་ཡོད་རྒྱུ་རེད། ང་རང་ལ་མཚོན་ན་འབྲུག་པད་མ་དཀར་པོའི་སྐྱེས་ཕྲེང་ཞིག་ལ་བརྩི་དགོས་དུས་ང་རང་གི་གདན་ས་གསང་སྔགས་ཆོས་གླིང་ཟེར་བ་དེ་རེད། རྒྱ་གར་གྱི་གསང་སྔགས་ཆོས་གླིང་དེ་རྡོ་རྗེ་གླིང་དུ་ཡོད་པ་རེད། དེ་བཞིན་ལྡི་ལིར་དཔལ་འབྲུག་པའི་ཡིག་ཚང་ཡོད། ང་ཚོས་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་གྱི་ཆོས་ཚོགས་ཁག་བཅས་ལ་ཞབས་ཞུ་གང་ཞིག་བསྒྲུབ་དགོས་པ་དེ་ལ་གཟིགས་རྟོག་བྱེད་ཀྱི་ཡོད། སྤྱིར་བཏང་དཔལ་འབྲུག་པའི་དགོན་པ་ཚང་མ་རང་སྐྱོང་ལྟ་བུ་རེད། དགོན་པ་རེར་བླ་མ་རེ་ཡོད་པ་རེད། ཁོང་རྣམ་པ་ཚོས་མགོ་ཐོས་བསམ་སྒོམ་གསུམ་ནས་ཞོལ་འཚོ་བའི་མཐུན་རྐྱེན་བར་འགན་འཁུར་བཞེས་བསྡད་ཡོད། ཡང་དོན་དག་གལ་ཆེན་པོའི་རིགས་ལ་ང་རང་གིས་གང་ཡོང་ཅི་ཡོང་བྱེད་ཀྱི་ཡོད།

དྲི་བ། བོད་པའི་ཆོས་བརྒྱུད་ཁག་གི་འདུལ་བ་འཛིན་སྟངས་ཐད། བཅའ་ཡིག་ཆོས་ཁྲིམས་སྣ་ཚོགས་ཤིག་ཡོད་པ་རེད། འབྲུག་པའི་ཆོས་བརྒྱུད་ལ་མཚོན་ན། གོས་དཀར་ལྕང་ལོའི་སྡེ་གཙོ་བོར་འཛིན་གྱི་ཡོད་དམ། ངུར་སྨྲིག་གྲྭ་བའི་སྡེ་གཙོ་བོར་འཛིན་གྱི་ཡོད།
ལན། འབྲུག་པའི་ཆོས་བརྒྱུད་འཛིན་པ་ཚོས་འདུལ་བ་ཧ་ཅང་གལ་ཆེན་པོར་བརྩི་བ་རེད། ཕྱི་འདུལ་བ། ནང་བྱང་སེམས། གསང་བ་སྔགས་འཆང་རིག་པ་འཛིན་ཞེས་ཐེག་པ་གསུམ་དེ་ཕྱི་ནང་གསང་གསུམ་གྱི་ཉམས་ལེན་ལ་སྦྱར་ཏེ། སྟབས་གཅིག་ལ་ཉམས་ལེན་བྱེད་སྲོལ་ཡོད། དེ་ནི་འབྲུག་པའི་ཆོས་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན། དཔལ་འབྲུག་པའི་ཆོས་སྲོལ་ལྟར་ན། གོས་དཀར་ལྕང་ལོའི་སྡེ་དང་ངུར་སྨྲིག་གྲྭ་བའི་སྡེ་གཅིག་མཚུངས་ཐོག་དར་རྒྱས་སོང་བ་རེད། རབ་བྱུང་ངུར་སྨྲིག་སྔོན་དུ་མ་འགྲོ་བའི་གསང་སྔགས་ཉམས་ལེན་བྱེད་སྟངས་ཤིག་མེད། འགྲོ་མགོན་གཙང་པ་རྒྱ་རས་ཀྱི་ཞལ་ནས་ཀྱང་འདུལ་ཁྲིམས་མེད་པ་གཏན་ནས་མི་རུང་གསུངས་ཡོད། ད་ཆར་རབ་བྱུང་ངུར་སྨྲིག་འཛིན་པའི་སྡེ་མང་དུ་ཕྱིན་འདུག གོས་དཀར་ལྕང་ལོའི་སྡེ་ཧ་ལམ་མེད་པ་ཆགས་འདུག གལ་སྲིད་ཡོད་ཀྱང་ཆེས་ཉུང་ཤས་ཤིག་རེད། དེ་ཡག་རྟགས་ཡིན་དང་སྡུག་རྟགས་ཡིན་བཤད་ཤེས་ཀྱི་མེད། ཕྱོགས་གཅིག་ནས་བཤད་ན་ཡག་རྟགས་རེད། སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་འདུལ་ཁྲིམས་ཁོ་ནས་འཛིན་དགོས་པ་རེད། ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། སྔོན་མའི་ཆོས་འབྱུང་ལོ་རྒྱུས་ལྟར་ན། གོས་དཀར་ལྕང་ལོའི་སྡེ་དང་ངུར་སྨྲིག་གྲྭ་བའི་སྡེ་གཉིས་གཅིག་འདྲའི་ཐོག་ནས་ཡོང་བ་རེད། རྒྱ་གར་གྱི་པཎ་གྲུབ་ནཱ་རོ་ཏཱེ་ལོ་དང་། བོད་ཀྱི་མར་བ་མི་ལ་སོགས་ཀྱང་གོས་དཀར་ལྕང་ལོ་ཅན་ཤ་སྟག་རེད། འདིའི་ཐད་ང་རང་གིས་ཞེ་དྲག་བཤད་ཤེས་ཀྱི་མི་འདུག མཚམས་རེར་འབྲུག་པའི་ཆོས་བརྒྱུད་ཉམས་ལེན་པ་ཚོའི་སྒྲུབ་པ་མཐར་ཕྱིན་པ་ཞིག་ཡོང་གི་མེད་པའི་རྟགས་མཚན་ཞིག་མིན་ནམ་ཡང་དྲན་གྱི་འདུག

