Saturday, September 17, 2011

ཤེས་ཡོན་ཡར་རྒྱས་གཏོང་ཐབས་དེ་གལ་ཆེ་ཤོས་སུ་འཇོག་རྒྱུ་ཡིན།

འདོན་སྤེལ། ༢༠༡༡/༠༩/༡༦

དེ་རིང་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་སྐབས་བཅོ་ལྔ་པའི་བོད་མི་མང་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་གཉིས་དབུ་འཛུགས་གནང་སྟེ། ཚོགས་གཙོ་མཆོག་གིས་མ་འོངས་པར་བཀའ་སྤྱི་གཉིས་ཀྱིས་མཉམ་རུབ་བྱ་དགོས་སྐོར་གསུངས་སོང་ལ། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པ་མཆོག་གིས་ཀྱང་ཕྱག་རོགས་བཀའ་བློན་དྲུག་བསྐོ་བཞག་གིས་མ་འོངས་པའི་སྲིད་བྱུས་ཁག་ཅིག་ངོ་སྤྲོད་གནང་སོང་།

དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོས་དུས་གཉིས་པ་དེ་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་ཅིང་། ཚོགས་འདུའི་ཐོག་མར་ཚོགས་གཙོ་མཆོག་ནས་ཚོགས་འདུ་དབུ་འཛུགས་གསལ་བསྒྲགས་གནང་རྗེས། བཀའ་བློན་ཁྲི་པ་དང་སྤྱི་འཐུས་རྣམ་པ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་གྱེར་འདོན་དང་ཚོགས་གཙོ་ལས་ཚབ་དང་ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག གཞུང་འབྲེལ་ཐོག་༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་དང་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་རྣམ་གཉིས་ལ་དུས་ཡུན་སྐར་མ་གཅིག་རིང་མྱ་ངན་གུས་འདུད་ཞུས་པ་མ་ཟད།



ཐེངས་འདིའི་ཚོགས་འདུ་དབུ་འཛུགས་གཏམ་བཤད་ནང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐེངས་འདིར་སྤྱི་འཐུས་གཉིས་གཡོལ་ཐབས་མེད་པའི་ལས་དོན་དང་། སྤྱི་འཐུས་གཅིག་ཚོགས་རྒྱུན་ཕྱེད་ཀའི་རིང་དགོངས་ཞུ་གནང་ཡོད་པ་ལས་སྤྱི་འཐུས་གཞན་ཚང་མ་འཛོམས་ཐུབ་པ་བྱུང་བར་བསྔགས་བརྗོད་དང་འབྲེལ། བོད་ནང་རྒྱ་ནག་གི་གདུག་རྩུབ་འོག་ཡོད་པའི་བོད་མི་དང་བཙན་བྱོལ་བོད་མི་ཚང་མར་འཚམ་འདྲི་ཞུས་ཤིང་། བོད་མི་ཚོ་བཙན་བྱོལ་ཏུ་འབྱོར་བ་དང་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༡ འགྲོ་བཞིན་པའི་སྐབས་འདིར། ༸གོང་ས་མཆོག་གིས་བོད་མིའི་འཕྲལ་ཕུགས་རྒྱང་གསུམ་དགོངས་པ་ཆེར་བཞེས་ཐོག ཁོང་གི་སྐུ་དབང་གང་ཡོད་པ་དེ་མི་མང་གི་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་བྱས་ཡོད་སྟབས། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཡོངས་ལ་སྔར་ལས་ལྷག་པའི་འགན་འཁུར་ཆེན་པོ་ཡོད་པ། བོད་ནང་ལ་མཚོན་ན་ད་ལྟའི་ཆར་ཡང་རྒྱ་ནག་གཞུང་གིས་སྤྱི་ཚོགས་ནང་ཤུགས་རྐྱེན་སྤྲོད་ཐུབ་མཁན་གྱི་བླ་མ་དང་མཁས་དབང་། རྩོམ་པ་པོ། གཞས་པ་སོགས་ལ་གཉའ་གནོན་བྱས་ཏེ་རང་ཉིད་ཀྱི་བསམ་ཚུལ་འདོན་པའི་གོ་སྐབས་དང་རང་དབང་གང་ཡང་སྤྲོད་ཀྱི་མེད་པ་དང་། ལྷག་པར་དུ་བོད་ཀྱི་འབྲོག་སྡེ་ཁག་གྲོང་ཁྱེར་དང་གྲོང་རྡལ་དུ་གནས་སྤོར་དང་རྒྱ་རིགས་མང་པོ་བོད་ནང་གནས་སྤོ། རང་བྱུང་ཁོར་ཡུག་གཏོར་བཅོམ་སོགས་བྱས་ཏེ། བོད་ཙམ་མིན་པར་ཁྱིམ་མཚེས་རྒྱལ་ཁབ་མང་པོར་དཀའ་ངལ་འཕྲད་བཞིན་ཡོད་པའི་ཐད་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མས་དོ་སྣང་བྱ་དགོས་སྐོར་སོགས་གསུངས་བྱུང་།



