Sunday, June 26, 2011

ཨ་རུ་ན་ཅལ་གྱི་མི་ཚང་གཅིག་ནས་མི་གཅིག་རེ་འཐེན་རོཊ།

འདོན་སྤེལ། ༢༠༡༡/༠༦/༠༡
"ཁེ་ན་ཌའི་མངའ་སྡེ་ ༤ ཙམ་ནང་བོད་མི་སྐྱབས་བཅོལ་པ་གནས་ཡོད་པ་དང་། བོད་མིའི་འདུས་སྡོད་ཁུལ་རེར་ཨ་རུ་ན་ཅལ་ནས་ཡོང་མཁན་ ༢༥༠ ཙམ་རེ་བགོ་འགྲེམས་བྱ་འཆར་ཡོད་པ་རེད། ད་སྔའི་ཐག་གཅོད་ནང་མི་ཚང་རེ་ནས་མི་གཅིག་རེ་འཐེན་རྒྱུ་དེ་མ་རེད། མི་ཚང་གཅིག་ལ་མི་ག་ཚོད་ཡོད་པ་ཚང་མ་མཉམ་དུ་ལེན་རྒྱུ་རེད" ཟེར།
སྔ་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༡༨ ཉིན་ཁེ་ན་ཌ་གཞུང་གིས་འབྱུང་འགྱུར་ལོ་ལྔའི་ནང་། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ནས་བོད་མི་ ༡༠༠༠ སྐྱབས་བཅོལ་ལེན་རྒྱུ་ཡིན་སྐོར་བསྒྲགས་རྗེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད། ཨ་རུ་ན་ཅལ་གཅིག་པུ་ནས་ལེན་དགོས་དོན་གང་ཡིན་དང་། ལེན་ལུགས་ལེན་སྟངས་གང་འདྲ་ཡིན་མིན། ཆ་རྐྱེན་གང་འདྲ་ཚང་དགོས་མིན་སོགས་ཀྱི་ཐད་གླེང་སློང་སྣ་ཚོགས་འབྱུང་བཞིན་ཡོད།

