Wednesday, September 7, 2011

སི་ནེ་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་ངོས་ལེན་མེད་ཟེར།

ཨོ་སི་ཁྲུ་ལི་ཡ་སི་ནེ་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་མང་གཙོའི་དུས་ཆེན་ཉིན་གཅིག་ཕྱིར་འཐེན་གྱིས་ཟླ་འདིའི་ཚེས་༣ ཉིན་སྲུང་བརྩི་བྱས་པ་དང་། སྐུ་མགྲོན་གཙོ་བོ་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲུང་ཆེ་དངོས་གྲུབ་རྒྱལ་མཚན་གཉིས་ཕེབས་ཡོད་པ་རེད། དེ་དང་སྟབས་བསྟུན་སི་ནེ་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་གསར་རྙིང་གིས་རྩིས་སྤྲོད་རྩིས་ལེན་བྱེད་སྐབས། བཀྲ་ཤིས་རྒྱ་མཚོ་ཞེས་པ་ཡར་ལངས་ནས་དེ་སྔོན་༧གོང་ས་མཆོག་གིས་མང་གཙོ་མི་མང་ལ་གནང་སྟེ་མི་ལོ་ལྔ་བཅུ་ལྷག་ཙམ་འགྲོ་བཞིན་ཡོད་ཀྱང་། ད་དུང་ས་གནས་འདིར་རྒྱ་གུང་ཁྲན་གྱི་སྲིད་བྱུས་དང་གཅིག་མཚུངས་འདྲ་བོ་ཞིག་བྱེད་ཀྱི་ཡོད་པ་རེད། ངའི་ངོས་ནས་རྒྱུན་ལས་གསར་པ་ཚོར་ངོས་ལེན་བྱེད་ཐུབ་ཀྱི་མེད་ཅེས་བཤད། དེ་རྗེས་དཔལ་འབྱོར་ཚེ་རིང་ཞེས་པ་ཡར་ལངས་ཏེ་རྒྱུན་ལས་གསར་འདེམས་བྱུང་བ་དེ་དོན་དངོས་ཐོག་ཡག་པོ་དང་དྲང་པོ་བྱུང་མེད་པ་དེ། སྐུ་ཚབ་དོན་གཅོད་ཀྱིས་ཤེས་ཀྱི་ཡོད་དམ་མེད།འདིའི་ཐོག་ལ་དོན་གཅོད་ཀྱིས་གསལ་བཤད་དྲང་པོ་མ་བྱས་ན། ངས་ཟས་བཅད་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་བཤད། དེ་ནས་ཨ་པོ་དགའ་དགའ་ཞེས་པ་ཡར་ལངས་ཏེ་ང་མི་རྒན་ཞིག་གི་རེ་བ་ལ། ཁྱེད་ཅག་འདིར་ཡོད་བོད་མི་ཚོར་བསམ་པ་རྣམ་དག་གིས་རེ་འདུན་ཡོད་པ་ནི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱས་ནས་སྡོད་དགོས་སྐོར་སོགས་མི་མང་ལ་བསླབ་བྱ་བརྒྱབ་སྟེ། མི་མང་གིས་ཀྱང་ཉན་བཞིན་པའི་སྐབས་སུ་གློ་བུར་དུ་རྡོ་རྗེ་སྒྲོལ་མ་དང་ཆོས་སྒྲོན་སོགས་ཀྱིས་འབོད་འགུག་བྱས་པའི་ས་གནས་ཉེན་རྟོག་པ་སླེབས་ཏེ། དཔལ་འབྱོར་ཚེ་རིང་ཁྲིད་བཅུག་ཡོད་པ་རེད། སྐབས་དེར་ཁག་ཅིག་དགའ་ནས་ལག་པ་བརྡབ་ཡོད་ཀྱང་མི་མང་པོ་ཧང་སང་བ་དང་། ཡང་ཁག་ཅིག་ནི་བོད་མི་ནང་ཁུལ་ལ་བསམ་ཚུལ་བཤད་པ་ཙམ་གྱིས་ཉེན་རྟོག་མི་སྣར་རྩིས་སྤྲོད་བྱས་པར་བློ་ཕམ་ཡོད་ཅེས་ངར་ཤུགས་ཀྱིས་བཤད་མཁན་བྱུང་ཡོད་པ་རེད། དཔལ་འབྱོར་ཚེ་རིང་གི་སྐྱེ་དམན་གཡང་ཕྱུག་སྐྱིད་ཀྱིས་ངའི་བཟའ་ཟླ་ཉེན་རྟོག་མི་སྣར་རྩིས་སྤྲད་བྱེད་དགོས་དོན་གང་ཡིན་རྒྱུན་ལས་དང་སྐུ་ཚབ་དོན་གཅོད་སོགས་ཀྱིས་ངེས་པར་དུ་གསལ་བཤད་བྱེད་དགོས་ཞེས་ངར་ཤུགས་ཆེན་པོའི