དེ་བཞིན་ཁོང་གིས། “ད་ལྟའི་རྒྱ་ནག་ནང་ཁུལ་གྱི་གནས་སྟངས་དང་བོད་ནང་གི་གནས་སྟངས་ལ་གཞི་བཅོལ་ཏེ། ང་ཚོ་བཙན་བྱོལ་བོད་མི་ཚོས་ལས་གཞི་གང་བརྩམས་ཀྱང་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་འཁུར་ཏེ་བྱ་རྒྱུ་གལ་ཆེན་པོ་རེད། རང་བཙན་ཡོད་པའི་སྤྱི་འཐུས་ལྷན་ཚོགས་ཤིག་ཡིན་ཚེ། ཁྲིམས་ཏག་ཏག་བཟོས་རྗེས་སོ་སོ་ས་ཁུལ་གང་ནས་ཡོང་བའི་མི་མང་གི་བདེ་སྡུག་ཁོ་ནར་བལྟས་ཆོག་ཀྱང་། ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཆགས་ཡོད་སྟབས། ཁྲིམས་བཟོ་རྒྱུ་དང་འཛིན་སྐྱོང་ལ་སྟངས་འཛིན་བྱ་རྒྱུ་ཙམ་མ་ཡིན་པར། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྡིངས་ཆར་ངོ་སྤྲོད་གནང་རྒྱུ་ལས་འགན་གལ་ཆེན་པོ་ཆགས་ཡོད་སྟབས། མ་འོངས་པར་ང་ཚོའི་ངོས་ནས་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་སོགས་ལ་མཇལ་འཕྲད་གནང་ཐུབ་པར་འབད་བརྩོན་བྱ་རྒྱུ་དང་། རྒྱ་ནག་གི་ངོས་ནས་ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་ཁག་ནང་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་བེད་སྤྱད་དེ། བོད་པར་རྒྱབ་སྐྱོར་ཡོད་རིགས་ལ་ལས་འགུལ་སྤེལ་བར་འགོག་རྐྱེན་བཟོ་བཞིན་པར། ང་ཚོས་མིའི་ནུས་པ་དང་དཔལ་འབྱོར་གྱི་ནུས་པར་གཞི་བཅོལ་ཏེ་གདོང་ལེན་བྱེད་སྟངས་གཞན་དང་མི་འདྲ་བ་ཞིག་བྱ་དགོས་པ་རེད། ” ཅེས་གསུངས་བྱུང་བར་མ་ཟད། མཐའ་མར་ཁོང་གིས། ཐེངས་འདིའི་གྲོས་ཚོགས་དེ་བཀའ་བློན་ཁྲི་པའི་ཕྱག་རོགས་བཀའ་བློན་བསྐོ་བཞག་གིས་མ་འོངས་ལོ་ལྔའི་འཛིན་སྐྱོང་དང་བོད་བསྟན་སྲིད་ཀྱི་དོན་དུ་ལས་འཁུར་གནང་བའི་མགོ་རྩོམ་པའི་དུས་སྐབས་ཤིག་དང་། ལོ་རྒྱུས་ལྡན་པའི་ཉིན་མོ་ཞིག་ཆགས་ཡོད་པ་དང་། རྒྱ་ནག་ལ་མཚོན་ནའང་དེ་རིང་གི་ཉིན་མོ་དེ་གལ་ཆེན་པོ་ཞིག་ཏུ་བརྩི་གྱིན་ཡོད་སྟབས། གྲོས་ཚོགས་ཀྱི་ལས་རིམ་དེ་ཕྱི་གསལ་ནང་གསལ་དང་མང་གཙོ་དང་མཐུན་པའི་ལམ་ལུགས་ཐོག་ཕྱིན་སྟེ། ལོ་རྒྱུས་ཀྱི་ཐོག་ནས་དགའ་ལྡན་ཕོ་བྲང་གཞུང་གི་མཇུག་སྐྱོང་མཁན་དམངས་གཙོའི་དབུ་ཁྲིད་དང་མཉམ་རུབ་ཀྱིས། དམངས་གཙོའི་ལྟ་གྲུབ་ཐོག་གི་རང་རང་གི་ས་མཚམས་སྲུང་བའི་ཐོག་ནས་འཛིན་སྐྱོང་ལ་མཐུན་འགྱུར་དང་ནུས་པ་མཉམ་རུབ་བྱ་དགོས་པའི་པའི་རེ་སྐུལ་ཡང་གནང་བྱུང་།



