Tuesday, April 26, 2011

རྒྱ་ནག་གི་སྲིད་དབང་འགྱུར་དཀའ།

ཁང་གསར་རྡོ་རྗེས།

ང་ཚོའི་ཁ་གཏད་རྒྱ་ནག་ཡིན་པས། ངས་ནམ་རྒྱུན་རྒྱ་ནག་གི་གནས་ཚུལ་ལ་དམིགས་བསལ་དོ་སྣང་བྱས་པ་མ་ཟད། རྒྱ་རིགས་གང་མང་མང་དང་འབྲེལ་བ་བཙུགས། བརྒྱུད་རིམ་དེའི་ཁྲོད་ནས་ང་ལ་རྒྱུས་ལོན་ཁག་ཅིག་བྱུང་།
བོད་མི་སྤྱི་དང་སྒོས་སུ་ཕྱི་ཕྱོགས་སུ་འཚར་ལོངས་བྱས་པའི་བོད་པ་ཚོས། རྒྱ་ནག་ནི་འཐོར་ཆོག་ཆོག་ཅིག་དང་། དམར་པོའི་གཞུང་ནི་འབོ་ལུག་ཆོག་ཆོག་ཅིག་ཏུ་རྩི་བཞིན་ཡོད། ཡིན་ནའང་དོན་དངོས་སུ་དེ་ལྟར་ཡིན་དཀའ་བར་འདུག དེ་ལའང་གཤམ་གསལ་རྒྱུ་མཚན་ཡོད།
༡) རྒྱ་མི་རྣམས་ལོ་ངོ་བརྒྱ་ཕྲག་མང་བོ་ཞིག་གི་རིང་། སོག་པོ་དང་དབྱིན་ཇི། མན་ཇུ། ཉི་ཧོང་(རི་པིན་)བཅས་ཀྱི་འོག་ཏུ་དཀའ་སྡུག་ཡོད་ཚད་མྱོང་དགོས་བྱུང་མཐར། གུང་ཁྲན་ཏང་གི་སྐབས་སུ་ད་གཟོད་མགོ་བོ་འདེགས་ཐུབ་པ་བྱུང་སྟེ། སྟོབས་ཆེན་ཨ་རི་སོགས་ལའང་དོ་དོ་ཚད་ཚད་བྱེད་བཞིན་ཡོད། རྒྱ་མི་ཚོས་འདི་ནི་ལོ་ངོ་སྟོང་ཕྲག་རིང་གི་རེ་སྨོན་མངོན་དུ་གྱུར་བ་ཞིག་ཏུ་བརྩི་བཞིན་འདུག་པ་ལས། རྒྱ་ནག་དམར་ཤོག་གི་འོག་ཏུ་བསྡད་པའི་ངོ་ཚ་ཞིག་ལ་བརྩི་གི་མི་འདུག
༢) སྤྱིར་བཏང་རྒྱ་རིགས་ཤེས་ཡོན་ཅན་གྱི་ནང་དུ་རྒྱ་ནག་དམར་གཞུང་གི་བྱེད་སྟངས་ལ་མི་དགའ་མཁན་ངེས་ཅན་ཞིག་ཡོད་ཀྱང་། ཁོང་ཚོ་མང་ཆེ་བས། རྒྱ་ནག་དམར་གཞུང་འདི་གློ་བུར་མགོ་རྟིང་ལོག་ན། རྒྱ་ནག་ཡོངས་ད་ལྟ་བཞིན་གཅིག་སྒྲིལ་བྱེད་ཐུབ་པའི་གཞུང་ཞིག་ཡོང་དཀའ་ལ། ནུབ་ཕྱོགས་རྒྱལ་ཁབ་ཚོས་གོ་སྐབས་དེ་བཟུང་སྟེ། རྒྱ་ནག་ལངས་རྒྱུ་མེད་པ་བཟོ་ངེས་ཡིན་པར་ངོས་འཛིན་བྱེད་བཞིན་འདུག བསམ་ཚུལ་དེའི་འོག་ནས། རྒྱ་རིགས་ཤེས་ཡོན་ཅན་ཚོས། རྒྱ་ནག་དམར་གཞུང་ལ་མ་འདོད་པ་ཡོད་ཀྱང་མགོ་རྟིང་སློག་འདོད་མི་འདུག དཔེར་ན། ༢༠༠༨ ལོར་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་འཚོཊ་སྐབས་དེ་གོ་སྐབས་བཟང་ཤོས་ཤིག་ཡིན་རུང་། རྒྱ་རིགས་ཤེས་ཡོན་ཅན་དང་། དམངས་གཙོ་དོན་གཉེར་ཚོས་ངོ་རྒོལ་ཤུགས་ཆེ་བྱས་མེད་བ་མ་ཟད། ཐ་ན་ཆོས་འཁོར་སྒོམ་སྒྲུབ་པ་(ཧྥ་ལུང་ཀུང་)ཚོར་འབྲེལ་བ་བྱས་ནའང་། ངོ་རྒོལ་ནང་མཉམ་ཞུགས་བྱེད་ཀི་མི་འདུག
