Thursday, December 15, 2011

བོད་བཙན་བྱོལ་གཞུང་གི་སྲིད་བྱུས་དང་འཛིན་སྐྱོང་ལ་དཔྱད་པ།

ཤར་མཁན་སྤྲུལ་གྱིས།

ཐོག་མར་བྱེས་བཞུགས་བོད་ཀྱི་སྤྱི་ཚོགས་སུ་སླེབས་དུས་ཤ་རུས་པའི་གཏིང་ནས་དགའ་ཞེན་དང་དུང་སེམས། མ་ཟད་ང་ཚོར་འདིར་ཡོང་ས་དང་སྡོད་ས་ཡོད་པ་ཞིག་བསྐྲུན་ཡོད་པར་དྲིན་སེམས་དང་བརྩི་འཇོག་གཉིས་ཀྱི་ཚོར་བ་ཟབ་མོ་ཞིག་རང་ཤུགས་ཀྱིས་བྱུང་། བོད་གཞུང་མང་འཛུགས་སྐྲུན་གནང་མཁན་ཀུན་གྱི་བཀའ་དྲིན་ལ་བསྔགས་པའི་ཐོག་མའི་མཇལ་དར་ཟེར་བའི་སྙན་རྩོམ་ཞིག་བྲིས་པ་དུས་དེབ་ཅིག་གི་ཆེས་ཐོག་མ་རུ་བཀོད་སོང་། དེ་ནི་ངའི་ཆོས་ཕྱོགས་མ་ཡིན་པའི་སྙན་རྩོམ་ཐོག་མ་དེ་ཡང་ཡིན།

རིམ་པས་མི་མང་བོ་ཞིག་གིས་རྒྱལ་བ་རིན་པོ་ཆེ་ཁོ་ན་ལས་གཞུང་ཞབས་འཛིན་སྐྱོང་བྱེད་མཁན་དག་ལ་རེ་ལྟོས་བྱེད་ཡུལ་མི་འདུག་ཟེར་བའི་ལྟ་ཚུལ་ངན་པ་ཅན་དང་འདོད་པ་མི་འཁང་མཁན་ཤིན་ཏུ་མང་བ་ཤེས། འོན་ཀྱང་ཁོང་ཚོས་ཅི་ཞིག་གླེང་མིན་ལ་མ་ལྟོས་པར་མུ་མཐུད་དུ་གཞུང་འཛིན་པ་དག་ལ་ཡིད་ཆེས་དང་དད་འདུན་རྩེ་གཅིག་ཏུ་བྱས། གཞུང་གི་ལས་བྱེད་ཁག་གཅིག་དང་བྱེས་བཞུགས་བོད་མི་མང་བོ་ཞིག་གིས་ཀྱང་གསར་འབྱོར་པ་དག་ལ་དགའ་ཉེ་དུང་ཞེན་གྱིས་རོགས་ཕན་བྱེད་པའི་མྱོང་ཚོར་ཡང་ཐེངས་མང་བྱུང་། འོན་ཏེ་ཕྱིས་སུ་ཕྲན་ནུབ་ཕྱོགས་སུ་སླེབས་དུས་ནས་བཟུང་རིམ་པ་བཞིན་ནུབ་ཕྱོགས་སུ་ཡོད་པའི་བླ་མ་དང་དགེ་བཤེས་ཀྱི་མིང་འཛིན་པ་ཁག་ཅིག་མཚན་གནས་འོས་ཆོས་ཀྱིས་འགོངས་ཏེ་ནང་པའི་གཞུང་ལུགས་དང་ྋགོང་ས་མཆོག་གིས་བཀའ་དགོངས་ལས་རྒྱང་ཐག་རིང་བར་མཐོང་། བཙན་བྱོལ་གཞུང་གི་འབྲེལ་ཡོད་ལས་བྱེད་ཁག་ཅིག་ཀྱང་དེ་འདྲའི་རིགས་ལ་བྱེད་དགོས་གདུང་ལེན་ཡང་དག་གི་གཟུ་དཔང་མི་འདུག་པ་དང་། དེ་བཞིན་དུ་ས་གནས་བོད་མིའི་འགོ་ཁྲིད་ཡིན་ཁུལ་པ་འགའ་དང་སྐུ་ཚབ་དོན་གཅོད་པ་སོགས་ཀྱི་ཕྱག་ལས་གནང་སྟངས་ལ་ཡང་ཞེ་འདོད་ཡིད་ཚིམ་རྩ་བ་ནས་མ་བྱུང་ཞིང་བློ་ཕམ་ཡང་བྱུང་། དེ་བཞིན་དུ་རིམ་པར་ནུབ་ཕྱོགས་པའི་གཞུང་སྒེར་གཉིས་ཀྱིས་ལས་ཀ་བྱེད་སྟངས་དང་། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་བ་དག་གིས་ཕྱག་ལས་གནང་སྟངས་ལ་གོ་བསྡུར་ཞིག་བྱས་ན། བོད་དབུས་གཞུང་གི་དབུ་སྐེ་ཕྲག་གསུམ་གྱི་ལས་བྱེད་པ་ཚོས་འཐུས་ཤོར་ཆེན་པོ་བཏང་ཟིན་དང་གཏོང་བཞིན་པ་ཤེས་རྟོགས་བྱུང་། དེ་དག་གི་རྐྱེན་ཀྱིས་ད་བར་དུ་མི་ཆེས་མང་པོ་ཞིག་གིས་གཞུང་འཛིན་པ་ཚོར་སྐྱོན་བརྗོད་བྱས་པ་དག་ངའི་ལྟ་ཚུལ་འདི་ལ་རྒྱབ་ལྗོངས་ལྟ་བུ་ཞིག་ཏུ་གྱུར།

སྤྱིར་ཡུལ་གྱལ་པ་གཞན་མང་པོ་ཞིག་ལ་ལྟོས་ན་ྋགོང་ས་མཆོག་གིས་བཀའ་དྲིན་མཚན་སྙན་རྗེས་འབྲེལ་དང་། རྒྱལ་གཅེས་པ་མང་བོས་མཛད་རྗེས་ཀྱིས་ང་ཚོ་བོད་མིའི་གཞུང་དམངས་གཉིས་ཀྱིས་བྱས་རྗེས་རླབས་ཆེན་ཞིག་བཞག་ཡོད་ཟེར་ན་མི་ཆོག་པ་མེད། འོན་ཀྱང་གནས་སྟངས་མང་པོ་ལ་དཔགས་ནས་འཐུས་ཤོར་ཕྱིན་ཡོད་པར་བསམ་ན་འདོད་པ་མ་ཁེངས་པ་ཞིག་བྱུང་དགོས་པའི་རྒྱུ་མཚན་མང་དུ་ཡོད། དཔེར་ན་དང་པོ་ང་ཚོས་རྩོད་རྒྱུ་དེ་བདེན་པ་ཡིན་པ་དང་གཅིག ང་ཚོར་བླ་ན་མེད་པའི་དབུ་ཁྲིད་ཡོད་པ་དང་གཉིས། འཛམ་གླིང་གི་ཡར་ཐོན་རྒྱལ་ཁབ་ཁག་མང་པོའི་གཞུང་དམངས་གཉིས་ཀྱིས་བོད་པར་དོ་སྣང་དང་ལྟ་ཚུལ་ཡག་པོའི་སྐལ་བཟང་ཡོད་པ་དང་གསུམ། ང་ཚོ་མང་གཙོའི་ལམ་ལུགས་ཏེ་ཁ་བཟང་ཕྱོགས་སུ་འཁོར་ནས་དུས་རབས་ཕྱེད་ག་སོང་བ་དང་བཞི། བོད་གཞིས་བཞུགས་མི་དམངས་འཆི་གསོན་དང་དངངས་སྐྲག་བར་ན་གནས་ཡོད་པ་ལྔ། རྒྱལ་གཅེས་དཔའ་བོ་དག་གིས་གངས་ཅན་པའི་བདེ་སྡུག་གི་ཆེད་དུ་རང་རང་གི་ལུས་ལོངས་སྤྱོད། ཚེ་སྲོག་དང་བཅས་པ་གངས་ཅན་སྤྱིའི་ཕན་བདེ་ཡི་ཆེད་དུ་བཏང་དང་གཏོང་བཞིན་པ་དང་དྲུག བོད་མི་ཆེས་མང་པོ་ཞིག་གིས་རང་གི་མི་ཚེ་སྤྲོ་གཡེང་ལ་མ་རོལ་བར་བསམ་བཞིན་དུ་མི་རིགས་ཀྱི་ཆེད་དུ་མི་ཚེ་བཙོན་ཁང་སོགས་སུ་སྐྱེལ་གྱིན་ཡོད་པ་ལ་སོགས་པ་དང་བདུན་ལ་དཔག་ན། ང་ཚོས་བྱེས་བཞུགས་གཞུང་དམངས་གཉིས་དང་། ལྷག་པར་དུ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཁག་གིས་ཉིན་མཚན་ལྷོད་མེད་དུ་བོད་དོན་ལ་དཀའ་སྤྱད་ཧུར་བརྩོན་ཁྱད་དུ་འཕགས་པ་ཞིག་བྱེད་འོས་ཀྱང་མི་བྱེད་པར་སྐྱིད་ཉལ་དང་ཁ་སྟོང་ཙམ་གྱི་ཆབ་སྲིད་དུ་གྱུར་འདུག འདི་ནི་གོང་ཏུ་བཤད་པ་སོགས་ལ་ལྟོས་ནས་བཤད་པ་ལས་ཕྱི་སྡོད་བོད་མི་ཀུན་གྱིས་སྐྱིད་ཉལ་བྱས་འདུག་ཟེར་བ་མིན། གང་ལྟར་ཡང་ངན་ཕྱོགས་ནས་བསམ་ན་ང་ཚོས་འཐུས་ཤོར་ཆེན་པོ་ཤོར་ཡོད་པ་ལ་ཐེ་ཚོམ་མེད་པ་ཞིག་ཏུ་གྱུར་འདུག