དྲི་བ། ཆོས་བརྒྱུད་ཁག་བྱུང་འཕེལ་གྱི་ལོ་རྒྱུས་ནང་ཐོག་མར་སྒོམ་སྒྲུབ་ཤུགས་ཆེན་པོ་རེད། རྗེས་སུ་རིམ་གྱིས་ཐོས་བསམ་སློབ་གཉེར་གྱི་ཕྱོགས་ལ་འཕེལ་རྒྱས་ཕྱིན་འདུག ད་ཆར་༧གོང་ས་མཆོག་གིས་ཀྱང་ཆོས་སྡེ་ཁག་ལ་བཤད་གྲྭ་གལ་ཆེན་ཡིན་སྐོར་ནན་གྱིས་གསུང་གི་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། དཔལ་འབྲུག་པའི་ཆོས་བརྒྱུད་ལ་མཚོན་ན། སློབ་གཉེར་གྱི་ཕྱོགས་ནས་ཐོས་བསམ་སྒོམ་གསུམ་ལས་སྒོམ་སྒྲུབ་གཙོ་བོར་འཛིན་པ་རེད། ཐོས་བསམ་དེ་སྒྲུབ་པ་གནང་ཕྱོགས་ཤེས་ཙམ་གྱིས་འགྲིག་གི་རེད། ཤུགས་ཆེན་པོ་དགོས་པ་མ་རེད། ཡང་ཐོས་བསམ་ཁྱོན་ནས་མེད་ན་འགྲིག་གི་མེད། སྒྲུབ་པ་སྦྱང་བར་ཐོས་བསམ་སྔོན་དུ་མ་སོང་བའི་སྒྲུབ་པ་ཞིག་ཡོང་ཐབས་མེད། རྗེ་བདག་ཉིད་ཆེན་པོའི་ཞལ་ནས། ཐོས་པ་མེད་པའི་སྒོམ་ཆེན་དེ། །ལག་རྡུམ་བྲག་ལ་འཛེགས་པ་འདྲ། །ཞེས་གསུངས་ཡོད། འོན་ཀྱང་ཐོས་བསམ་ཁོ་ནར་བརྩོན་ཏེ། སྒོམ་སྒྲུབ་མ་བྱས་ན་འགྲིག་གི་ཡོད་པ་མ་རེད། ཆོས་བརྒྱུད་ལའང་སྒྲུབ་བརྒྱུད་ཟེར་གྱི་ཡོད་སྟབས་མིང་དོན་མཚུངས་པ་ཞིག་ཡོང་དགོས་ཀྱི་ཡོད། སངས་རྒྱས་བསྟན་པ་སྤྱིའི་དོན་དུ་བསམ་བློ་བཏང་ན་ཐོས་བསམ་ཁོ་ན་རེད། ༧གོང་མཆོག་གིས་དུས་རྒྱུན་སྐྱ་བོ་དང་སེར་མོ་མེད་པར་ཕྱོགས་མེད་ལ་སློབ་སྦྱོང་བྱ་དགོས་གསུང་གི་ཡོད་པ་ལྟར། ངས་ཀྱང་སྐད་ཆ་བཤད་ས་ཞིག་རག་ཚད་ལ་དེ་མཚུངས་ཀྱིས་བཤད་ཀྱི་ཡོད། ཕྱོགས་མེད་ཟེར་བ་དེ་ཡང་གྲུབ་མཐར་ཕྱོགས་རིས་མེད་པ་ཙམ་མ་རེད། གནའ་རབས་དང་དེང་རབས། འཛམ་གླིང་ཤར་ཕྱོགས་དང་ནུབ་ཕྱོགས། རྒྱལ་ཁབ་འདྲ་མིན་དང་མི་རིགས་སྣ་ཚོགས་ཀྱི་རིག་གནས་ལ་ས་མཚམས་དང་། ཕྱོགས་རིས་མེད་པར་སློབ་གཉེར་གནང་དགོས་ཟེར་ནས་བཤད་བསྡད་ཡོད།

དྲི་བ། རིན་པོ་ཆེ་མཆོག་སྐུ་སྒེར་གྱི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་རོགས།