༣) བོད་དང་ཤིན་ཅང་ལྟ་བུའི་ཚོར་བ་སྐྱེན་པའི་ས་ཁུལ་ཕུད། རྒྱ་ནག་རང་གི་ས་ཁུལ་དུ་ སྔོན་ཆད་དང་བསྡུར་ན། ཕྱོགས་མང་པོ་ཞིག་ནས་རང་དབང་གི་གོ་སྐབས་ཆེ་རུ་སོང་འདུག རང་དབང་ཡོད་པ་ཞིག་མེད་པ་བཟོས་ན། མིའི་སེམས་ནང་མི་འདོད་པ་འབྱུང་གི་ཡོད་ཀྱང་། རང་དབང་མེད་པའི་རིག་གནས་གསར་བརྗེ་སོགས་ཀྱི་དུས་སྐབས་ནས། རིམ་པས་རང་དབང་ཇེ་ཆེར་བཏང་དུས། རྒྱ་མི་དཀྱུས་མ་ཚོས་རང་ཉིད་ཀྱི་རང་དབང་ཆེ་རུ་སོང་བ་ལས་ཆུང་དུ་སོང་བར་བརྩི་གི་མི་འདུག
༤) རྒྱ་ནག་དམར་གཞུང་གི་བྱེད་སྟངས་ཀྱང་ཧ་ཅང་མཁས་པ་རེད་འདུག སྤྱིར་བཏང་དབང་ཆ་གཙོ་བོ་རྣམས་དམར་གཞུང་གིས་བཟུང་ཡོད་ཀྱང་། རྒྱ་མིའི་རྫོང་དང་ས་ཁུལ་གྱི་རིམ་པའི་དཔོན་རིགས་མང་པོ་ཞིག་མང་ཚོགས་ཀྱིས་རང་མོས་འདེམས་ཤོག་འཕངས་ཏེ་འདེམས་བསྐོ་བྱེད་བཞིན་འདུག རྒྱ་ནག་རང་གི་ནང་སྤྱི་ཚོགས་ནང་དྲང་བདེན་མ་ཡིན་པའི་གནས་ཚུལ་བྱུང་སྐབས། ས་གནས་ཀྱི་ཚགས་པར་སོགས་སུའང་གླེང་སློང་ཡོང་གི་འདུག
༥) དྲྭ་རྒྱ་སོགས་ལ་བཀག་རྒྱ་ངེས་ཅན་ཡོད་ཀྱང་། རང་དབང་ཡང་ངེས་ཅན་འདུག སྤྱོད་རྒྱ་ཆེ་བའི་དྲྭ་རྒྱ་གང་ཞིག་བཀག་འགོག་བྱས་ཚེ། དེའི་ཚབ་ལ་གཞན་ཞིག་ཡོད་པ་བཟོ་བཞིན་ཡོད་ལ། དྲྭ་ལམ་དུ་གཞུང་ལ་གནོད་པའི་གླེང་ཕྱོགས་ཤུགས་ཆེ་ཞིག་ཐོན་ཚེ། གཞུང་གིས་སྒྲིག་འཛུགས་བྱས་བའི་མི་སྟོང་ཕྲག་ཁ་ཤས་ཀྱིས། རྫུ་འཕྲུལ་བསྟན་པ་བཞིན་དྲྭ་ལམ་གྱི་གླེང་ཕྱོགས་བསྒྱུར་བཞིན་འདུག
༦) རྒྱ་ནག་གི་ནང་དུ། ལས་འགུལ་ཤུགས་ཆེ་སྤེལ་ཐུབ་པའི་སྒྲིག་འཛུགས་ཤིག་མངོན་ལྐོག་གཉིས་ཀ་ནས་འཛུགས་ཐུབ་པ་ཧ་ཅང་དཀའ་ཞིང་། རྒྱ་ནག་གི་ཕྱི་རོལ་ཏུ། རྒྱ་མི་རྣམས་གཅིག་འོག་གཅིག་ཏུ་སྡོད་འདོད་མེད་པའི་ཆ་ནས། ནུས་ཤུགས་ཆེ་བའི་ཚོགས་པ་འཛུགས་ཐུབ་ཐབས་བྲལ་འདུག