དཔེར་ན་ཆབ་སྲིད་འཛིན་སྐྱོང་གི་ཐད་ནས་འཐུས་ཤོར་བཏང་བ་ཁག་སྨྲས་ན། དང་པོ་ཆབ་སྲིད་ཆེད་མཁས་པ་གསོ་སྐྱོང་བྱེད་སའི་སློབ་གྲྭ་ཞིག་མེད་པར་མ་ཟད། ཐ་ན་ཆབ་སྲིད་ཆེད་མཁས་ཀྱི་མི་སྣ་གདན་འདྲེན་དང་འབྲེལ་བའི་ཟབ་སྦྱོང་སྤྲོད་པ། ཆབ་སྲིད་བརྗོད་བྱར་གྱུར་པའི་རྩོམ་ཡིག་འགྲན་བསྡུར་དང་། ཡང་ན་དམ་བཅའ་དང་རྩོད་པ་སོགས་ཀྱི་འགྲན་བསྡུར་ཙམ་ཡང་མེད་པ་ནི་ཆབ་སྲིད་འཐབ་རྩོད་ཀྱི་འཛིན་སྐྱོང་དང་འཆར་གཞི་ཡིས་མ་འདང་བའི་འཐུས་ཤོར་ཆེན་པོ་ཞིག་རེད། ང་ཚོ་ཛ་དྲག་ཉེན་ཁ་ཡི་གནས་ན་ཡོད་པ་ཆབ་སྲིད་དཀའ་ངལ་ཞིག་ཡིན་པས། དེ་མྱུར་དུ་བསྐྱར་གསོ་དགོས་པས་ཆབ་སྲིད་ལ་མ་མཁས་ན་གང་ཡང་ཡོང་རྒྱུ་མེད་པ་ཤེས་གལ་ཆེ། དཔེར་ན་ཆབ་སྲིད་གྲོས་ཚོགས་ར་བའི་ནང་དུ་ཆབ་སྲིད་ཆེད་མཁས་པའམ། ཐ་ན་ཡང་ལོ་བཅུ་ལས་མི་ཉུང་བར་ཆབ་སྲིད་ཆེད་སྦྱོང་ངམ། ཡང་ན་ཆབ་སྲིད་འཛིན་སྐྱོང་ལ་གོམས་པ་དག་གིས་གང་དགོས་ཀྱང་། གྲོས་ཚོགས་ར་བར་བླ་མ་སེར་མོ། རྒྱུ་ནོར་ཅུང་དྲག་ཅན། དཔོན་རྒྱུད་དམ་རུས་རྒྱུད་ཅན་དང་། ཡང་ན་ཁྱིམ་རྒྱུད་ཅན། ཆབ་སྲིད་ཆེད་ལས་དང་འབྲེལ་བ་མེད་པའི་རྩོམ་དང་སྙན་ངག་ཐར་ཐོར་ཅུང་ཟད་རེ་འབྲི་མཁན་སོགས་ཀྱིས་ཁེངས་ཡོད་པ་ནི་ཆབ་སྲིད་ཀྱི་འཐུས་ཤོར་ཆེན་པོ་ཞིག་ཕྱིན་པའི་མཚོན་རྟགས་དང་རྐྱེན་རྩ་གཉིས་ཀ་རེད་སྙམ། དེ་བཞིན་དུ་བཀའ་བློན་དང་དབུ་ཁྲིད་མི་སྣ་དག་ཀྱང་དེ་འདྲའི་གནས་སྟངས་ལས་མ་འདས་པས་ད་ལྟ་བར་དུ་ཕྱིན་པ་འཐུས་ཤོར་ཆེ། ལྷག་པར་དུ་བོད་མིས་གཙིགས་སུ་འཛིན་པའི་མི་སྣ་ཡོད་དགུ་འགའ་ཞིག་གིས་ཆོས་སྲིད་ཟུང་འབྲེལ་ཡག་ས་ནས་བྱེད་མི་ཤེས་པར། ལྷ་ཆོས་ཁ་ཁྱེར་གྱི་རྫི་བོས་བྱ་སྤྱོད་ཀྱིས་སྲིད་དོན་རང་བཞིན་གྱི་གསོན་ཤུགས་དང་ནུས་པ་ཉམས་ཉེས་བཏང་དང་གཏོང་བཞིན་པ་ཡིན་པས་འདི་ལ་དོགས་ཟོན་དང་ཡོ་བསྲང་ཅི་ཐུབ་བྱེད་དགོས་པར་སྣང་།

གལ་ཏེ་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཞིག་ཏུ་གནས་དགོས་ཀྱང་། ཆོས་སྲིད་ཟུང་དུ་འབྲེལ་ལུགས་དང་ཆོས་ཀྱི་ནུས་པས་སྲིད་ལ་ནུས་པ་བཏོན་ལུགས་དག་དོན་ཕན་ལྡན་པ་ཞིག་མ་ཤེས་ཤིང་ལག་བསྟར་དེ་བས་ཀྱང་མ་ཐེབས་པར་འཐུས་ཤོར་བཏང་འདུག་སྙམ། ཆོས་སྲིད་ཟུང་འབྲེལ་རྒྱལ་ཁབ་ལ་ཕན་པ་ཞིག་དགོས་ཕྱིན། ཆོས་ལུགས་ཀྱི་ཚུལ་ཁྲིམས་ཀྱིས་རང་གཞུང་གི་འཛིན་སྐྱོང་དང་མི་སྒེར་གྱི་ཀུན་སྤྱོད་གཉིས་ཀ་གཡོ་སྒྱུ་བྲལ་ཐུབ་པ། བརྩོན་འགྲུས་བསྐྱེད་ཐུབ་པ། མཁྱེན་བརྩེ་གཉིས་ལྡན་གྱི་བྱ་བ་རྒྱུན་འཁྱོངས་བྱེད་ཐུབ་པ་དགོས། སྲིད་སྐྱོང་གི་དབང་འཛིན་པ་དག་ཆབ་སྲིད་ཆེད་མཁས་པ་ཡིན་དགོས་ལ། ཆོས་ལུགས་མི་སྣ་གལ་ཆེན་ཚོས་ཆབ་སྲིད་པའི་དགོས་མཁོ་སྐོང་ཐུབ་ན། ད་གཟོད་ཆོས་སྲིད་ཟུང་འབྲེལ་དོན་ལྡན་དུ་འགྲོ་བའི་གནས་སྟངས་དང་སྤྱི་ཚོགས་ལ་ནུས་པ་འདོན་ཐུབ་པ་ལས། ཆབ་སྲིད་མི་ཤེས་ཞིང་ཆོས་ལུགས་ལོག་འབྲེལ་བྱེད་མཁན་གྱི་མི་སྣས་གྲོས་ཚོགས་ར་བ་དང་ལྷན་ཁང་ཁག་བཀང་ཞིང་། དེ་འདྲའི་རིགས་གཅིག་པ་དག་གི་སྲིད་འཛིན་དང་འཛིན་སྐྱོང་བྱས་ན། ཉེ་སྔོན་བྱུང་བ་བཞིན་དུ་བོད་གཞུང་གི་མཚན་བྱང་འོས་ཆོས་ལྡན་པ་ཞིག་ཀྱང་གཏན་ལ་ཕབ་མི་ཤེས་པའམ། ཡང་ན་ཕབ་འདོད་མ་ཡོད་པའི་གནས་སྟངས་དང་འདྲ་བའི་འཐུས་ཤོར་མུ་མཐུད་དུ་འོང་བ་ལས་ཡར་རྒྱས་འགྲོ་བའི་རྒྱུ་རྐྱེན་མེད་པར་འགྱུར་བ་གདོན་མི་ཟ། མ་ཟད་ཕྱག་ལས་གནང་སྟངས་སྐོར་ནས་ཡང་ཡར་རྒྱས་མ་སོང་བའི་རྐྱེན་གཅིག་ནི། སྲིད་དོན་ལ་མིག་རྒྱང་མི་རིང་ཞིང་འདུན་པ་དང་བརྩོན་ཤུགས་མི་ཆེ་བའི་ངན་གོམས་ཕྱོགས་སུ་ཤོར་ཡོད། ཁྱིམ་རྒྱུད་དང་རྒྱུ་ནོར་སོགས་ལ་ཞེན་ཆེ་དྲགས་ནས་དེས་ཚང་མ་གོང་བཅད་དེ་མི་ཀུན་འདྲ་མཉམ་གྱི་ལྟ་ཚུལ་གྱིས་དབུལ་ཞིང་། མཆོག་དམན་རིང་ལུགས་དང་རྗེ་འབངས་རིང་ལུགས་ཤུགས་ཆེ་བ། ད་དུང་ཕན་ཚུན་མི་སྒེར་སོ་སོའི་ངོ་སྲུང་རང་ལུགས་ཤུགས་ཆེ་བས་ཀྱང་འཐུས་ཤོར་གྱིས་རྐྱེན་རྩ་བྱས་ཡོད། དེ་དག་གིས་མི་དཀྱུས་མ་དག་ལ་འཇོན་ཐང་དང་ནུས་པ་ཡོད་ཀྱང་དེ་ཤེས་མཁན་དང་སྐུལ་མཁན་མེད་པས་བེད་སྤྱོད་མི་ཐུབ། གལ་ཏེ་སོ་སོས་ཤེས་ཀྱང་སྤྱི་ཚོགས་ཀྱིས་མི་ཤེས་པས་གོ་སྐབས་བྲལ་བ་ལྟ་བུ་རེད། ཇི་སྲིད་འདི་ཕྱོགས་ལ་ཡར་རྒྱས་མ་བཏང་བར་དེ་སྲིད་དུ་བསྟན་སྲིད་འཛིན་སྐྱོང་དང་མི་རིགས་ཀྱི་བདེ་དོན་གཉིས་ཀར་ཡར་རྒྱས་ཀྱི་འགོག་རྐྱེན་བྱེད་ངེས་རེད། གཞན་འོས་ཤིང་འཚམ་པ་ཞིག་ནི། བཙན་བྱོལ་བོད་གཞུང་གི་དཔོན་རིགས་དག་ཕྱག་ལས་གནད་སྨིན་གནང་ཐུབ་པའི་དབུ་ཁྲིད་ཡིན་དགོས་ཤིང་། ཉིན་མཚན་དུས་དྲུག་ཏུ་བརྩོན་པ་ཆེར་བསྐྱེད་ཀྱིས་བོད་མི་རིགས་ཀྱི་ཛ་དྲག་པའི་གནས་སྟངས་སྲུང་སྐྱོབ་དང་རང་དབང་སླར་གསོ་བྱེད་པར་འབད་པའི་བོད་མི་རིགས་ཀྱི་ཞབས་ཕྱི་བར་འགྱུར་དགོས་པ་ལས། དཔོན་རིགས་རིང་ལུགས་ཀྱི་བཟོ་ལྟ་ཡིས་ཁྲི་ཐོག་ཏུ་དཔོན་ཉམས་ཀྱིས་གསུང་བཤད་རྫིག་པོ་རེ་བཤད་པ་ཙམ་གྱིས་རང་དབང་སླར་གསོ་ག་ལ་ཐུབ།