ལན། ང་རང་གི་ཕ་ལགས་ཨ་མདོ་མགོ་ལོག་ནས་རེད། མཚན་ལ་བཱེེ་རོ་རིན་པོ་ཆེ་ཟེར་གྱི་ཡོད། ཨ་མ་ལགས་ཉང་ཉི་མ་འོད་ཟེར་གྱི་སྐྱེས་རྒྱུད་རེད། མིང་ལ་དཀོན་མཆོག་དཔལ་སྒྲོན་ཟེར་གྱི་ཡོད། ང་སྐྱེས་ས་རྒྱ་གར་བྱང་ཤར་མཚོ་པད་མ་རེད། ང་རང་ལོ་གསུམ་གྱི་ཐོག་ཐམས་ཅད་མཁྱེན་པ་པད་མ་དཀར་པོའི་སྤྲུལ་རྒྱུད་ལ་ངོས་འཛིན་བྱས་ཤིང་། དེ་བཞིན་༧གོང་ས་མཆོག་གིས་བཀའ་གནང་བ་ལྟར། ལོ་བཞི་ཡི་ཐོག་ལ་ཁྲི་འདོན་བྱས་འདུག སྐབས་དེར་ཀརྨ་པ་སྐུ་ཐོག་གོང་མ་དང་ས་སྐྱ་བདག་ཁྲི་རིན་པོ་ཆེ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་སོགས་བླ་ཆེན་མང་པོ་ཞིག་གི་དགོངས་པ་གཅིག་མཐུན་ཐོག་ངོས་འཛིན་གནང་བ་རེད་ཟེར། ང་རང་ལོ་དྲུག་པའི་ཐོག་ནས་བཟུང་བསླབ་པ་སློབ་གཉེར་མགོ་འཛུགས་བྱས་ཤིང་། བློ་འཛིན་རིགས་མང་ཆེ་བ་ལོ་བཅུ་གསུམ་ཐོག་རྫོགས་སོང་། དེ་ནས་ཡོངས་འཛིན་བསྟེན་ཏེ་དབང་ལུང་མན་ངག་ལ་གསན་བསམ་དང་གཞུང་ཆེན་ལ་སློབ་གཉེར་མགོ་འཛུགས་བྱས་པ་རེད། ལོ་ཉེར་གཅིག་བར་དཔེ་ཆར་ལྟ་ཁུལ་བྱས་ཀྱང་རྣམ་གཡེང་དང་ལེ་ལོའི་དབང་གིས་གྲུབ་འབྲས་ཆེན་པོ་ཞིག་ལེན་ཐུབ་ཡོད་པ་མ་རེད། ལོ་ཉེར་གཅིག་ཙམ་ནས་བྱ་བ་ཇེ་མང་དང་འགན་འཁུར་ཇེ་ལྕི་རུ་སོང་སྟེ་སློབ་གཉེར་མཇུག་སྐྱོང་མ་ཐུབ་པར་བྱ་བ་ལས་ཀྱི་འཁོར་ལོའི་ནང་མགོ་འཁོར་བསྡད་པ་རེད། ད་ཆར་ལོ་ ༤༠ བརྒལ་འགྲོ་བཞིན་ཡོད།

དྲི་བ། ཉེ་ཆར་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་ཨ་རིའི་ནའེ་ཡོག་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྟོང་ལོ་གསར་པའི་ལས་གཞིའི་ཆེ་བསྟོད་གཟེངས་རྟགས་དེ་རིན་པོ་ཆེ་མཆོག་ལ་ཕུལ་ཡོད་པའི་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། ང་རང་སྔོན་མ་ནས་ཤེས་ཡོན་སློབ་གསོ་དང་འཕྲོད་བསྟེན་ཐོག་དོ་སྣང་ཡོད་མཁན་ཞིག་ཡིན། དགོས་མཁོ་ཆེན་པོ་ཡོད་ས་ཁག་ཅིག་ནང་སློབ་གྲྭ་འཛུགས་དགོས་ཀྱི་འདུག་སྙམ་ཏེ། ཐོག་མར་ལ་དྭགས་ཁུལ་ས་ཆ་མཐའ་འཁོབ་ཡིན་སྟབས། ལ་དྭགས་དང་གྭ་ཞ་ཁུལ་དུ་སློབ་གྲྭ་འགའ་རེ་ཐབས་ཤེས་བྱས་པ་ཡིན། དེ་དང་མཉམ་དུ་ས་གནས་དེ་དག་གི་མང་ཚོགས་ལ་སྨན་ཁང་རེ་ཟུང་དང་། ཞོར་དུ་ཤིང་འཛུགས་ནགས་སྐྲུན་དང་ཁོར་ཡུག་གཙང་བཟོའི་ལས་ཀ་བྱས་པ་ཡིན། རིམ་གྱིས་རྒྱ་ཆེ་རུ་བཏང་སྟེ་ཧི་མ་ལ་ཡའི་རི་རྒྱུད་ཡོངས་ལ་ལས་ཀ་ཕྲན་བུ་རེ་བྱས་ཏེ་ད་བར་ལོ་ངོ་ ༢༠ ཙམ་ཕྱིན་ཡོད། བར་སྐབས་ཤིག་ནས་ང་གཅིག་པུ་ཡར་རྒྱུག་མར་རྒྱུག་བྱས་བསྡད་པས་ཡོང་གི་མི་འདུག རྒྱ་ཆེ་ཙམ་བྱས་ཏེ་མི་མང་པོ་ཞིག་གིས་མཉམ་རུབ་ཐོག་ལས་ཀ་བྱས་ན། ནུས་པ་ཆེ་ཙམ་ཐོན་ས་རེད་བསམ་ནས་༼ བྱམས་བརྩེ་འཚོ་སྐྱོང་ ༽( Live to Love ) ཟེར་བའི་ཚོགས་པ་དེ་བཙུགས་པ་ཡིན། ལས་ཁུངས་ཨ་མ་ཧོང་ཀོང་ནང་ཡོད། སིང་གྷ་པུར་དང་ཝེ་ཐིི་ནམ། ཐེ་ཝན་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་། ཨ་རི་དང་ཡུ་རོབ་སོགས་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་ཏུ་ཡན་ལག་དང་ལས་ཀ་བྱེད་མཁན་ཡོད་པ་རེད། ཚོགས་མི་ཧ་ཅང་མང་པོ་ཡོད། ཚོགས་པ་འདིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤེས་ཡོན་སློབ་སྦྱོང་དང་། གནའ་རྫས་དང་རིག་དངོས་སྲུང་སྐྱོབ། ཁོར་ཡུག་སྲུང་སྐྱོབ་དང་འཕྲོད་བསྟེན་ཡར་རྒྱས་སོགས་ལས་རིགས་ལྔ་ཙམ་ལག་ལེན་བསྟར་གྱི་ཡོད་སྟབས། སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་ས་རེད་ས་གནས་མང་ཚོགས་ཚོས་དགའ་བོ་ཞེ་དྲག་གནང་གི་འདུག་ལ། ད་ལོ་ཚོགས་པའི་ལས་དོན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་འཛིན་གཟེངས་རྟགས་དེ་སྤྲད་པ་རེད།

དྲི་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་གོ་སྒྲིག་ཞུ་སྟངས་གང་འདྲ་ཡོད་པ་དང་། སྐབས་དེར་རིན་པོ་ཆེ་མཆོག་གི་ཐུགས་ལ་གང་འདྲ་འཁོར་སོང་ངམ།
ལན། དེ་ལ་དམིགས་བསལ་ཚོར་བ་འདྲ་བྱུང་མ་སོང་། ཐོག་མར་མགྲོན་ཤོག་འབྱོར་སྐབས་ཀྱང་། གཟེངས་རྟགས་དེ་ལེན་དགོས་དང་མི་དགོས། དེ་ལ་ང་འགྲོ་དགོས་མིན་སོགས་ལ་བསམ་བློ་བཏང་བ་ཡིན། འོན་ཀྱང་ཁོང་ཚོས་ངེས་པར་དུ་འགྲོ་དགོས་པ་རེད། འདི་དང་མཉམ་དུ་ཝ་ཤིན་ཌོན་གྲོས་ཚོགས་ཀྱི་ངོས་ནས་ཀྱང་བྱ་དགའ་ཞིག་སྤྲོད་འཆར་ཡོད་པ་རེད་ཟེར་ནས་ཨུ་ཚུགས་རྒྱག་གི་འདུག གཟེངས་རྟགས་སྤྲོད་པའི་མཛད་སྒོའི་སྟེང་མི་ ༨༠༠ ལྷག་འདུག དེའི་ཁྲོད་གཟེངས་རྟགས་བཞེས་མཁན་ ༤༠ ཡས་མས་ཤིག་འདུག ཕལ་ཆེ་བ་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་ཤ་སྟག་རེད། གོ་སྒྲིག་ཞུ་མཁན་ཚོས་ང་ལ། ཁྱེད་ཀྱིས་སྤྱི་ཚོགས་ལ་རླབས་ཆེ་བའི་བྱ་བ་ཞིག་བསྒྲུབས་འདུག འཛམ་གླིང་གི་མི་ཚང་མས་མིག་དཔེ་བལྟ་དགོས་པ་ཞིག་རེད། མ་འོངས་པར་མུ་མཐུད་ཕྱག་ལས་མཇུག་སྐྱོང་གནང་དགོས་ཟེར། དགོང་མོ་དེར་ཨ་རིའི་སྲིད་འཛིན་མཆོག་གིས་ཀྱང་ང་ལ་འཕྲིན་ཐུང་ཞིག་འབྱོར་སོང་། དེའི་ནང་དུ་ཡང་ང་རང་གི་ལས་འགུལ་དེར་རྒྱབ་སྐྱོར་དང་བསྔགས་བརྗོད་ཡོད། མ་འོངས་པར་ཨ་རིའི་ཁུལ་དུའང་ Live to Love ཡི་ལས་དོན་རྒྱ་བསྐྱེད་གནང་རོགས་ཟེར་ནས་བཀྲ་ཤིས་བདེ་ལེགས་ཞུས་འདུག ཉི་མ་དེའི་ཕྱིར་ཉིན་ཝ་ཤིན་ཌོན་ཕོ་བྲང་དཀར་པོའི་ཕྱོགས་ནས་ཀྱང་བྱ་དགའ་ཞིག་སྤྲོད་རྒྱུ་ཡོད་ཟེར་ནས་གྲ་སྒྲིག་བྱས་འདུག འོན་ཀྱང་གློ་བུར་དུ་ཝ་ཤིན་ཌོན་གྱི་གསང་པའི་ལས་ཁུངས་ནས་བརྡ་ལན་འབྱོར་ཏེ། ཐེངས་འདིར་ང་ཝ་ཤིན་ཌོན་དུ་མ་ཡོང་རོགས། ཝ་ཤིན་ཌོན་གྱི་ལས་རིམ་དེ་ཕྱིར་འཐེན་བྱ་རྒྱུ་ཡིན་ཟེར་ནས་ལན་འབྱོར་སོང་། ང་ཚོས་ཅི་བྱུང་མགོ་མ་འཚོས་པར་བརྩད་གཅོད་བྱེད་སྐབས། དེ་གསང་བ་རེད་ཟེར་ནས་བཤད་མ་སོང་མོད། ང་རང་རྒྱ་ནག་གི་བྱེད་སྟངས་ལ་དོགས་པ་ཞིག་ཟོས་སོང་། དེ་ང་རང་གི་ཚོར་སྣང་ཙམ་ཡིན།