དེའི་རྗེས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཕྱག་རོགས་བཀའ་བློན་དྲུག་གི་མིང་འདོན་དང་། དེ་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་རྒྱབ་སྐྱོར་ཐོབ་རྗེས། བཀའ་ཁྲི་མཆོག་གིས་བཀའ་ཤག་གི་གསལ་བཤད་ནང་། སྤྱི་འཐུས་ཚོགས་གཙོ་མཆོག་གཙོས་སྤྱི་འཐུས་རྣམ་པས་ཁོང་གི་བཀའ་བློན་འོས་མི་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་གཞིས་བཞུགས་སྤུན་ཟླ་རྣམས་ལ་འཚམས་འདྲི། བོད་མི་ཚོར་༸གོང་ས་མཆོག་གི་དབུ་ཁྲིད་མི་དགོས་པར་རང་ཉིད་ཀྱི་རྐང་པའི་ཐོག་ལངས་ཐུབ་པ་དགོས་པར། བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་ཁྲིམས་ལུགས་དབང་འཛིན། ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་བཅས་ཀྱི་མགོ་ཁྲིད་ཚོས་༸གོང་ས་མཆོག་གི་ཐུགས་དགོངས་ལྟར་ལས་དོན་འགན་འཁུར་ཐུབ་ཐབས་ལ་ཚང་མས་འཕྱར་གྲུ་མཉམ་འདེགས་བྱས་ཏེ་གཞིས་བཞུགས་སྤུན་ཟླ་རྣམས་ལ་ཐུགས་ཕམ་མི་འབྱུང་བ་ཞིག་བྱ་དགོས་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་དུ། བོད་དོན་བདེན་མཐའ་གསལ་ཐབས་ཆེད་རྒྱ་ཆེའི་མང་ཚོགས་དང་གྲོས་ཚོགས་གཉིས་ཀས་ཚད་ མཐོའི་མང་མོས་ཀྱི་ལམ་ནས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ མུ་མཐུད་རྒྱུན་འཛིན་གྱིས་ཞི་མོལ་གྱི་ལམ་ནས་བོད་དོན་འགྲིགས་ཆགས་ཡོང་ཐབས་ བྱེད་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན་ཞིང༌།