ལས་ཁུངས་ཁག་ཏུ་ཉིན་མ་འཁྱོལ་ཐབས་དང་སྒེར་དོན་བསྲེ་སླད་ཅན་དུ་འགྱུར་བ་ནི་རང་དབང་ཡོད་པའི་རྒྱལ་ཁབ་དག་གིས་དེ་འདྲ་བྱས་པ་ལས་ཀྱང་ནག་ཉེས་བརྒྱ་འགྱུར་གྱིས་ཆེ། བོད་མིའི་འཛིན་སྐྱོང་པ་ཟེར་བ་དེ་བོད་མི་རིགས་འཆི་གསོན་གཉིས་ཀྱི་ས་མཚམས་ཀྱི་ཁ་ལོ་པར་གྱུར་ཡོད་པས། དེ་རྒྱུན་དུ་དྲན་དང་ཤེས་བཞིན་གྱིས་ཟིན་པའི་སྒོ་ནས་ཕྱག་ལས་གནང་དགོས་ཀྱང་། དེ་འདྲ་གནང་མཁན་ཆེས་མང་པོ་ཞིག་མེད་པ་སུས་ཀྱང་ཤེས་ལ་འདི་ཕྱོགས་ནས་ཡར་རྒྱས་མ་བཏང་ཐབས་མེད་ཡིན། གཞུང་དང་འབྲེལ་དང་མ་འབྲེལ་གཉིས་གྱི་ཚོགས་སྡེ་ཁག་གིས་ཆེས་གོམ་པ་ཐོག་མ་སྤོ་དགོས་པ་ནི། བོད་ནང་དུ་འབྲེལ་བ་དམ་ཟབ་ཚགས་ཚུད་ཅིག་དགོས་པ་དེ་རེད། དེ་ནི་ཆབ་སྲིད་ལས་འགུལ་གྱི་སྲོག་སྙིང་ཡིན། ཤིན་ཏུ་གལ་ཆེས་གནད་འགག་ཡིན་ཡང་དེ་ཕྱོགས་ནས་ད་སྔོན་འདང་ཚད་ཙམ་དུ་ཡང་སླེབས་མེད། ཚོགས་སྡེ་ཡོད་ཚད་ཀྱིས་བོད་དུ་དེ་འདྲའི་འབྲེལ་བ་དམ་ཟབ་མ་ཐུབ་ཀྱང་། ཐ་ན་གསལ་འགོད་པ་དང་འབྲེལ་བའི་ཚོགས་པ་ཆེན་པོ་ཞིག་ཡོད་པར་བྱས་ནས་འདི་ཁོ་ནར་འབད་དགོས། དེ་འདྲའི་ལས་མི་མང་པོ་ཡོད་པའི་ལས་ཁུངས་ཆེན་པོ་ཞིག་གིས་བོད་ནང་དུ་འབྲེལ་བ་དམ་ཟབ་བྱེད་པ་ཁོ་ན་ལ་སྒོས་བཙུགས་ཀྱིས་ཕྱག་ལས་རྒྱུན་མཐུད་དུ་གནང་དགོས་པ་ནི་ཆེས་གལ་ཆེ་ཤོས་ཞིག་ཏུ་མཐོང་། དེ་སྔོན་གཞིས་བཞུགས་བོད་མིའི་ཁྲོད་ནས་རང་སྲོག་བློས་གཏོང་བྱེད་མཁན་གྱི་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་དང་ལྷག་བསམ་གྱི་ཆ་ཤས་ཙམ་ལ་དཔག་ན། བྱེས་བཞུགས་བོད་གཞུང་དམངས་གཉིས་ནས་ངོ་ཚ་དགོས་པ་ཞིག་ལས། རང་སྲོག་བློས་གཏོང་གིས་བསྐུལ་བའི་ཚོད་ཀྱིས་ཆབ་སྲིད་ཀྱི་ནུས་པ་ཞིག་རྒྱལ་སྤྱིའི་སྟེང་ཐོན་ཐུབ་མེད། དཔེར་ན་༡༩༦༠ ནང་དུ་བེད་ནམ་གྱི་གྲྭ་པ་གཅིག་གིས་རང་ལུས་མཆོད་མེ་ཕུལ་བ་ལ་དཔགས་ན་ད་ལྟའི་བོད་མི་བཅུ་ཕྲག་བརྒལ་པས་རང་སྲོག་མཆོད་མེར་ཕུལ་ཡང་དེས་ཚོད་ཀྱི་ནུས་པའི་ཆ་ཤས་ཤིག་ལས་ཐོན་མེད། ཐ་ན་བརྙན་དཔར་ཡིད་ཚིམ་ཞིག་ཀྱང་ལོན་མེད་པ་ནི་འབྲེལ་ཡོད་བྱེས་བཞུགས་གཞུང་དམངས་གཉིས་དང་ཆབ་སྲིད་ལས་དོན་ཚོགས་པ་ཁག་གིས་ལམ་སྟོན་མ་ཐུབ་པའི་འཐུས་ཤོར་ཤིན་ཏུ་ཆེན་པོ་ཞིག་རེད། དེའི་ཕྱིར་རྒྱལ་གཅེས་སེམས་དཔའ་དེ་ཙམ་མང་པོ་ཞིག་གིས་རང་སྲོག་མཆོད་སྦྱིན་དུ་ཕུལ་ཡང་དེ་ཚོད་ཀྱིས་ཁྱབ་བསྒྲགས་ཀྱི་ནུས་པ་ཞིག་ཐོན་མེད། དེའི་འགན་དབང་ནི་བཙན་བྱོལ་གཞུང་དམངས་གཉིས་ལ་ཡོད་ཅིང་དེ་དག་གིས་གྲ་སྒྲིག་ཚགས་ཚུད་དང་ནུས་ཤུགས་བསྐྲུན་པས་མ་འདང་བ་ཡིན་པ་སྨོས་མེད་རེད། དེ་ཕྱིར་འབྲེལ་ལམ་ཚགས་ཚུད་བྱེད་མཁན་གྱི་ལས་ཁུངས་ཆེད་ལས་པ་ཞིག་བཙུགས་ཏེ། ཐ་ནའང་བོད་མི་བཙན་བྱོལ་དུ་ཡོད་ཚད་ཀྱི་ས་ཕྱོགས་དག་ཏུ་ནམ་དགོས་ཀྱི་འབྲེལ་གཏུག་བྱེད་ཐུབ་པའི་འབྲེལ་བ་དམ་ཟབ་དགོས་ངེས་རེད། དཔེར་ན་བོད་ཀྱི་ས་ཁྲ་ལ་གོམས་ཆ་ཤིན་ཏུ་ཆེ་བའི་ཐོག་ནས་ས་ཁུལ་ཀུན་གྱི་མི་མང་རེ་རེ་བཞིན་དེང་རབས་ཀྱི་བརྡ་འཕྲིན་བརྒྱུད་ལམ་གྱི་འབྲེལ་བ་དམ་ཟབ་ཡོད་པར་བྱེད་དགོས། ས་ཁུལ་གང་དུ་ཡང་སྲིད་དོན་དང་འབྲེལ་བ་ཅི་ཞིག་བྱུང་ཡང་། དེ་མ་ཐག་ནས་དེང་རབས་ཀྱི་འཕྲུལ་ཆས་ཀྱི་མཐུན་རྐྱེན་དང་འབྲེལ་ཡོད་མི་སྣར་ལག་རྩལ་ཡོད་པའི་སྒོ་ནས་གནས་ཚུལ་དེ་མ་ཐག་མཁོ་སྤྲོད་ཐུབ་མཁན་ཚགས་སུ་ཚུད་པ་བྱེད་དགོས། ད་ལྟ་བརྡ་འཕྲིན་གྱི་དུས་རབས་སུ་སླེབས་ཡོད་པ་བེད་དུ་སྤྱད་ཤེས་དང་གོ་སྐབས་དམ་འཛིན་མ་ཐུབ་ན་དེ་ལས་འཐུས་ཤོར་ཞིག་ཅི་ཡོད།