དྲི་བ། རིན་པོ་ཆེ་མཆོག་གིས་ཧི་མ་ལ་ཡའི་རི་རྒྱུད་དུ་སྤྱི་ཚོགས་ཞབས་ཞུའི་ལས་དོན་བསྒྲུབས་ཏེ་ལོ་ཉི་ཤུ་ཙམ་ཕྱིན་ཡོད་ཚེ། ཐོག་མར་ལས་གཞི་འདི་ཇི་ལྟར་མགོ་འཛུགས་གནང་ཡོད་དམ།
ལན། སྤྱིར་སྔོན་མ་ནས་ང་རང་གིས་ཤེས་ཡོན་དང་འཕྲོད་བསྟེན། ཁོར་ཡུག་སོགས་ཀྱི་ཐོག་ལ་ལས་ཀ་ཆུང་ཚགས་རེ་བྱེད་ཀྱི་ཡོད་པ་རེད། སྐབས་ཤིག་༧གོང་ས་མཆོག་གིས་རྡོ་རྗེ་གདན་དུ། གྲྭ་བ་ཨ་ནེ་ཚོས་ཁོར་ཡུག་ལ་གཅེས་ཉར་བྱ་དགོས་པའི་སྐོར་ནན་གྱིས་གསུངས་སོང་། བཀའ་སློབ་དེ་ང་རང་གི་སེམས་ལ་ཧ་ཅང་ལྕི་མོ་ཞིག་བྱུང་སོང་། དེ་ནས་བཟུང་ལས་ཀ་ཤུགས་ཆེ་རུ་བཏང་བ་ཡིན། ༢༠༠༩ ལོར་ང་ཚོ་མི་བདུན་བརྒྱ་ལྷག་ཅིག་གིས་རྐང་པ་བརྒྱབ་སྟེ་གནས་སྐོར་གྱི་ཞོར་དུ་ཧི་མ་ལ་ཡའི་རི་རྒྱུད་དུ་ཁོར་ཡུག་གཙང་བཟོ་བྱེད་དུ་སོང་བ་ཡིན། སྐབས་དེར་ཉིན་ ༥༠ ཙམ་འགོར་སོང་། རི་མཐོན་པོ་དང་ལ་གཟར་མོ། རོང་རྩུབ་པོ། འཕྲང་དོག་མོ་སོགས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་སོང་། སྐབས་དེར་འགྱིག་དམ་དང་འགྱིག་ཤོག དེ་བཞིན་ཤེལ་རིགས་དང་ལྕག་རིགས་སོགས་ཀྱི་གད་སྙིགས་བཏུས་པ་ཡིན། ཕལ་ཆེར་འགྱིག་དམ་རིག་འབུམ་ཁ་ཤས་སྒྲུག་ཡོད། དེ་དང་མཉམ་དུ་ས་གནས་མི་མང་ཚོར་ཁོར་ཡུག་སྐོར་གྱི་གོ་རྟོགས་སྤེལ་བ་དང་། ཁོར་ཡུག་ལ་མི་གནོད་པའི་ཁུག་མ་ཕོན་ཆེན་པོ་ཞིག་བཟོས་ཏེ་རིན་མེད་ཐོག་བཀྲམས་པ་ཡིན།

དྲི་བ། གོ་ཐོས་སུ་རིན་པོ་ཆེ་མཆོག་གིས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་སློབ་གྲྭ་དང་དགོན་པ་མང་པོ་ཞིག་བརྒྱབ་ཡོད་པ་གོ་སོང་ལ། ལྷག་པར་དུ་བཙུན་མ་ཚོར་གཟིགས་རྟོགས་ཤུགས་ཆེན་པོ་གནང་གི་ཡོད་ཚུལ་འདུག་སྟབས། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། ད་སྔ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་བཙུན་དགོན་བཞི་ལྔ་ཞིག་ལས་འཛུགས་ཐུབ་མ་སོང་། འབྲུག་པད་མ་དཀར་པོའི་སློབ་གྲྭ་ཟེར་བ་དེ་ཆེ་ཤོས་ཡིན། དེར་སློབ་ཕྲུག་ཆིག་སྟོང་ལྷག་ཡོད། སློབ་གྲྭ་དེའི་བཟོ་སྐྲུན་དེ་གཞན་དང་མ་འདྲ་བ་ཞིག་ཡིན་སྟབས་སྐད་གྲགས་འདྲ་ཞིག་སོང་བ་རེད། གང་ཡིན་ཟེར་ན་ཨར་འདམ་དང་སོ་ཕག