མ་འོངས་པར་ཁོང་དང་ཁོང་གི་བཀའ་ཤག་གི་ངོས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང་ཆེ་མཐོའི་ཁྲིམས་ཞིབ་ཁང་ལ་བརྩི་བཀུར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གཙོས། བཀུར་འོས་སྤྱི་འཐུས་རྣམ་པར་མཐུན་འགྱུར་མཉམ་ལས་བྱ་རྒྱུ་དང་། ལྷག་བསམ་དང་ཤེས་འཇོན་ལྡན་པའི་སྲི་ཞུ་བ་ཚོ་དང་མང་ཚོགས་མཉམ་དུ་འཁྲིད་ཐུབ་པ་བྱ་རྒྱུ། ༸གོང་ས་མཆོག་གི་སྐུ་ཕྱཱ་དང་བོད་ཀྱི་ཁོར་ཡུག་གི་གནས་སྟངས་རྒྱལ་སྤྱིའི་སྒང་ལ་དྲིལ་བསྒྲགས། དེ་བཞིན། ཤེས་ཡོན་ནི་འཕྲལ་ཕུགས་རྒྱང་གསུམ་གང་ནས་བལྟས་ཀྱང་གལ་གནད་ཆེ་བའི་གནད་དོན་ཞིག་ཡིན་སྟབས། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་ལས་དོན་གལ་ཆེ་ཤོས་སུ་བརྩིས་ཏེ། བཙན་བྱོལ་ནང་ཁྱད་ལས་པ་ཆིག་ཁྲི་དང་བོད་ནང་ཁྱད་ལས་པ་ཆིག་འབུམ་འཐོན་པའི་ཐོག་འབད་བརྩོན་གནང་རྒྱུ་ཡིན་སྐོར་སོགས་གསུངས་བྱུང་།



དེ་བཞིན། ཁོང་གིས་འབྱུང་འགྱུར་ལོ་ལྔ་བཅུའི་འཕྲལ་ཕུགས་ཀྱི་འཆར་སྣང་ཐད། མཁས་པ་དང་ཤེས་ཡོན་ཅན་ཚོའི་ཐབས་བྱུས་དང༌། རྣམ་དཔྱོད་འདོན་སའི་སྡིངས་ཆ་བསྐྲུན་ཆེད། བོད་ཀྱི་སྲིད་བྱུས་ཞིབ་འཇུག་ཁང་ཞིག་འཛུགས་རྒྱུ། གཞིས་ཆགས་རེ་དང་བོད་རིགས་སྤྱི་མཐུན་ཚོགས་པ་རེ་མགོ་སྦྲེལ་གྱི་ལམ་ནས་རྒྱ་བལ་འབྲུག་གསུམ་དང་ནུབ་ཕྱོགས་རྒྱལ་ཁབ་ནང་ཡོད་པའི་བོད་རིགས་ཚོའི་དབར་མཐུན་འགྱུར་བྱེད་ཐབས་ཀྱི་འབྲེལ་བ་འཛུགས་རྒྱུ།

བོད་ཀྱི་མཉམ་སྡེབ། ཅེས་པ་བཙུགས་པའི་ལམ་ནས་རྒྱ་གར་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཤེས་ཡོན་ཅན་ ཚོའི་ནུས་པ་འགུག་ཐབས་བྱེད་རྒྱུ། དེ་བཞིན་གཞོན་སྐྱེས་ཚོར་ལས་འཚོལ་གྱི་གོ་སྐབས་དང༌། གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས། མང་ཚོགས་ཀྱི་འཕྲོད་བསྟེན་གོ་རྟོགས་དང་མཐུན་རྐྱེན་ཡར་རྒྱས་གཏོང་ཐབས་བཅས་ཞུ་རྒྱུ་ཡིན་སྐོར་ཡང་གསུངས་སོང་།

ཐེངས་འདིའི་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཐེངས་གཉིས་པའི་ཐོག་སྤྱི་འཐུས་གྲངས་འབོར་ ༤༤ ཡོད་པའི་ཁོངས་ནས་སྤྱི་འཐུས་ ༤༡ འཛོམས་ཡོད་འདུག་ལ། ཚོགས་ཐེངས་འདིར་དགོངས་ཤོག་ཆ་ཚང་ལེན་མཁན་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་དང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་གཉིས་དང་། དགེ་ལུགས་སྤྱི་འཐུས་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༢༢ བར་དགོངས་པ་ཞུས་ཡོད་འདུག

No comments:

Post a Comment