ཚོགས་སྡེ་ཡོངས་ཀྱིས་རྒྱུན་དུ་རྣམ་པ་འདྲ་མིན་གྱི་སྒོ་ནས་བོད་མི་མང་ལ་འོས་ཤིང་འཚམ་པར་གྱུར་བས་འཛམ་གླིང་གི་ཁ་ཕྱོགས་དང་གོ་རྟོགས་གནང་མཁན་གྱིས་ག་ས་གང་དུ་ཁྱབ་ཡོད་པ་བཟོས་ཏེ། མི་གཅིག་གིས་རང་སྲོག་བློས་བཏང་གིས་མཚོན་པའི་ལས་འགུལ་ཆེ་ཆུང་གང་ཞིག་བྱ་རྩིས་ཡོད་ན། དེ་ཉིད་བོད་ཆོལ་ཁ་གསུམ་གྱི་ས་གནས་ཡོངས་སུ་སྔ་སོར་ནས་དུས་ཚོད་གཅིག་ཏུ་འཆར་གཞི་ཡོད་པའི་སྒོ་ནས་ཤེས་དགོས་ཤིང་། དུས་ཐོག་ཏུ་ཀུན་གྱིས་ཞི་བ་ཁོ་ནས་སྒོ་ནས་མཉམ་ཞུགས་ཀྱི་ལས་འགུལ་གྱིས་རྣམ་འགྱུར་སྟོན་ཐུབ་པ་བྱེད་དགོས་པ་ལས། རྒྱ་གར་ལྟ་བུའི་ཕྱི་ལོགས་ཀྱི་རྒྱལ་ཁབ་ཞིག་ནས་དགྲ་ལ་གྱང་རྒྱབ་ནས་སྐད་ངན་འདོན་པ་ལྟ་བུ་སྟེ། རྒྱབ་ལོགས་ཙམ་ནས་སྐད་འབོད་དང་། མར་མེ་ཁྲོམ་སྐོར་ཟས་བཅད་ངོ་རྒོལ་ཁོ་ནས་གངས་ཅན་པའི་རང་དབང་སླར་གསོ་ཐུབ་མིན་ནི་ཐེ་ཚོམ་གྱི་གནས་རེད། གལ་ཏེ་བོད་ཆོལ་ཁ་གསུམ་མཉམ་ལངས་མི་ཐུབ་པ་དང་། རང་སྲོག་གཏོང་མཁན་དག་གི་བྱས་རྗེས་བེད་སྤྱོད་ཡག་ཤོས་ཤིག་གཏོང་མ་ཐུབ་ཕྱིན། བོད་ཀྱི་ཆེ་དྲག་མི་སྣས་གཞིས་བཞུགས་བོད་མི་ཀུན་ལ་རང་སྲོག་བློས་གཏོང་མི་བྱ་བར་ལམ་སྟོན་དང་འབོད་བསྐུལ་བྱེད་རན་ཡོད་པ་ལས་ལྟད་མོ་བལྟས་ནས་བསྡད་ན་ནི་ཐ་ཤལ་པ་རེད་སྙམ། མ་ཟད་མ་འོངས་པར་ཉིན་ཞིག་ཆོལ་གསུམ་ཡོངས་རྫོགས་གཅིག་ཀྱང་མ་ལུས་པ་མཉམ་དུ་ཡར་ལང་ཐུབ་པ། དེ་ཡང་ཞི་བ་ཁོ་ན་ལས་དྲག་པོའི་ཕྱོགས་ཙམ་ལ་ཡང་མི་འགྲོ་བའི་ཆོད་སེམས་དང་གྲ་སྒྲིག་ད་ལྟ་ནས་མུ་མཐུད་དུ་ཡོད་དགོས་པ་ལས། དེ་སྔོན་ལོ་ལྔ་བཅུ་བརྒལ་བར་བྱས་ཟིན་པ་ཁོ་ན་རྒྱུན་སྐྱོང་ལས་གསར་པ་ཅི་ཡང་མེད་ན་ཡར་རྒྱས་འགྲོ་བའི་སྒོ་མོ་བརྒྱབས་པ་རེད། ཡང་ན་མ་འོངས་པར་བོད་ཆོལ་ཁ་གསུམ་དུ་འགོ་ཁྲིད་མཁན་མེད་པར་མི་ཀུན་གོ་རྟོགས་མཉམ་སད་ཡོད་པའི་ཐབས་ལམ་ཞིག་ད་ལྟ་ནས་བྱེད་ཐུབ་ན་རྒྱ་གཞུང་གིས་ཀྱང་དྲག་གནོན་གཏོང་ལུགས་མེད་ལ། རྒྱལ་ཁ་ཡང་མི་སྦྱིན་ཐབས་མེད་ཏུ་འགྱུར་བར་ལས་འོས་མེད། འདི་འདྲའི་ལམ་དང་ལས་འགུལ་ནི་བཙན་བྱོལ་གཞུང་དམངས་གཉིས་དང་ཚོགས་སྡེ་ཁག་གི་ཕྲག་སྟེང་དུ་བབ་པའི་འགན་འཁྲི་ཡིན། འདི་འདྲ་བཤད་དུས་ཁག་ཅིག་གིས་འདི་ཤིན་ཏུ་དཀའ་བའི་ལས་དོན་ཞིག་ཏུ་ངོས་འཛིན་བྱེད་སྲིད་ཀྱང་། འདི་ནི་འགྲུབ་མི་སྲིད་པའི་ལས་དོན་ཞིག་གང་ཡང་མིན། ད་སྔོན་སྣེ་ཁྲིད་མཁན་དང་འབྲེལ་ལམ་ཆེན་པོ་མེད་བཞིན་དུ་ཆོལ་གསུམ་གཅིག་སྒྲིལ་གང་འཚམ་ཞིག་བྱུང་བ་གཞིས་ལུས་མི་མང་གི་བཟང་ཕྱོགས་རེད། འོན་ཀྱང་ལས་འགུལ་དེ་དག་གི་རྒྱུན་སྐྱོང་དེ་ཙམ་ཞིག་ཐུབ་མེད་པ་དང་། དཔའ་བོ་འགའ་རེས་རང་སྲོག་བཏང་ཡང་མཚམས་རེར་མི་དམངས་དེ་ཙམ་ཞིག་འགུལ་ཐུབ་མེད་པ་ནི་བཙན་བྱོལ་བས་ལམ་སྟོན་ཤུགས་རྐྱེན་གཞིས་ལུས་མི་དམངས་ལ་འདོན་མ་ཐུབ་པས་ལན། དེའི་ཕྱིར་རྒྱུན་དུ་འདི་དག་ཁོ་ནའི་ཆེད་དུ་འཆར་གཞི་ལྡན་པའི་སྒོ་ནས་ལས་འགུལ་སྤེལ་ལ་འབད་ན་གྲུབ་འབྲས་ཧ་ཅང་ཆེན་པོ་ཞིག་འབྱུང་བར་ཐེ་ཚོམ་མི་དགོས་ལ། ཐབས་ལམ་ཡང་མི་རྙེད་པ་མི་སྲིད། དེ་བཞིན་དུ་ལྷན་ཁང་དེས་འཛམ་གླིང་གང་སར་ཡོད་པའི་བོད་མི་གཅིག་ཀྱང་མི་བརླག་པར་རྒྱུན་དུ་འབྲེལ་ལམ་དམ་ཟབ་ལ་ཤུགས་སྣོན་བྱེད་རིགས། ད་བར་དུ་བོད་མི་ཆེས་མང་པོ་ཞིག་རང་མགོ་གར་ཐོན་བྱས་པ་དང་། རང་མགོ་གར་ཐོན་མི་བྱེད་པའི་ཆེད་དུ་གཞུང་སྒེར་གཉིས་ཀྱིས་ལས་འགུལ་སྤེལ་ཐུབ་མེད་པས་ཕྱི་རྒྱལ་དུ་གནས་སྡོད་ཁག་ཆིག་སྒྲིལ་མེད་པ། བོད་མི་ཀུན་གྱི་དང་བླང་དཔྱ་ཁྲལ་མ་ལོན་པ་སོགས་འཐུས་ཤོར་ཆེས་མང་པོ་བྱུང་ཡོད། འདི་གའི་དོན་གཅོད་ཀྱིས་མཚམས་རེར་གསར་འགྱུར་བརྒྱུད་ལམ་ཁག་ནས་ཤེས་ཟིན་པའི་རྙིང་པ་རེ་ཤོག་ཐོག་ཏུ་གཏོང་བ་ནི་གཞུང་དངུལ་འཕྲོ་བརླག་བཏང་བ་ཙམ་ལས་མི་འདུག དེ་བས་རྒྱུན་དུ་གཞུང་དམངས་བརྒྱུད་ལམ་ཀུན་གྱི་ཐོག་ནས་འབྲེལ་བ་དམ་ཟབ་བཟུང་དགོས། དེ་ཡང་དབུ་ཁྲིད་དང་ལས་སྣེ་པ་ཞིག་ཡིན་ཕྱིན་མི་དམངས་ལ་སེམས་ཐག་ཉེ་བོིའི་རྣམ་འགྱུར་དང་། བོད་མི་ནང་ཕན་ཚུན་ཆིག་སྒྲིལ་གཏོང་བའི་འཇོན་ཐང་ཡོད་དགོས་པ་ལས། ཁྱད་ཆོས་ཅི་ཡང་མེད་པར་དཔོན་འདུག་ཁོ་ན་བྱེད་པ་ནི་གཞུང་དངུལ་གྱི་ཟླ་ཕོགས་འཕྲོ་བརླག་ལས་མེད། རྒྱུ་མཚན་འདི་དག་གི་ཐོག་ལ་སྲིད་བྱུས་གསར་པ་གཏན་འབེབ ་དང་ཤུགས་སྣོན་ངེས་པར་དུ་དགོས་པར་མཐོང་།