༧) སྔོན་ཆད། རྒྱ་ནག་གི་སློབ་གྲྭ་ཁག་ཏུ་ལག་ལེན་ལས་གཞུང་ལུགས་གལ་ཆེ་བར་བརྩི་བཞིན་ཡོད་ཅིང་། དེང་སྐབས་དེ་ལས་ལྡོག་སྟེ། གཞུང་ལུགས་ལས་ལག་ལེན་གལ་ཆེ་བར་བརྩི་བཞིན་འདུག དེས་ཕྱོགས་གཅིག་ནས་རྒྱ་ནག་ནང་ཁ་ཡོད་ལག་ཡོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐུབ་པ་དང་། ཕྱོགས་གཞན་ནས་གསར་བརྗེ་ཡོང་ཉེན་ཆེ་བའི་ལྟ་བའི་རྣམ་གཞག་ལ་གཡོལ་ཐུབ་ཀི་འདུག
༨) རྒྱ་ནག་ལ་ས་ཡོམ་དང་། ཆུ་ལོག་སོགས་རང་བྱུང་གནོད་འཚེ་ཡང་ཡང་འབྱུང་གི་ཡོད་ཅིང་། རང་བྱུང་གནོད་འཚེ་ཡོང་ཐེངས་རེ་རེར་རྒྱ་ནག་གཞུང་གིས་དམག་དཔུང་མངགས་ཏེ། མང་ཚོགས་ལ་རོགས་བྱེད་པ་དང་། དེ་པར་བླངས་ཏེ་དྲིལ་བསྒྲགས་བྱས་ནས་སྲིད་གཞུང་ལ་ཡིད་ཆེས་བསྐྲུན་ཐབས་བྱེད་བཞིན་འདུག
༩) རྒྱ་རིགས་ཚོར། རང་གི་མི་རིགས་ཆེ་རློམ་གྱི་བསམ་བློ་ཤུགས་ཆེན་པོ་འདུག བསམ་བློ་དེ་ནི་ཐ་ན་ཐེ་ཝན་གྱི་རྒྱ་མི་མང་པོ་ལའང་འདུག དེའི་ཐོག་རྒྱ་མི་རིགས་དེ། རང་བཞིན་གྱིས་ས་ཆ་རྒྱ་ཆེན་པོ་དང་མིང་རྫིག་པོ་ལ་དགའ་མཁན་ཞིག་རེད། རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་འདུག་ཀྱང་། རྒྱ་གར་དང་པ་ཀི་སེ་ཏན། ཐའི་ལན་སོགས་དང་མི་འདྲ་བ་ཞིག་ནི། ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་དེ། དམའ་རིམ་ལས་བྱེད་དང་དམའ་རིམ་དཔོན་རིགས་ནང་མཐོང་དཀོན་པ་དེ་རེད། དེའི་དབང་གིས་སྤྱི་ཚོགས་ནང་མངོན་གསལ་དོད་པོ་མ་རེད།
༡༠) རྒྱ་ནག་གི་ལོ་རྒྱུས་ནང་། སྲིད་དབང་འཕོ་འགྱུར་ཤུགས་ཆེ་ཤོས་དང་མང་ཤོས་ཀྱི་རྒྱུ་རྐྱེན་ནི། མཐོ་རིམ་དཔོན་རིགས་བར་གྱི་འགལ་ཟླ་ཡིན། འགལ་ཟླ་དེ་ཚོ་ནང་ཁུལ་དང་ཕྱི་མིས་བེད་སྤྱོད་བཏང་སྟེ་རྙོག་དྲ་ཆེར་སྐྱེད་བྱེད་བཞིན་ཡོད། ཡིན་ནའང་། ད་ལྟའི་རྒྱ་ནག་དམར་ཤོག་གི་སྒྲིག་འཛུགས་དང་སྒྲོམ་གཞི་ཚགས་ཚུད་ཅིང་། དེ་ལ་ཕྱི་མིས་ཐེ་ཇུས་བྱེད་ཐུབ་པ་ལྟ་ཅི། ཕྱི་མིས་ཚོད་དཔག་ཙམ་ལས། ཡང་སྙིང་སུ་སུའི་ཕྱོགས་གཏོགས་ཡིན་པ་དང་། སུ་དང་སུའི་བར་འགལ་ཟླ་ཡོད་པ་ཙམ་ཡང་ཤེས་དཀའ་བ་ཡིན།
གོང་གསལ་རྒྱུ་མཚན་བཅུའི་ཆ་ནས་བལྟས་ན། རྒྱ་ནག་ནང་གློ་བུར་འགྱུར་བ་ཤུགས་ཆེན་པོ་ཡོང་དཀའ་ལ། སྲིད་དབང་ལོ་གཅིག་གཉིས་ནང་མགོ་རྟིང་ལོག་པའི་གནས་ཚུལ་དེ་བས་ཀྱང་འབྱུང་དཀའ་བར་མངོན། །

No comments:

Post a Comment