གནས་ཚུལ་འདིའི་ཐད་བྱང་ཨ་རིའི་བདམས་ཐོན་སྤྱི་འཐུས་དང་། ཐེངས་འདིའི་ལས་གཞི་ལམ་སྟོན་ཚན་པའི་བདེ་སྐྱིད་ཆོས་དབྱངས་ལགས་ལ།
ཨ་རུ་ན་ཅལ་ནས་བོད་མི་ཆིག་སྟོང་ཁེ་ན་ཌར་ལེན་རྒྱུའི་ལས་གཞི་དེ་ད་ཆར་གང་འདྲ་ཆགས་ཡོད་མེད་བཅར་འདྲི་ཞུས་པར་ཁོང་མོས་ངོ་སྤྲོད་གནང་དོན། ཁེ་ན་ཌར་བོད་མི་ཆིག་སྟོང་ལེན་རྒྱུ་ལས་གཞི་དེ་ཉེ་ཆར་གཏན་ཁེལ་ཐག་གཅོད་བྱུང་སྟེ། ཁེ་ན་ཌ་གཞུང་གི་ཡུལ་མི་གནས་སྤོར་ལས་ཁུངས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་རེད། ཨ་རུ་ན་ཅལ་ནས་བོད་མི་ཆིག་སྟོང་ལེན་རྒྱུར་ཐོག་མར། ཁོང་ཚོར་འགན་ལེན་དང་སྦྱིན་བདག་གནང་མཁན་ཐག་གཅོད་བྱ་དགོས་པ་ཞིག་ཆགས་ཡོད། ཁེ་ན་ཌའི་གཞུང་གི་ཁྲིམས་ཐོག་ཏུ་ཕྱི་ལོགས་ཀྱི་མི་ཡོང་ན་སྦྱིན་བདག་གམ་འགན་ལེན་པས་ལོ་ལྔའི་རིང་ཁག་ཐག་བྱ་དགོས་པ་རེད། འོན་ཀྱང་། བོད་པ་ཚོར་དམིགས་བསལ་གཟིགས་རྟོག་གནང་སྟེ། ལོ་གཅིག་གི་ཁག་ཐེགས་ལས་མི་དགོས་པའི་གནས་སྟངས་ཆགས་ཡོད། ཐེངས་འདིར་བོད་མི་ཆིག་སྟོང་ལེན་རྒྱུར་ཁེ་ན་ཌ་གཞུང་གིས་ཁྲིམས་མཐུན་ངོས་ལེན་གནང་བ་ཙམ་མ་གཏོགས། འགྲོ་གྲོན་དང་སྡོད་གནས་སོགས་ཀྱི་མཐུན་རྐྱེན་གང་ཡང་མེད་པར་སྒེར་ངོས་ནས་ཐབས་ཤེས་བྱ་དགོས་སྟབས། ད་ཆར་ལས་གཞི་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཁེ་ན་ཌའི་ནང་གི་བོད་མི་གཏན་སྡོད་བྱེད་མཁན་ཚོའི་ཁྲོད་དུ། ཨ་རུ་ན་ཅལ་ནས་ཡོང་མཁན་ཚོར་འགན་ལེན་དང་སྦྱིན་བདག་བྱེད་མཁན་འཚོལ་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ཨ་རུ་ན་ཅལ་མེའོ་ཆོས་འཕེལ་གླིང་ས་གནས་འཐུས་མིའི་ཚོགས་གཙོ་ཀ་དག་རྡོ་རྗེ་ལགས་ལ། ས་གནས་མི་མང་གི་འཚོ་བའི་གནས་སྟངས་གང་འདྲ་ཡོད་མེད་དང་། ཁེ་ན་ཌར་བོད་མི་ཆིག་སྟོང་ལེན་རྒྱུར་གྲ་སྒྲིག་གང་འདྲ་བྱེད་ཀྱི་ཡོད་པ་སོགས་དྲིས་པར་ཁོང་གིས་ལན་འདེབས་གནང་དོན། མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་དེ་ ༡༩༦༢ ལོར་གསར་འཛུགས་བྱས་པ་དང་། ད་ལྟ་གཞིས་ཆགས་ནང་མི་ ༣༠༠༠ ལྷག་ཙམ་ཡོད། མི་ཚང་ཕལ་ཆེ་བ་ཞིང་ལས་གཅིག་པུར་བརྟེན་ཏེ་འཚོ་བ་སྐྱེལ་གྱི་ཡོད་སྟབས། ས་གནས་བོད་མིའི་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་བོ་རེད།
ཨ་རུ་ན་ཅལ་ནས་བོད་མི་ཆིག་སྟོང་ཁེ་ན་ཌར་ལེན་རྒྱུའི་གནས་ཚུལ་དེ་ཐོག་མར་ཚགས་པར་ལས་མཐོང་སོང་། དེའི་རྗེས་བོད་གཞུང་ནང་སྲིད་དྲུང་ཆེ་མཆོག་དང་དང་ཁེ་ན་ཌའི་མི་སྣ་ཁག་ཅིག་ཏེ་ཛུ་ས་གནས་སུ་ཞིབ་འཇུག་བྱེད་པར་ཕེབས་འདུག ང་ཚོའི་གཞིས་ཆགས་ལ་ཕེབས་མ་སོང་པས་རྗེས་སུ་ངས་ནང་སྲིད་དྲུང་ཆེ་མཆོག་ལ་བཀའ་འདྲི་ཞུས་སྐབས། ད་དུང་ཐག་གཅོད་གསལ་པོ་གང་ཡང་བྱུང་མ་སོང་གསུངས་བྱུང་། ཁོང་ཚོ་ཕེབས་སྐབས་ས་གནས་ལ་ཞིབ་འཇུག་དང་མཉམ་དུ་ཏེ་ཛུ་ས་གནས་འཐུས་མི་དང་མཉམ་དུ་ཚོགས་འདུ་བསྐངས་ཏེ་མི་མང་གི་བསམ་ཚུལ་བསྡུས་འདུག སྐབས་དེར་མི་མང་ཕལ་ཆེ་བས་མི་ཚང་རེ་ནས་མི་གཅིག་རེ་ལེན་རྒྱུའི་རེ་བ་བཏོན་ཡོད་འདུག་ལ། འདི་ནི་ས་གནས་མི་མང་ཚང་མའི་རེ་འདུན་ཡང་རེད། རྗེས་སུ་བཀའ་བློན་ཁྲི་པ་མཆོག་ས་གནས་སུ་ཕེབས་སྐབས་བཀའ་འདྲི་ཞུས་ཡོད་ཀྱང་། ཁོང་གིས་ཁེ་ན་ཌར་ཨ་རུ་ན་ཅལ་ནས་བོད་མི་ཆིག་སྟོང་ལེན་རྒྱུའི་ཐག་གཅོད་ཅིག་བྱུང་འདུག དེ་ཙམ་ལས་ང་ལ་གནས་ཚུལ་གསལ་བོ་བཤད་རྒྱུ་མེད་གསུངས་སོང་། ཞེས་བརྗོད་བྱུང་།