་ཐོག་ནས་བཤད་ཀྱང་། སྐུ་ཚབ་དོན་གཅོད་དང་རྒྱུན་ལས་གསར་རྙིང་སུ་ཞིག་གིས་གསལ་བཤད་རྒྱག་རོགས་མ་བྱས་པའི་དབང་གིས་མོའི་རོགས་པ་ཁག་ཅིག་ངར་ཤུགས་ལངས་ཏེ་ཁ་རྩོད་ཤུགས་ཆེན་བརྒྱབ་ཡོད་པ་རེད། དེ་སྔོན་སྐབས་བཅུ་གཅིག་པའི་རྒྱུན་ལས་འོས་འདེམས་བྱེད་སྐབས། ས་གནས་འོས་བསྡུའི་འགན་ལེན་ཚོགས་ཆུང་གི་ངོས་ནས་འོས་བསྡུ་ཚགས་ཚུད་བྱུང་ཡོད་མེད་ཀྱི་གླེང་རྙོག་ཅིག་མི་མང་ནང་ཡིག་ངག་གཉིས་ཀྱི་ཐོག་ནས་ཁྱབ་སྤེལ་བྱེད་བཞིན་ཡོད་པའི་དབང་གིས། ས་གནས་བོད་མི་བཀྲ་ཤིས་རྒྱ་མཚོ་དང་དཔལ་འབྱོར་ཚེ་རིང་སོགས་ཀྱིས་གསར་འདེམས་བྱུང་བའི་རྒྱུན་ལས་སྐབས་བཅུ་གཅིག་པ་དེ་དྲང་བདེན་གྱི་ལམ་ནས་འོས་འདེམས་བྱེད་ཐུབ་མེད་སྐོར་སོགས་བཤད་པའི་དབང་གིས། གསར་དུ་འདེམས་ཐོན་བྱུང་བའི་རྒྱུན་ལས་རྡོ་རྗེ་སྒྲོལ་མ་དང་ཆོས་སྒྲོན་སོགས་ཀྱིས། ས་གནས་ཉེན་རྟོག་མི་སྣ་སྐད་བཏང་སྟེ། དཔལ་འབྱོར་ཚེ་རིང་དུས་རྒྱུན་བོད་མི་མཉམ་འཛོམས་སྐབས་སུ་རྙོག་གྲ་སློང་མཁན་རེད་ཅེས་ཉེན་རྟོག་རྩིས་སྤྲོད་བྱས་ཡོད་པ་རེད། མི་མང་ནང་རྙོག་གླེང་ཆེན་པོ་བྱུང་བ་དང་། ད་ཐེངས་ཀྱི་དུས་ཆེན་མཛད་སྒོ་མཇུག་སྒྲིལ་མ་ཐུབ་པར་གྲོལ་དགོས་བྱུང་ཡོད་པ་རེད། འོན་ཀྱང་དཔལ་འབྱོར་ཚེ་རིང་ཉེན་རྟོག་པས་སྐར་མ་འགའ་ཤས་རྗེས་སུ་ཕྱིར་བཏང་སོང་ལ། ཁོ་སྔར་ལྟར་རྩོད་པ་རྒྱག་ཏུ་སླེབས་སྐབས་ཉེན་རྟོག་པ་སྐད་གཏོང་མཁན་ཚོ་ངོ་གནོང་ནས་སྡོད་དགོས་བྱུང་ཡོད་པ་རེད། དེའི་མཚན་མོ་སྐུ་ཚབ་དོན་གཅོད་ཀྱིས་རྒྱུན་ལས་གསར་རྙིང་གཉིས་ཆ་བསྡུ་བསྐོང་བྱས་ཏེ། ཁྱོད་རང་ཚོས་ཉེན་རྟོག་མི་སྣ་སྐད་བཏང་ནས་མི་འཇུ་བཟུང་བྱེད་བཅུག་པ་ནི་ནོར་འཁྲུལ་ཆེན་པོ་ཡིན་སྐོར་སོགས་བཤད་ཡོད་པ་རེད་འདུག གནས་ཚུལ་འདིའི་རིགས་ད་ཐེངས་གཅིག་པུ་མིན་པར། ས་གནས་འདིར་ཡོད་པའི་བོད་མི་ཚོའི་བར་དུ་ལྷག་བསམ་དག་དང་མ་དག བསྟུན་མཁས་དང་བྱེད་སྟངས་འགྲིག་མིན་ཇི་སྙེད་ཅིག་གིས་དཀའ་ངལ་གང་མང་ཞིག་འཕྲད་ཀྱི་ཡོད་པ་རེད། བོད་པ་ཚོས་སྨོན་ལམ་འདོན་ས་དང། ཚོགས་འདུ་སོགས་འདུ་འཛོམས་བྱེད་ས་ཡི་ཤུ་ལྷ་ཁང་ཞིག་ནམ་རྒྱུན་གཡར་གྱི་ཡོད་ཡོད་ནའང། ད་ཐེངས་འདིར་ཉེན་རྟོག་མི་སྣ་ཁྲིད་དེ་བོད་མི་ཚོར་རྙོག་གླེང་བྱུང་བའི་རྐྱེན་གྱིས་ད་ནས་བཟུང་སྟེ། བོད་པ་ཚོར་ལྷ་ཁང་གཡར་མི་ཆོག་པའི་བརྡ་ཁྱབ་ཀྱང་འབྱོར་ཟིན་ཡོད་པ་རེད།། ས་གནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས་ཨོ་སི་ཁྲུ་ལི་ཡའི་སིར་ནེ་གྲོང་ཁྱེར་ནས།

No comments:

Post a Comment