ལྕགས་སོགས་བེད་སྤྱོད་བཏང་མེད་པར་རང་བྱུང་གི་ཐོན་ཁུངས་ས་རྡོ་དང་འདམ་བག་སོགས་ཀྱིས་བཟོས་པ་རེད། སློབ་གྲྭ་དེར་བྱ་དགའ་ཡང་རིགས་བདུན་ཙམ་ཐོབ་སོང་། ངས་བཙུན་མ་ཚོར་དམིགས་བསལ་ལྟ་སྐྱོང་བྱེད་ཀྱི་ཡོད་པ་དེ། སྤྱིར་བཏང་བཙུན་དང་མ་བཙུན་ལ་ཁྱད་པར་མི་འདུག བུད་མེད་ཀྱི་ནུས་པ་སྐྱེད་སྲིང་བྱ་རྒྱུ་དེ་གལ་ཆེན་ཞིག་ཏུ་མཐོང་གི་ཡོད། ང་ཚོའི་བོད་པར་མཚོན་ན། ཕོ་མོ་གཉིས་ལ་དབྱེ་བ་ཆེན་པོ་བཀར་ཏེ། མོ་རིགས་ལ་བརྙས་བཅོས་གཏོང་བ་དང་མཐོང་ཆུང་བྱེད་པའི་གོམས་གཤིས་ངན་པ་ཞིག་ཡོད། མོ་རིགས་ཤིག་ཡིན་པ་ཙམ་གྱིས་བཟང་ངན་ལ་མི་བལྟ་བར་ནུས་ཤུགས་ངོམ་པའི་གོ་སྐབས་སྤྲོད་ཀྱི་མེད། གོམ་གཤིས་ངན་པ་དེའི་དབང་གིས་སྤྱི་ཚོགས་རྗེས་ལུས་ཐེབས་ཀྱི་ཡོད། དངོས་ནས་བྱས་ན། མོ་རིགས་ལ་ཆོས་སེམས་ཆེ་བ་དང་ཤེས་རབ་རྣོ་བ། སེམས་པ་བཟང་བ་དང་བརྩེ་སེམས་ཆེ་བ་སོགས་ཀྱི་ཡོན་ཏན་ཡོད། ༧གོང་ས་མཆོག་གིས་ཀྱང་། སེམས་ཅན་ཡོངས་ཐོག་མར་གསོ་སྐྱོང་གནང་མཁན་ཨ་མ་ཡིན་གསུངས་ཡོད། འདི་དག་ལ་བསམ་བློ་བཏང་ན། མོ་རིགས་འདི་ཧ་ཅང་བཀའ་དྲིན་ཆེན་པོ་རེད། ང་རང་གིས་བོད་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཞལ་སློབ་ཚོར་བུད་མེད་ཀྱི་ཐོབ་ཐང་བརྩད་ན་ཡག་པོ་མ་རེད། འོན་ཀྱང་བསླབ་པ་སློབ་གཉེར་དང་ཁྱད་ཡོན་ནུས་འཇོན་གྱི་ཐོག་ནས་འབུར་དུ་ཐོན་པ་ཞིག་བྱ་དགོས་པ་རེད་ཟེར་ནས་སེམས་ཤུགས་སྤར་གྱི་ཡོད།

དྲི་བ། རིན་པོ་ཆེ་མཆོག་གིས་བོད་པའི་རྩ་དོན་འཐབ་རྩོད་ཀྱིས་མཚོན་པའི་ཆབ་སྲིད་ཐོག་ཕྱག་ལས་གང་འདྲ་གནང་མྱོང་ཡོད་དམ།
ལན། ཁྱོད་ལ་དྲང་མོར་ཞུས་ན། ང་ལ་ཆབ་སྲིད་ཀྱི་ཐད་ལག་རྗེས་འདི་ཡིན་ཟེར་བ་ཞིག་སྟོན་རྒྱུ་མེད། གང་ཡིན་ཟེར་ན། ང་ལ་ཕྱོགས་གང་ཐད་ནས་ཤེས་ཡོན་ཚད་མཐོ་བོ་ཡོད་པ་མ་རེད། ལྷག་པར་དུ་ཆབ་སྲིད་ཐད་ཧ་ཅང་སྐྱོ་བོ་རེད། ཤེས་ཡོན་ཏོག་ཙམ་ཡོད་ན་ནང་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་རེད། ད་བར་བོད་པའི་ཆབ་སྲིད་ཐོག་ཞབས་འདེགས་ཆེན་པོ་གང་ཡང་ཞུ་ཐུབ་མ་སོང་ལ། མ་འོངས་པར་ཡང་རེ་བ་ཆེན་པོ་ཡོད་རྒྱུ་མ་རེད་དྲན་ཡོད། འོན་ཀྱང་། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། དངོས་སུ་ལག་རྗེས་མེད་ཀྱང་ཤུགས་སམ་བརྒྱུད་དེ་ཕན་ཐོགས་ཕྲན་བུ་བྱུང་ཡོད་རྒྱུ་རེད། ཧི་མ་ལ་ཡའི་རིག་གཞུང་ཟེར་ན་མགོ་གཏུག་ས་བོད་པའི་རིག་གཞུང་རེད། ང་རང་གིས་རིག་གཞུང་ཐོག་ལས་ཀ་གང་འཚམ་བྱས་པ་རེད། དེ་བཞིན། དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པ་དེ་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་བཏང་བ་ཡིན་ན། རང་བཞིན་གྱིས་བོད་པའི་རྩ་དོན་ལ་འཕྱར་བ་གྲུ་འདེགས་ཀྱི་ནུས་པ་འཐོན་གྱི་ཡོད་པ་རེད་དྲན་ཡོད་ལ། ༧གོང་ས་མཆོག་གི་དགོངས་གཞི་ཡང་བསྒྲུབ་ཐུབ་ཀྱི་ཡོད་པ་རེད་སྙམ་ཡོད།