ཁེ་ན་ཌའི་མོན་ཊི་རེལ་ནས་ཡིན་ཞིང་། ཐེངས་འདིའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བཀྲ་ཤིས་དབང་རྒྱལ་ལགས་ལ། ཁེ་ན་ཌའི་བོད་མིའི་གནས་སྟངས་གང་འདྲ་ཡོད་པ་དང་། ཨ་རུ་ན་ཅལ་ནས་བོད་མི་ཆིག་སྟོང་ཁེ་ན་ཌར་ལེན་ཕྱོགས་ལ་འཆར་གཞི་གང་འདྲ་བཟོས་ཡོད་མེད་དྲིས་པར་ཁོང་གིས་གསུངས་དོན། ང་ཡོད་སའི་བོད་མི་ཚོ་ ༡༩༧༢ ལོར་ཐོག་མར་ཁེ་ན་ཌ་གཞུང་གིས་བོད་མི་སྐྱབས་བཅོལ་པ་ལངས་པའི་ཁོངས་ཀྱི་སྡེ་ཚན་གཅིག་རེད། ཕྱིས་སུ་རྒྱ་བལ་འབྲུག་གསུམ་ནས་ཡོང་པ་བཅས་ད་ལྟ་ཁྱོན་མི་གྲངས་ ༡༥༠ ཙམ་ཡོད།
ཁེ་ན་ཌའི་མངའ་སྡེ་ ༤ ཙམ་ནང་བོད་མི་སྐྱབས་བཅོལ་པ་གནས་ཡོད་པ་དང་། བོད་མིའི་འདུས་སྡོད་ཁུལ་རེར་ཨ་རུ་ན་ཅལ་ནས་ཡོང་མཁན་ ༢༥༠ ཙམ་རེ་བགོ་འགྲེམས་བྱ་འཆར་ཡོད་པ་རེད། ད་སྔའི་ཐག་གཅོད་ནང་མི་ཚང་རེ་ནས་མི་གཅིག་རེ་འཐེན་རྒྱུ་དེ་མ་རེད། མི་ཚང་གཅིག་ལ་མི་ག་ཚོད་ཡོད་པ་ཚང་མ་མཉམ་དུ་ལེན་རྒྱུ་དེ་རེད། སྔོན་མ་ཨ་རིས་བོད་མི་ཆིག་སྟོང་འཐེན་སྐབས། མི་ཚང་གཅིག་རེ་ནས་མི་གཅིག་རེ་འཐེན་ཏེ། རྗེས་སུ་ནང་མི་འཐེན་ཐུབ་མིན་གྱི་གནས་ཚུལ་མང་པོ་བྱུང་པ་དང་། ནང་མི་ཁ་བྲལ་སོང་བ་སོགས་ཀྱིས་རྐྱེན་པས་བོད་མིའི་སྤྱི་ཚོགས་ནང་རྩོད་རྙོག་མང་པོ་བྱུང་བ་རེད། ད་ཐེངས་མི་ཚང་ལྟར་འཐེན་རྒྱུའི་བསམ་ཚུལ་ཁེ་ན་ཌའི་ཡུལ་མི་གནས་སྤོར་ལས་ཁུངས་(Immigration Office)ཞེས་པའི་བློན་ཆེན་མཆོག་ལ་ཕུལ་པ་ལྟར་ཐག་གཅོད་བྱུང་པ་ཞིག་རེད། ཅེས་བརྗོད་བྱུང་།
མཇུག་ཏུ། ཕྱི་ཟླ་དྲུག་པའི་ཟླ་འགོར་ང་ཚོའི་ཚོགས་པའི་འགན་འཛིན་ཌེར་མོ་ཌི་ (Dermod Travis) དང་ཉི་མ་རྡོ་རྗེ་གཉིས་ཨ་རུ་ན་ཅལ་ཁུལ་ལ་ཕེབས་ཏེ། བོད་མིའི་ས་ཁུལ་ཁག་ལ་ལྟ་ཞིབ་གནང་རྒྱུ་རེད། ཁོང་གཉིས་ཕྱིར་ལོག་རྗེས་ཐག་གཅོད་ཁ་གསལ་ཞིག་ཡོང་གི་རེད། ཅེས་བརྗོད་བྱུང་།