ཡུལ་ལུང་གང་དུ་ཡོད་པའི་བོད་པ་དག་ཕན་ཚུན་འབྲེལ་ལམ་མེད་པ་གཅིག་ཀྱང་མེད་པ་བྱ་གལ་ཆེ། མ་ཟད་བོད་གཞུང་ལ་བོད་མི་དེ་དག་རེ་རེ་བཞིན་གྱི་དྲ་འབྲེལ་དང་ཁ་པར་གནས་སྡོད་ཁ་བྱང་སོགས་འབྲེལ་ལམ་སྣ་མང་ཡོད་ངེས་བྱ། མ་ཟད་བོད་མི་སུ་ཞིག་གནས་སྤོ་སོགས་བྱུང་ན་རྒྱུན་དུ་མུ་མཐུད་ནས་ཕན་ཚུན་གནས་ཚུལ་གསལ་པོ་བརྒྱུད་སྤྲོད་ཀྱིས་གསལ་འགོད་བྱས་ནས་ནམ་ཡང་གཅིག་སྒྲིལ་མ་བརླག་པ་དགོས། དེ་དག་ཕན་ཚུན་ཕྱོགས་མང་དག་ཅིག་ནས་ལས་འགུལ་ལ་སེམས་ཤུགས་རྒྱ་བསྐྱེད་གཏོང་ཐུབ་དགོས། གལ་ཆེན་གཞན་ཞིག་ནི། བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་བློ་བཟང་སེངྒེས་གསུངས་པ་བཞིན་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་དག་མཉམ་རུབ་ཀྱིས་རྒྱ་བལ་འབྲུག་གསུམ་སོགས་སུ་གནས་སྡོད་བོད་པའི་གཞི་ཆགས་ཁག་ལ་དཔལ་འབྱོར་གྱི་འགན་ལེན་གྱི་འབྲེལ་བ་འཛུགས་དགོས་གསུངས་པ་ནི་ཤིན་ཏུ་གལ་གནད་ཆེ་བས་དངོས་སུ་ལག་བསྟར་བྱེད་ཐུབ་ངེས་སུ་བྱ་རིགས། ཕྱི་རྒྱལ་གནས་སྡོད་པ་དག་གིས་སྒོར་གཏོང་རྐྱང་དང་རྒྱ་བལ་འབྲུག་གསུམ་པ་དག་གིས་ཉལ་ཟོས་བྱེད་རྐྱང་བྱེད་པ་ནི་ལུགས་སྲོལ་ངན་པ་རེད། དེ་བས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་ཡོངས་ཀྱིས་རྒྱ་བལ་འབྲུག་གསུམ་པ་དག་ལ་རོགས་སྐྱོར་དགོས་ཀྱང་། འཆར་གཞི་དང་འཛིན་སྐྱོང་དང་བཅས་པས་ཁོང་ཚོར་ལས་ཀ་དང་ཡོང་འབབ་བསྐྲུན་པའི་མ་དངུལ་དུ་འགྱུར་དགོས་པ་ལས་སྐྱིད་ཉལ་གྱི་མཐུན་རྐྱེན་དུ་ནམ་ཡང་མ་འགྱུར་བ་དགོས། མ་འོངས་པར་བཙན་བྱོལ་གཞུང་གིས་འདི་དག་གི་ཕྱོགས་ལ་སྣེ་ཁྲིད་དང་རྒྱབ་སྐྱོར་རོགས་འདེགས་སོགས་ཚགས་ཚུད་གནང་ན་ཕྲན་ནི་དེ་འདྲའི་ཕྱོགས་ལ་འདུན་པ་དང་བརྩོན་འགྲུས་བྱེད་ཐུབ་པའི་ཆོད་སེམས་ཡང་དག་ཡོད། མདོར་བསྡུས་ན་ང་ཚོ་གངས་ཅན་པ་ཡོད་དོ་ཅོག་གི་ལས་སུ་བྱ་བ་དཔལ་འབྱོར་རིག་གནས་དག་དེང་དུས་བརྒྱུད་ལམ་ཁག་གི་ཐོག་ནས་གཅིག་སྒྲིལ་དམ་ཟབ་ནི་ཆེས་མཐུན་པོ་བྱེད་དགོས། འདི་ནི་སྲིད་སྐྱོང་གསར་པའི་སྲིད་བྱུས་གསར་པའི་ཡ་གྱལ་ཞིག་སྟེ། འདི་ལ་ཚད་མཐོའི་གཅིག་སྒྲིལ་དེ་ཉིད་བསྣན་པ་ཡིན་པས་དེ་ལག་བསྟར་དུ་ཡོང་ཐུབ་པའི་ཡིད་ཆེས་ཡོད།

དམིགས་བསལ་དུ་ཤེས་ཡོན་ལམ་ལུགས་ཀྱི་འཐུས་ཤོར་ལ་དཔྱད་པ།

ད་དུང་ཕངས་ཆེ་བ་ནི། ཀུན་གྱིས་ཤེས་པའི་བྱེས་བཞུགས་བོད་མི་གཞོན་སྐྱེས་ཚོས་ཤེས་ཡོན་མཐོར་འདེགས་མ་ཐུབ་པའི་འཐུས་ཤོར་ཆེན་པོ་དེ་རེད། འདིའི་རྐྱེན་རྩ་གང་ལ་ཐུག་ཕྲན་ལྟ་བུའི་འཛིན་སྐྱོང་གི་ཉམས་མྱོང་ཕྲ་ཞིང་བཙན་བྱོལ་སྤྱི་ཚོགས་སུ་འདུག་ཡུན་ཤིན་ཏུ་ཐུང་བ་ཞིག་གིས་ཐག་བཅད་ནས་བཤད་སླ་མོ་མིན་ཡང་། ཡིན་ཤས་ཆེ་བའི་རྐྱེན་རྩ་ཁ་ཤས་ལ་དཔྱད་ན་འདི་ལྟར་ཡིན་སྙམ།

གཅིག བཙན་བྱོལ་བོད་གཞུང་གི་ཤེས་ཡོན་ལམ་ལུགས་དེ་ནུབ་ཕྱོགས་པ་སོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ལ་རྒྱུས་ལོན་གྱིས་མ་འདང་བའི་རྣམ་པ་གསལ་པོ་འདུག དེའི་ཕྱིར་ཡར་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ཡི་ཁ་ཕྱོགས་གསལ་པོ་མ་ཡོད་པས་རེད། དེ་ནི་གཙོ་བོ་དབུས་བོད་གཞུང་གིས་འཐུས་ཤོར་བྱས་པ་རེད་། ལྷག་པར་དུ་རྙིང་ཞེན་དང་བག་འཁུམ་ཆེ་བའི་རྣམ་པ་ནི་སློབ་མ་དག་གི་བྱ་སྤྱོད་ལ་བལྟས་ན་མངོན། དེ་ནི་དབུས་གཞུང་དང་འཛིན་སྐྱོང་པ་གཉིས་ཀྱིས་འཐུས་ཤོར་རེད། གཞན་ལ་ལད་ཟློས་ཕྱོགས་རེ་བ་ཙམ་ཡོད་ཀྱང་དུས་དང་སྤྱི་ཚོགས་གཉིས་འཚམ་གྱི་གསར་བཏོད་བྱེད་མ་ཤེས་པ། དཔེར་ན་བོད་པའི་ངན་གཤིས་དགེ་རྒན་གྱིས་དོན་ཆུང་རྒྱས་སྤྲོས་བཤད་རྒྱུ་མང་བ་ལས་སློབ་མའི་རྒྱུད་ཚོད་དང་གོ་རྟོགས་ལ་རྒྱུས་ལོན་ཆུང་བ། དགེ་རྒན་ཅུང་བཟང་འདོད་ཆེ་བ་དག་གིས་ཀྱང་ཕར་སློབ་མའི་སེམས་ནང་དུ་བླུག་དགོས་སྣང་ཆེ་བ་ལས། སློབ་མ་རང་གི་སེམས་དང་ཀླད་པ་འགུལ་ཐབས་ཀྱི་བློ་རྩལ་གྱིས་མི་འདང་བ་གསལ་པོ་རེད། གཉིས། ཆེད་མཁས་ཀྱི་དགེ་རྒན་གསོ་སྐྱོང་མ་ཡོད་པས་དགེ་རྒན་དག་གི་རིག་རྩལ་གྱིས་མ་འདང་བའི་ཁར། ཤེས་ཡོན་གྱི་མཐོ་ཚད་དམའ་བའི་ཁོར་ཡུག་ཅིག་ནས་ཀུན་སློང་གི་མིག་རྒྱང་དང་ལྷག་བསམ་དང་བྱམས་བརྩེའི་ནུས་པ་ཡང་དམའ་བས་དབང་གིས་སློབ་མར་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེ་ཙམ་ཐེབས་མ་ཐུབ་པ། གསུམ། ཕ་མ་མང་ཆེ་བ་ཤེས་ཡོན་མཐོ་ལྡན་གྱི་གོ་རྟོགས་པ་མིན་པས་ལྷག་བསམ་རྐྱང་བ་རེ་ཡོད་སྲིད་ཀྱང་དེ་ཙམ་གྱིས་ཕ་མས་སློབ་གསོ་གཏོང་སྟངས་ཀྱིས་ཤུགས་རྐྱེན་སྤྲོད་པའི་མ་འདང་བ། བཞི། ཤེས་ཡོན་མཐོ་ལྡན་གྱི་སྤྱི་ཚོགས་མ་ཡིན་པས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཁ་ཕྱོགས་འཕྲལ་སེལ་དཔལ་འབྱོར་དང་ཕུགས་མེད་ཀྱི་སྤྲོ་གཡེང་སོགས་ཀྱི་ཤུགས་རྐྱེན་ངན་པས་སློབ་སྦྱོང་ལ་གནད་སྨིན་པ་མ་ཡོང་བ། ལྔ། ཡར་ཐོན་ཅན་གྱི་རྒྱལ་ཁག་ཏུ་གནས་སྤོས་བྱས་པའི་བོད་གཞུང་གི་དཔོན་རིགས་ཟུར་པ་དག་དང་། ཁོང་ཚོའི་རྒྱུད་པ་སོགས་དེར་འཚར་ལོངས་བྱུང་བ་དག་རང་འདོད་ཚ་དྲགས་ཤིང་ལྷག་བསམ་ཆུང་དྲགས་པས། ཡར་རྒྱས་ཅན་གྱི་རྒྱལ་ཁབ་དེ་དག་གི་ལེགས་ཆ་དང་རང་གི་ཉམས་མྱོང་ཁག་བཙན་བྱོལ་གཞུང་དམངས་གཉིས་ལ་ཞལ་འདེབས་འབུལ་བའི་ལྷག་བསམ་གྱིས་དབུལ་བས་རེད། དྲུག ཚད་མཐོའི་ཤེས་ཡོན་ལྡན་པའི་ཁོར་ཡུག་ཅིག་དང་རང་སྐད་གཙང་མའི་ལས་གནས་སྤྱོད་ཡུལ་དཀོན་པས་དབང་གིས་སློབ་ཕྲུག་ཚོར་འདུན་བརྩོན་དྲན་ཤེས་བག་ཡོད་ཆུང་ཞིང་། ལྷག་པར་ཏུ་ལྟ་བ་གུ་ཡངས་དང་ཐབས་ལམ་མཁས་པའི་སློབ་སྦྱོང་གི་ལམ་སྲོལ་མ་ཡོད་པ། སློབ་སྦྱོང་བྱེད་ས་དང་ལས་གནས་གཉེར་ས་གཉིས་ཀའི་ཁོར་ཡུག་གུ་དོག་དྲགས་པ། སློབ་ཐོན་པས་གྲངས་འབོར་ཡང་ཤིན་ཏུ་མི་མང་བ་སོགས་ཀྱིས་མདུན་སྐྱོད་ཆེན་པོ་བྱུང་མ་ཐུབ་པ་རེད།