དྲི་བ། བོད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རེ་ཟུང་གིས་༧གོང་ས་མཆོག་དང་བོད་གཞུང་གི་ལམ་སྟོན་དང་ལེན་མི་བྱེད་པ་མ་ཟད། ལྷག་པར་དུ་བླ་མ་སྤྲུལ་སྐུ་དང་དགེ་བཤེས་ཡིན་ཟེར་མཁན་འགའ་རེ་ཡིས་རང་ཉིད་བོད་རིགས་ཡིན་པའི་འགན་འཁྲི་དེ་ཡང་མི་འཁུར་བར་མི་རིགས་ཀྱི་ཆེ་མཐོང་དང་རྩ་དོན་ལ་གནོད་གཞིའི་ལས་ཀ་བྱེད་མཁན་ཡོང་གི་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། ༧གོང་ས་ཡིད་བཞིན་ནོར་བུ་ང་རང་གི་རྩ་བའི་བླ་མ་གཙུག་གི་ནོར་བུ་རེད། ང་རང་གི་བཀའ་ཆོས་ཞུ་ས་༧གོང་ས་མཆོག་ཡིན། ཐེག་པ་གསུམ་གྱི་རྩ་བ་ཁོང་ལ་ཐུག་ཡོད། ང་རང་གི་ངོས་ནས་ཁ་ནས་ཚིག་གཅིག་དང་ལུས་ནས་གོམ་གང་སྤོས་ཀྱང་རྩ་བའི་བླ་མའི་ཞབས་ཏོག་ལ་འགྲོ་བ་ཞིག་བྱ་དགོས་སྙམ་པའི་དམ་བཅའ་སྙིང་བཅངས་བྱས་ཡོད། ཡང་ལས་དོན་རེ་ཟུང་ཐད་ཀར་བླ་མའི་ཞབས་ཏོག་ཆགས་ཀྱི་མེད་ཀྱང་ཤུགས་སམ་བརྒྱུད་དེ་བླ་མའི་དགོངས་པ་དང་མཐུན་པ་ཞིག་ངེས་པར་དུ་བྱ་དགོས་པ་རེད་དྲན་ཡོད། བླ་མ་སྤྲུལ་སྐུ་གཞན་པ་ཚོར་མཚོན་ན་ཡང་། ཞབས་འདེགས་མ་ཐུབ་ཀྱང་ཞབས་འདྲེན་མ་ཞུས་པ་ཙམ་ཞིག་ངེས་པར་དུ་གནང་དགོས་པ་རེད། དེང་སྐབས་ཞབས་འདྲེན་ཞུ་མཁན་མང་པོ་ཡོང་གི་འདུག ༧གོང་ས་མཆོག་གི་འབག་གྱོན་ཏེ་སོ་སོའི་ཁེ་ཕན་སྒྲུབ་མཁན་དེ་རིགས་ཧ་ཅང་ཐབས་སྐྱོ་བོ་རེད། དེ་འདྲ་རེ་ཟུང་མཐོང་ཡོང་སྐབས་སོ་སོ་འགྲིག་འདུག་སྙམ་པ་ཞིག་ཡོང་གི་འདུག སྤྱིར་སོ་སོར་ཤེས་ཡོན་གྱི་གནས་ཚད་སྐྱོ་བོ་ཡིན་སྟབས། དེ་ཙམ་ལས་ཡོང་གི་མི་འདུག འདིའི་སྐོར་༧གོང་ས་མཆོག་ལའང་ཞུས་པ་ཡིན། ཐེངས་གཅིག་མཇལ་ཁར་བཅར་སྐབས། ཁོང་གིས་ཁྱེད་རང་ཚོགས་འདུ་དེ་འདྲར་ཡོང་གི་མི་འདུག་གསུངས་སོང་། ངས་ཁོང་ལ་ང་ཚོགས་འདུར་ཡོང་སྟེ་སྐད་ཆ་ཡག་པོ་ཞིག་ཀྱང་བཤད་ཤེས་ཀྱི་མེད། མ་གཞི་ནས་ང་རང་ལ་ཡོན་ཏན་མེད་སྟབས། ཚོགས་འདུའི་སྟེང་གཟུགས་པོ་སྟོན་རྒྱུ་ཙམ་ལས་སྐད་ཆ་བཤད་རྒྱུ་དང་། བསམ་ཚུལ་བརྗེ་རེས་ཀྱི་ནུས་པ་གང་ཡང་མེད། ཅེས་ཞུས་སྐབས་ཁོང་གིས་ཀྱང་། དེ་དངོས་གནས་རེད། ཁྱོད་ལ་ཁག་མི་འདུག ང་ཁྱོད་ལ་ཡིད་ཆེས་ཡོད། སོ་སོའི་ལས་འགན་མ་ནོར་བའི་ཐོག་ནས་ཤུགས་བརྒྱབ་བསྡད་ན་འགྲིག་གི་ཡོད་པ་རེད་གསུངས་སོང་། དེར་བརྟེན། ང་རང་བློ་བདེ་བོ་དང་ཡིད་འཚིམ་པ་འདྲ་ཞིག་བྱས་ཏེ་བསྡད་ཡོད།