ཨ་རུ་ན་ཅལ་ཏེ་ཛུ་དར་རྒྱས་གླིང་ས་གནས་རང་བདེན་ཚོགས་ཆུང་གི་འཐུས་མི་བསྟན་འཛིན་ཆོས་འཕེལ་ལགས་ལ
། ས་གནས་དེ་གའི་མི་མང་གི་འཚོ་བའི་གནས་སྟངས་དང་། ས་གནས་མི་མང་གིས་ཐེངས་འདིར་ཁེ་ན་ཌར་འགྲོ་ཐུབ་པར་རེ་བ་ཅི་ཙམ་གནང་གི་ཡོད་མེད་དྲིས་པར་ཁོང་གིས། ཏེ་ཛུ་ས་གནས་སུ་བོད་མིའི་གཞིས་ཆགས་ ༥ དང་མི་ཚང་ ༣༠༠ ཡས་མས་ཤིག དེ་ལ་མི་གྲངས་ ༡༥༠༠ ཙམ་ཡོད། འཚོ་བའི་གནས་སྟངས་ནི་གཞན་ལ་སློང་མི་དགོས་ཙམ་ཞིག་རེད། འཚོ་ཐབས་གཙོ་བོ་ཞིང་ལས་རེད། ཞིང་ལས་ཀྱང་རང་ཁ་རང་གསོ་ཙམ་ལས་ཕྱིར་ཚོང་བྱ་རྒྱུ་ཡོད་པ་མ་རེད། ཅེས་དང་།
ཁོང་གིས་མུ་མཐུད། སྔོན་མ་བལ་ཡུལ་གྱི་མི་མང་པོ་ཞིག་ཨ་རིར་འཐེན་རྒྱུ་རེད་ཟེར་ནས་ཚ་ཚ་འུར་འུར་བྱས་བའི་མཐའ་མར་འཐེན་མ་ཐུབ་སྟབས། ད་ཐེངས་ཡང་ས་གནས་མི་མང་ཚོས་གནས་སྟངས་གང་འདྲ་ཆགས་ཡོང་ན་བསམས་ཏེ་སེམས་འཚབ་བྱེད་ཀྱི་འདུག ད་ལྟ་ཕྱི་ལོགས་སུ་ཡོང་དུས་མི་དེ་ཚོས་ཨ་རུ་ན་ཅལ་ནས་བོད་མི་ཆིག་སྟོང་ཁེ་ན་ཌར་ལེན་རྒྱུ་རེད་ཟེར་ནས་གླེང་སློང་ཆེན་པོ་བྱེད་ཀྱི་འདུག་མ་གཏོགས། གཞིས་ཆགས་རང་ནས་གནས་ཚུལ་གསལ་བོ་ཞིག་གོ་ཐུབ་ཀྱི་མི་འདུག ཅེས་བརྗོད་བྱུང་།
ཁེ་ན་ཌས་བོད་མི་སྐྱབས་བཅོལ་བ་ལངས་པ་ད་རེས་ཐེངས་གཉིས་པ་ཆགས་ཡོད་ཀྱང་། སྔོན་མ ༡༩༧༢ ལོར་ཁེ་ན་ཌ་གཞུང་གིས་རྒྱ་གར་བྱང་ཕྱོགས་ནས་བོད་མི་སྐྱབས་བཅོལ་པ ༢༣༠ སྐྱབས་བཅོལ་དུ་བླངས་ཡོད་འདུག

དེ་སྔོན་དགུ་བཅུ་གོ་གྲངས་ནང་༧གོང་ས་མཆོག་ཨ་རུ་ན་ཅལ་དུ་ཆིབས་བསྒྱུར་བསྐྱངས་སྐབས། ས་གནས་བོད་རིགས་གཞིས་ཆགས་ཁག་གི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་གཟིགས་སྣང་བྱུང་སྟབས། ཕྱི་ལོ་ ༢༠༠༧ ལོར་༧གོང་ས་མཆོག་ཁེ་ན་ཌར་ཆིབས་བསྒྱུར་བསྐྱངས་སྐབས། ཁེ་ན་ཌའི་སྲིད་བློན་དང་མཇལ་འཕྲད་གནང་ཞིང་། སྐབས་དེར་ཁེ་ན་ཌའི་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་ཐོག་ག་རེ་བྱ་དགོས་སྐོར་གྱི་གླེང་སློང་བྱུང་པར། ༧གོང་ས་མཆོག་གིས་ཨ་རུ་ན་ཅལ་ནང་གི་བོད་མིའི་གནས་སྟངས་སྐྱོ་བོ་ཡིན་པས་ཁོང་ཚོ་ཁེ་ན་ཌར་ལེན་ཐུབ་ན་ཞེས་རེ་སྐུལ་ཞུས་ཡོད་ཅིང་། འདས་ལོའི་ཕྱི་ཟླ་བརྒྱད་པ་ཙམ་ལ་ཁེ་ན་ཌའི་གྲོས་ཚོགས་ནས་བོད་མི་ཆིག་སྟོང་ལེན་རྒྱུར་ཐག་གཅོད་བྱུང་རྗེས། ཁེ་ན་ཌ་གཞུང་གིས་ཁེ་ན་ཌ་བོད་རིགས་མཐུན་ཚོགས (Canada Tibet Committee)ལ་འབྲེལ་པ་བྱས་ཡོད་ཅིང་། ལས་གཞི་འདིའི་མགོ་རྔ་ཆ་ཚང་ཁེ་ན་ཌ་བོད་རིགས་མཐུན་ཚོགས་ཀྱིས་འགན་རྐང་ལེན་གནང་ཡོད་འདུག

No comments:

Post a Comment