འོ་ན་འདི་དག་ཡར་རྒྱས་གཏོང་བའི་ཐབས་ལམ་ཅི་ཡོད་སྙམ་ན། དེ་ཡོད་པ་ནི་ཡིད་ཆེས་གཏིང་ཟབ་ཡོད། རྒྱུ་མཚན་ནི་ཐབས་ལམ་མེད་པའི་དཀའ་ངལ་ཞིག་འཇིག་རྟེན་ན་མེད་པས་སོ། སྤྱིར་བཏང་བོད་པའི་གཤིས་ཀ་དང་ལྷག་པར་ཤེས་ཡོན་སློབ་སྟངས་ལ་རྒྱུས་མངའ་ཡོད་པའི་ཁར། ནུབ་ཕྱོགས་པའི་བྱེད་ལུགས་རྒྱུས་ལོན་བྱས་པ་ཤོག་ལྷེ་ཁ་ཤས་སུ་བྲིས་ནས་བཤད་ནུས་པ་ཞིག་མིན་ཡང་། ཕྲན་སྒེར་ངོས་ནས་ཐད་ཀར་འདི་འདྲའི་ཞབས་འདེགས་བྱེད་པའི་སྐལ་བཟང་ཞིག་བྱུང་ན། རིམ་པ་མང་དུ་བརྒྱུད་ནས་ལག་ལེན་འདི་ལྟར་གཏོང་དགོས་སྙམ་པའི་ཐབས་ལམ་སྣ་མང་ཞིག་ཡིད་ངོར་འགོག་མེད་དུ་འཆར། འདི་ཡིག་ལམ་ཁོ་ནས་འགྲེལ་བཤད་ཀྱིས་ནུས་པ་ཐོན་པར་ཡིད་ཆེས་མེད་ཀྱང་། དབུས་གཞུང་དང་སློབ་གྲྭ་ཁག་མང་པོ་ཞིག་ལ་ཞབས་འདེགས་ཞུ་བའི་འདུན་པ་ནི་ཤུགས་དྲག་ཅིག་ཡོད་ལ། ཡར་རྒྱས་གཏོང་མི་ཐུབ་པར་སེམས་སུ་འཆར་ཐབས་མི་འདུག དཔེ་མཚོན་ཁ་ཤས་ཞུས་ན། བྱིས་པར་སྐད་ཡིག་བསླབ་དུས་བོད་རྒྱ་དབྱིན་གསུམ་མཉམ་དུ་བསླབ་པའམ། ཐ་ན་བོད་དབྱིན་གཉིས་བསླབ་དགོས་པ་ལས་ཕྱོགས་རེ་བར་ཤུགས་སྣོན་རྒྱག་དགོས་པར་དམ་བཅའ་འཛིན་མཁན་དག་ནི་ནོར་འཁྲུལ་རེད། རྒྱུ་མཚན་ནི། བསླབ་ཚུལ་ཤེས་ན་སྐད་ཡིག་གཉིས་ཀྱིས་ཕན་ཚུན་རྣོ་སོ་འདོན་པའམ། དག་ཐེར་བྱས་ནས་སྐད་ཡིག་སྤུས་དག་དང་སྐད་ཡིག་གི་རོ་མྱོང་ཐུབ་པའི་དགེ་མཚན་ཤིན་ཏུ་ཆེ་བ་རེད། འདི་ནི་སྐད་ཡིག་ཆེད་མཁས་པས་ཤེས་པ་རེད་ལ། ཐ་ན་ཕྲན་ན་ཚོད་རྒན་རྗེས་གཞི་ནས་དབྱིན་སྐད་བསླབས་པ་ཡིན་ཡང་ང་ཚོ་བོད་པའི་སྐད་ཡིག་དང་ནང་པའི་ཆོས་ཀྱི་གོ་བ་གཉིས་ཀར་རྣོ་སོ་ཆེས་མང་དུ་བཏོན་སོང་བ་ཉམས་མྱོང་གིས་ཀྱང་ཤེས་སོང་ན། བྱིས་པ་ཆུང་དུས་སྐད་ཡིག་སྦྱང་ན་དེ་ལས་བརྒྱ་འགྱུར་གྱིས་བཟང་བར་སྨོས་མི་དགོས་པ་ཞིག་རེད། མ་འོང་མྱུར་དུ་ཤེས་ཡོན་ཡར་རྒྱས་གཏོང་བར་མེད་ཐབས་མེད་པའི་ཆ་རྐྱེན་གཅིག་ནི་ནུབ་ཕྱོགས་པའི་ཤེས་ཡོན་ཆེད་མཁས་པའི་རོགས་སྐྱོར་ལ་བརྟེན་དགོས་ལ། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་རྨང་གཞིའི་སློབ་གྲྭ་མཐར་ཕྱིན་པ་ཆེས་མང་པོ་ལ་འབོད་སྐུལ་གནང་སྟེ། ཁོང་ཚོའི་ཉམས་མྱོང་གི་ཐོག་ནས་སློབ་ཁྲིད་བྱེད་དུ་འཇུག་པ་ནི་ཤིན་ཏུ་གལ་ཆེ། མཐུན་རྐྱེན་དང་གོ་སྐབས་ལྡན་ན་དེ་དག་བརྒྱུད་རིམ་ལྡན་པའི་འཆར་གཞི་ལ་གོ་བསྡུར་བྱེད་འདོད་ཡོད། འོན་ཏེ་རིམ་པ་རེ་ནས་ལག་ལེན་ལ་བསྟར་ན་གཞི་ནས་མངོན་དགོས་པ་ལས། ད་ལྟ་ནས་འགྱུར་རྒྱུ་མེད་པའི་ཐབས་ལམ་ཞིག་ཡིག་ཐོག་ཁོ་ནར་བཏང་ན་ཚད་བཀག་ཅན་དུ་གྱུར་པས་ནུས་པ་མི་ཐོན་སྙམ་པས་འདིར་འབྲི་བའི་ངལ་བ་སྤངས། མདོར་ན་དེ་འདྲའི་སྐྱོན་དང་མ་འདང་བའི་ཕྱོགས་ཡོངས་སུ་རྫོགས་པ་ངོས་ཟིན་གསལ་པོ་བྱུང་ནས། གོ་རྟོགས་ཡང་དག་ཅིག་སད་ཐུབ་ན། ཡོ་བསྲང་དང་ཡར་རྒྱས་ཀྱི་ཐབས་ལམ་ནི་རྣམ་དཔྱོད་ལྡན་པ་སུ་ཞིག་གི་བློ་གྲོས་ལས་ཡོང་བ་ལ་མཐའ་མེད་ལ། ཚད་ཀྱང་མེད་པས་དུས་ནས་དུས་སུ་འོས་ཤིང་འཚམ་པར་བེད་སྤྱོད་གཏོང་དགོས་པ་ཞིག་ཡིན་པར་གོར་མ་ཆག