དྲི་བ། བོད་པའི་རྩ་དོན་འཐབ་རྩོད་ཐད་ཕྱི་ལོགས་སུ་ཡོད་པའི་བོད་པ་སྐྱབས་བཅོལ་བ་དག་གིས་ཕྱོགས་ག་འདྲ་ཞིག་ལ་ཤུགས་རྒྱག་དགོས་པ་རེད་དགོངས་ཀྱི་ཡོད་དམ།
ལན། འདིའི་ཐད་ང་རང་གིས་བཤད་ཤེས་ཀྱི་མི་འདུག གོང་དུ་ཞུས་པ་ལྟར་ང་ལ་ཤེས་ཡོན་དང་ཆབ་སྲིད་བསམ་བློའི་འདང་གི་ཡོད་པ་མ་རེད། འོན་ཀྱང་བསམ་ཚུལ་ཙམ་ཞུས་ན། ཕྱི་ལོགས་ཀྱི་བོད་རིགས་ཚོས་ལས་འགུལ་སྤེལ་དགོས་པ་དང་། སེམས་ཤུགས་དང་ལ་རྒྱ་ཆེན་པོ་འཛིན་དགོས་པ་སོགས་བཤད་ཀྱི་ཡོད་ཀྱང་། ཆུང་ས་ནས་བཤད་ན། སོ་སོའི་སྟེང་གི་བོད་པའི་ངོ་རྟགས་དེ་སྲུང་རྒྱུ་གལ་ཆེན་རེད། ཕྱི་ལོགས་ན་ཡོད་པའི་བོད་རིགས་ཚོས་བོད་པའི་ཁྱད་ཆོས་སྲུང་འཛིན་ལ་ཤུགས་རྒྱག་དགོས་པ་རེད་དྲན་ཡོད། དཔེར་ན། བོད་ལ་གྱོན་པ་དང་བོད་ཟས་བཟོ་བ། བོད་སྐད་གཙང་མ་བཤད་པ་དང་། ཕྲུ་གུ་ཚོ་ལའང་བོད་པའི་གཤིས་ལུགས་གོམས་སུ་འཇུག་རྒྱུ་གལ་ཆེན་རེད། ལྷག་པར་དུ་མི་རབས་གསར་པ་དང་གཞོན་སྐྱེས་ཚོའི་ལྟ་བ་མ་ལོག་པ་ཞིག་དང་། བོད་ལུགས་མ་ཉམས་པ་ཞིག་ལ་འབད་བརྩོན་གནང་དགོས། ལས་འགན་འདི་གཙོ་ཆེ་ཤོས་ཕ་མ་ཚོས་དང་ལེན་བྱ་དགོས་པ་རེད།

དྲི་བ། འབྲུག་ཡུལ་ལ་མཚོན་ན་ཆོས་ལྡན་གྱི་རྒྱལ་ཁབ་ཡིན་པ་མ་ཟད། དཔལ་ལྡན་འབྲུག་པའི་ཆོས་བརྒྱུད་དང་དམིགས་བསལ་འབྲེལ་བ་ཡོད་སྟབས། ད་ཆར་འབྲུག་གཞུང་དང་འབྲུག་པའི་ཆོས་བརྒྱུད་བར་འབྲེལ་བ་གང་འདྲ་ཡིན་ནམ།
ལན། འབྲུག་རྒྱལ་ཁབ་ལ་མཚོན་ན་འབྲུག་པ་བཀའ་བརྒྱུད་དང་རྙིང་མ་གཉིས་ཟུང་འབྲེལ་འདྲ་བོ་རེད། ཆོས་ཕྱོགས་ནས་ང་ཚོའི་འབྲེལ་བ་ཡག་པོ་ཡོད། ཆོ་ག་ཕྱག་ལེན་དང་དགེ་སློང་སྡོམ་རྒྱུན། དགེ་ཚུལ་སོགས་འདུ་བའི་སྡོམ་རྒྱུན་ཕར་ཚུར་སྤྲོད་ལེན་དང་། སྒྲིག་ལམ་རྣམ་བཞག གཞུང་དང་རིག་གནས་སོགས་འབྲུག་པའི་རིང་ལུགས་མང་པོ་ཞིག་འབྲུག་ཡུལ་ན་མ་གཏོགས་ཡོད་པ་མ་རེད། འོན་ཀྱང་། སྲིད་ཕྱོགས་ནས་གཞུང་དང་དམིགས་བསལ་འབྲེལ་བ་མེད། གཅིག་བྱས་ན་ང་ལ་སྲིད་དོན་གྱི་ཤེས་ཡོན་མེད་སྟབས་མ་འཇོན་པ་ཡིན་སྲིད་པ་རེད། ཆེད་དུ་སྲིད་ཕྱོགས་ནས་ལས་ཀ་བྱ་དགོས་པ་དེ་འདྲ་ཡོང་གི་མི་འདུག སྤྱིར་འབྲུག་ཡུལ་གྱི་ཆབ་སྲིད་གནས་སྟངས་ཐོག་ནས་ཅུང་དམ་དྲག་ཡིན་ཡང་། ང་ཚོས་ཕན་ཚུན་ལ་ཤེས་རྟོགས་ཡག་པོ་ཡོད་སྟབས། ང་ཚོ་ཕར་འགྲོ་ཚུར་འོང་བྱེད་པ་དང་ལས་ཀའི་ཐོག་ནས་ཕར་ཚུར་བརྗེ་རེས་བྱེད་པར་དཀའ་ངལ་གང་ཡང་མི་འདུག

No comments:

Post a Comment