རྒྱ་བལ་འབྲུག་གསུམ་ཀྱི་བོད་མིའི་སེམས་ཁམས་དང་གནས་སྟངས།

རྒྱ་བལ་འབྲུག་གསུམ་སོགས་སུ་གནས་སྡོད་བྱས་ཡོད་པའི་བོད་མི་ཚོའི་སེམས་ཁམས་ཡོངས་རྫོགས་ལ་རྒྱུས་ལོན་ཆེར་མེད་པས་མི་ཤེས་མོད། སྤྱི་ཚོགས་དེ་དག་ཏུ་ཡོད་པའི་མི་མང་ཆེ་བའི་སེམས་ལ་ཡོད་པའི་དཀའ་ངལ་ལམ་འགལ་རྐྱེན་ཆེ་ཤོས་དེ་ནི། ཕུགས་རྒྱང་རིང་པོར་ཕན་པའི་ཤེས་ཡོན་ལ་སྡུག་རུས་ཆེ་ཙམ་བསྐྱེད་པ་ལས། འཕྲལ་སེལ་དཔལ་འབྱོར་ལ་མགོ་འཁོར་ཏེ་འདོད་པ་ཤུགས་དྲག་པོས་ནུབ་ཕྱོགས་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་གནས་སྡོད་བྱེད་འདོད་པ་དེ་ཡིན་པ་ཤེས་སླ། ཁོང་ཚོས་བསམ་ན་རྒྱལ་ཁབ་དེ་དག་ཕལ་ཆེར་དག་པའི་ཞིང་ཁམས་དང་ཆ་འདྲ་བར་བདེ་སྐྱིད་ཀྱིས་ཁེངས་ཡོད་པར་འདོད་ཅིང་དེ་དག་ཏུ་གནས་སྤོ་བྱ་འདོད་པ་ཤུགས་ཆེ། འཇོན་ཐང་ཡོད་མེད་ཀྱི་གོང་ཚད་ཀྱང་འདི་ཡིས་གཞལ། རྒྱུ་མཚན་ནི། མང་པོ་ཞིག་གིས་ཕན་ཚུན་གོ་རྟོགས་མེད་པའི་སྒྲོ་སྐུར་གྱི་འཆར་སྣང་གི་བདེ་སྐྱིད་མང་པོ་ཞིག་བཤད་སྲོལ་ཡོད་པས་སྣང་བ་བསྒྱུར་ཡོད། ལྟ་ཚུལ་དང་འཆར་སྣང་དེ་དག་ནི་མཐའ་གཅིག་ཏུ་དོན་ལ་གནས་པ་ཞིག་མིན་ལ། འདི་ལ་ཅུང་ཟད་དཔྱད་དགོས་པ་ཞིག་དང་། དཔྱད་ན་གོ་རྟོགས་མང་པོ་སད་ཐུབ་པས་ཕན། དང་པོ་གང་ཟག་སུ་ཡིན་ཡང་རིག་གཞུང་དང་གོམས་བསམ་མི་གཅིག་པའི་རྒྱལ་ཁབ་ཅིག་ཏུ་སླེབས་ཕྱིན་གདོང་ལེན་ཆེས་མང་པོ་ཞིག་དགོས་པ་ནི་ཆེས་སྤྱིར་བཏང་བ་དང་བཟློག་ཏུ་མེད་པ་ཞིག་ཡིན། ལྷག་པར་དུ་ཤེས་ཡོན་མེད་མཁན་ཞིག་ཤེས་ཡོན་ཆེ་བའི་རྒྱལ་ཁབ་ཅིག་ཏུ་སླེབས་དུས་ལས་སླ་མོ་ཅི་ཡང་མེད་པ་བསམ་བློ་བཏང་ན་ཤེས་སླ་མོ་ཞིག་རེད། གལ་ཏེ་ཤེས་ཡོན་གཙོར་བཟུང་མཁན་ཞིག་སྟེ་ཤེས་ཡོན་ལ་སྦྱང་བའམ་ཤེས་ཡོན་ལ་གོམས་པར་བྱེད་པ་ཨང་དང་པོ་དང་མི་ཚེའི་སྙིང་དོན་དུ་བཟུང་མཁན་ཡིན་ན་དོན་སྒོ་ཅུང་ཙམ་ཆེ། རྒྱུ་མཚན་ནི། ནུབ་ཕྱོགས་རྒྱལ་ཁབ་ཕལ་ཆེ་བ་ཤེས་ཡོན་མཐོན་པོའི་ཁོར་ཡུག་ཅིག་ཡིན་ཕྱིར་དེ་དག་ཏུ་བསྡད་ནས་རྒྱུན་དུ་ཉམས་འཇོག་ཙམ་བྱས་ན་རིང་ཉིད་ཀྱི་ཤེས་ཡོན་རང་བཞིན་གྱིས་མཐོ་རུ་འགྲོ་ཐུབ། ཡང་ན་བོད་ཀྱི་རྩ་དོན་ཆབ་སྲིད་ལ་ཕན་པའི་ལས་དོན་སྤེལ་བ་གཙོ་བོར་འཛིན་མཁན་ཞིག་ཡིན་ན་ཡང་ནུབ་ཕྱོགས་སུ་ཡོད་པ་གོ་སྐབས་ཤིག་ཡིན། གང་ལྟར་བསམ་བློ་རྒྱ་ཆེ་ས་ཞིག་ནས་གཏོང་མཁན་ཞིག་ཡིན་ན། ཡར་རྒྱས་ཅན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཅིག་གི་མི་སེར་ཆགས་པའི་གོ་སྐབས་ཤིག་བཟུང་ན་ནུས་པ་ཅུང་ཆེ་བ་རེ་འདོན་ཐུབ་ཡོང་སྲིད། རྒྱུ་མཚན་ནི་སྤྱི་ཚོགས་ཀྱི་རྨང་གཞིའི་ཤེས་ཡོན་མཐོ་བས་རང་ཉིད་ཀྱི་ཤེས་ཡོན་མཐོར་འདེགས་ཐུབ་པའི་སྐལ་བ་ཡོད་ལ། ཁོར་ཡུག་གི་དབང་གིས་ཡར་རྒྱས་ཀྱི་མྱུར་ཚད་ཆེ་ཞིང་གོ་སྐབས་མང་། དེ་བཞིན་དུ་བོད་མིའི་རྩ་དོན་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་ཞིག་འདོན་ཐུབ་པར་ཡང་རྒྱལ་ཁབ་གང་གི་ཡང་མི་སེར་མིན་པའི་ཡུལ་གྱར་བ་ཕལ་བ་ཞིག་ལས་མང་ཙམ་གོ་སྐབས་ཡོད་པ་སྨོས་མེད་རེད་ལ་ནུས་པ་ཡང་དེ་ཚོད་ཡོད།

འདི་དག་ཆེས་གལ་ཆེན་ཞིག་ཏུ་མི་བརྩི་མཁན་གྱི་བོད་མི་ཞིག་ཡིན་ཕྱིན་ནུབ་ཕྱོགས་སུ་སྡོད་པ་ཙམ་ལ་ཁེ་ཕམ་གཉིས་ཀ་ཡོད། རྒྱུན་ལྡན་བཞིན་ཆབ་སྲིད་ཀྱི་སྐྱབས་བཅོལ་ལ་ཁ་གཡར་དེ་དཔལ་འབྱོར་གྱི་སྐྱབས་བཅོལ་ཁོ་ན་སེམས་གཏིང་དུ་བཟུང་ནས་ཡོང་མཁན་དག་ལ་ཁེ་ཕན་ཆེན་པོ་ཞིག་ཐོབ་རྒྱུ་མེད་སྙམ། རྒྱུ་མཚན་ནི། ཤེས་ཡོན་ཧ་ཅང་མཐོ་བའི་མི་རེ་ཡིན་ན་མ་གཏོགས། རྒྱལ་ཁབ་འདི་དག་གི་མི་སེར་འབྲིང་སྨད་ཙམ་གྱི་ལས་གནས་རེག་མི་ཐུབ་པ་སྨོས་ཅི་དགོས། དེ་མ་ཐུབ་ཕྱིན་རང་ཉིད་གནས་ཡུལ་གྱི་རྒྱལ་ཁབ་ཀྱི་ཕལ་ཆེར་མི་སེར་དཀྱུས་མ་ཙམ་གྱི་འཚོ་བ་ཡང་རོལ་མི་ཐུབ། དེ་མ་ཐུབ་ན་དེའི་ཚོད་ཀྱི་བདེ་སྐྱིད་ཞིག་ལས་རོལ་མི་ཐུབ་ཅིང་། རང་ཉིད་གང་ཏུ་གནས་ཡུལ་གྱི་མི་ལ་འགྲན་རྩོད་བྱེད་མ་ཐུབ་ན་སེམས་ལ་སྡུག་བསྔལ་ལས་བདེ་བ་མེད་པ་ནི་ཆོས་ཉིད་རེད།

རང་སྡོད་སའི་ཡུལ་དུ་རང་གི་ཉིན་རེའི་འཚོ་བ་རོལ་ཡུལ་ལ་ལྟོས་པའི་བདེ་སྐྱིད་རོལ་མ་ཐུབ་དུས། གཞན་ཡུལ་ལ་ལྟོས་པས་དཔལ་འབྱོར་ཅུང་ཟད་ཅན་དུ་འགྱུར་ཐུབ་ཀྱང་། དེས་འདོད་པ་མི་ཁེངས་ཤིང་བདེ་སྐྱིད་མི་མྱོང་བ་ཡང་མི་སྤྱིར་བཏང་གི་དཀའ་ངལ་ལམ་ཆོས་ཉིད་རེད། དེས་མ་ཚད་ང་ཚོ་བོད་པའི་གཞིས་ཆགས་སམ་བོད་པའི་ཚོ་སྡེ་དང་སྤྱི་ཚོགས་དེ་དག་ནི་རང་བཞིན་གྱིས་ཞི་བདེ་དང་བག་ཡངས། ངོ་ཚ་ཁྲེལ་དང་ལྡན་པ། ཕན་ཚུན་འབྲེལ་འདྲིས་ཟབ་པ། མི་ཕན་ཚུན་རང་བཞིན་གྱི་ཉེ་བའི་རང་གཤིས་ཤིག་ཡོད་པས། དེ་དག་ཏུ་གནས་སྡོད་བྱས་ན་རང་བཞིན་གྱིས་བདེ་ཞིང་སྐྱིད་པའི་ཆ་ཤས་མང་པོ་ཞིག་ཡོད། ཕྱིའི་རྒྱལ་ཁབ་འདི་དག་དང་ལྷག་པར་དུ་གྲོང་ཁྱེར་ཞིག་ཏུ་སྡོད་དུས་ཞི་བདེ་བག་ཕེབས་འདི་དག་ཉམས་སུ་མྱོང་རྒྱུ་མེད་པས་སྔར་མྱངས་མ་མྱོང་བའི་སྡུག་བསྔལ་མང་པོ་ཞིག་མྱོང་དགོས་ཐུག་པ་ནི་སྤྱིར་བཏང་བ་ཞིག་ཡིན། དེས་མི་ཚད་རྒྱལ་ཁབ་འདི་དག་ཏུ་འཚོ་ཙམ་བྱེད་པར་ཡང་འགྲོ་གྲོན་ཧ་ཅང་མཐོ་བའི་དབང་གིས་རྒྱུན་དུ་ལས་ཀ་ལས་གཡོལ་ཐབས་མེད་པས་རང་གིས་རང་བཙོན་དུ་བཅུག་པ་ལྟ་བུ་ཞིག་ཡིན། སྤྱི་ཚོགས་དེི་ལ་ལྟོས་པའི་ལས་རིགས་ཀྱང་ཆེས་དམན་པ་ཁོ་ན་བྱེད་དགོས་པས་དབང་གི་རང་བཞིན་གྱིས་སེམས་ཁམས་འཕང་དམའ་བ་དང་སྡུག་ལྷང་ངེ་བ་ཞིག་ཏུ་ཆགས་འགྲོ་བ་ཡང་རང་བཞིན་བའམ་སྤྱིར་བཏང་བ་ཞིག་ཡིན།

འདི་དག་ཚང་མ་མཉམ་འདུས་ཀྱི་དབང་གིས་སྔར་ང་ཚོས་ཚོར་མྱོང་མེད་པའི་ཁེར་རྐྱང་རིང་ལུགས་ཀྱི་སེམས་ཀྱི་སྡུག་བསྔལ་ཆེན་པོ་ཞིག་ཀྱང་མྱོང་དགོས་པ་ནི་ཕལ་ཆེར་མང་ཆེ་བའི་ཐུན་མོང་ཞིག་ཡིན། འདི་ནི་ངས་ངོ་ཤེས་པ་མང་པོས་གཅིག་མཚུངས་སུ་ཕྲན་ལ་བཤད་མྱོང་། སྐྱེས་པ་དང་བུད་མེད་མང་པོས་ཁ་གཅིག་མཚུངས་ཀྱིས་བཤད་བྱུང། ཁོང་ཚོ་ཡོང་ཡུལ་གྱི་གཞིས་ཆགས་དང་ཚོ་སྡེ་དེ་དག་ཧ་ཅང་དྲན་གྱི་འདུག་གསུངས་སོང་། ཕྲན་གྱིས་ཀྱང་སྔར་ངོ་མི་ཤེས་པའི་སེམས་ཁམས་དེ་ཉམས་སུ་ཐེངས་འགར་མྱོང་དགོས་བྱུང་། གལ་ཏེ་ཕྲན་ལ་དམ་པའི་ཆོས་ཀྱིས་སེམས་ལ་སྦྱོང་བརྡར་ཐོབ་པའི་སྐལ་བཟང་ཐོབ་མེད་ན་དེ་དག་གི་གཉེན་པོ་ཞིག་བསྟེན་རྒྱུ་མ་ཡོད་ཕྱིན་སྡུག་བསྔལ་འདིའི་འདམ་དུ་ལྷུང་ཡོད་པ་གོར་མ་ཆག ཤེས་ཡོན་ཧ་ཅང་མཐོ་བོ་ཅན་རེ་དང་། ཡང་ན་ཆོས་ཀྱི་ཉམས་ལེན་གཏིང་ཟབ་ཡོད་མཁན་རེ་ཡིན་ན་མ་གཏོགས་རིག་གཞུང་དང་གོམས་གཤིས། ལྟ་བ་དང་སེམས་ཁམས་རྩ་བ་ནས་མི་འདྲ་བའི་རྒྱལ་ཁབ་གསར་པ་གང་ཞིག་ཏུ་འགྲོ་དུས་སྔར་སེམས་སུ་ཤར་ཡང་མ་མྱོང་ཞིང་མི་ཤེས་པའི་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་བྱེད་མི་དགོས་མཁན་མེད་པས། ནུབ་ཕྱོགས་རྒྱལ་ཁབ་དག་སྡུག་བསྔལ་བྲལ་བའི་བདེ་ཆེན་ཞིང་དང་ཆ་འདྲ་བར་ཡོད་པའི་བསམ་བློ་དེ་ནི་དོན་ལ་མི་གནས་པ་ཞིག་ཡིན།

མདོར་ན་ཕལ་བའི་གང་ཟག་དག་གིས་དངུལ་གཙོ་བོར་སེམས་ལ་བཞག་ནས་འགྲོ་གི་ཡོད་པ་ཀུན་གྱིས་ཤེས་གསལ་རེད་མོད། འོན་ཏེ་དངུལ་གྱི་ཐོག་ནས་བདེ་སྐྱིད་ཅུང་ཙམ་ཞིག་མྱོང་ཐུབ་པ་དེ་ནི། དང་པོ་དངུལ་ཅུང་ཙམ་རྙེད་དུས་མང་བའི་སྣང་བ་ཞིག་ཤར་ལ། དེས་མི་ཚད་འགྲོ་སོང་མང་པོ་གཏོང་ཐུབ་པའི་སྣང་བ་ཞིག་ཤར། མཚམས་རེར་ཕྱིར་ཕ་ཡུལ་བོད་དང་རྒྱ་བལ་འབྲུག་གསུམ་གང་རུང་ལ་དངུལ་གཏོང་དུས་དངུལ་ཤུགས་ཆེ་བས་དགའ་སྣང་ཞིག་འཆར་བ་དེ་གཉིས་ཙམ་རེད།

འོན་ཀྱང་འདི་ནི་དུས་ཡུན་ཤིན་ཏུ་ཐུང་བ་ཞིག་ལས་རྒྱུན་དུ་རོལ་ཐུབ་པའི་འཚོ་བའི་ཆ་ཤས་ཞིག་མ་ཡིན་པས་བདེ་དགའ་ཆུང་ངུ་ཞིག་རེད། མ་ཟད་དུས་ཡུན་ཅུང་ཙམ་འགོར་དུས་དེ་ཡི་དགའ་སྣང་དང་སྐྱིད་སྣང་དེ་ཡང་རིམ་གྱིས་ཡལ་འགྲོ་བ་ནི་ཆོས་ཉིད་ཅིག་རེད། ནུབ་ཕྱོགས་རྒྱལ་ཁབ་དག་ཏུ་མིས་རང་སྲོག་གཅོད་མཁན་མང་བ་ལ་སོགས་པའི་སྡུག་བསྔལ་ཆེ་བ་ཅིའི་ཕྱིར་ཡིན་སྙམ་ན། དེ་ནི་གཙོ་བོ་མིས་འདོད་རྔམ་གྱི་གཞི་རྩ་བྱས་ནས་ཡོང་བ་ཡིན་པའི་འགྲན་རྩོད་ཀྱི་རང་བཞིན་དང་། དེ་ཡང་མི་ཆེས་མང་བའི་ཁོར་ཡུག་ཡིན་པའི་དབང་གིས་ཀུན་གྱིས་ཕན་ཚུན་ཤེས་མི་སྲིད་པའི་དབང་གིས་ཕན་ཚུན་ཡིད་ཆེས་ག་ལ་ཐུབ། དེ་ཕྱིར་ཡོད་ཚད་ཡི་གེ་དང་དཔང་རྟགས་ཀྱི་རང་བཞིན་ཁོ་ནས་སྤྱི་ཚོགས་ཤིག་བསྐྲུན་དགོས་པས། མིའི་ལས་ཀ་དག་བཅུ་འགྱུར་གྱིས་རྙོག་འཛིང་ཅན་དུ་ཆགས་པ་རེད། དེས་མི་རྣམས་ནམ་ཡང་ཁོམ་ལོངས་མེད་པ་ཞིག་བཟོས་པ་རེད། ད་དུང་དེས་མི་ཚད་པར་ཕན་ཚུན་གཅིག་གིས་གཅིག་ལ་ཁྲིམས་གཏུག་བྱེད་པའི་རང་དབང་ཆེ་བ་ལོག་པར་སྤྱོད་མཁན་མང་དྲགས་པས་རྒྱུན་དུ་གཟབ་དགོས་ས་ཆེས་མང་བས་ཀྱང་མི་ཚེ་རྙོག་འཛིང་ཅན་དུ་བཟོས་པ་རེད། དེ་འདྲའི་སྤྱི་ཚོགས་ཤིག་ཏུ་སྡོད་དུས་སེམས་ལ་ཞི་བདེ་དང་སོས་དལ་ཡོང་བར་ཤིན་ཏུ་དཀའ། དེ་ཕྱིར་ནུབ་ཕྱོགས་སུ་གནས་སྡོད་པ་དག་ཕར་རྒྱ་བལ་འབྲུག་གསུམ་སོགས་སུ་འགྲོ་དུས་རྫིག་མདོག་ཅུང་ཙམ་རེ་སྟོན་ཐུབ་པས་སྐྱིད་སྣང་རེ་ཡོད་མོད། འོན་ཏེ་ཉིན་རེའི་འཚོ་བའི་ནང་གི་སེམས་ཁམས་ཀྱི་བདེ་སྡུག་ལ་གཤིབ་བསྡུར་ཞིག་བྱས་ན་ཕལ་ཆེར་ནུབ་ཕྱོགས་སུ་གནས་སྡོད་པ་དག་གིས་ཕམ་ཁ་ཁུར་ཡོད་སྙམ། རྒྱ་བལ་འབྲུག་གསུམ་པ་དག་གིས་འདི་དག་ལ་ཆགས་ནས་ཕྱི་རྒྱལ་ཁག་ཏུ་འགྲོ་མི་ཐུབ་པའི་སྡུག་བསྔལ་སེམས་ལ་མི་བཅངས་པ་གལ་ཆེ། རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་གཞིས་ཆགས་ཀྱི་སྤྱི་ཚོགས་སུ་བསྡད་ན་སེམས་ལ་ཞི་དལ་དང་བག་ཕེབས་ངང་གནས་ཐུབ་ལ། ཁེར་རྐྱང་རིང་ལུགས་ཀྱི་སྡུག་བསྔལ་ནི་ཕལ་ཆེར་མི་སྲིད་པ་ཞིག་རེད། རྒྱ་བལ་འབྲུག་གསུམ་པ་དག་གི་སེམས་མ་སྐྱིད་པ་ཆེ་ཤོས་དེ་ནི། རྒྱལ་གཅེས་པ་ངོ་མ་རེ་ཡིན་ན་ནི་བོད་ཀྱི་རྩ་དོན་ལོས་ཡིན་མ་གཏོགས། དེ་མིན་མང་ཆེ་བས་ནི་ནང་མི་གང་རུང་ཞིག་ཕྱི་རྒྱལ་ལ་འགྲོ་མ་ཐུབ་པའི་འགྲན་རྩོད་དེ་རེད། སྡུག་བསྔལ་དེ་ནི་ཁོ་རང་ཚོའི་སེམས་ཀྱིས་བཟོས་པའི་སྡུག་བསྔལ་ཞིག་ཡིན་པ་ལས་དངོས་ཡོད་ཞིག་མིན། དེ་ཕྱིར་སྡུག་བསྔལ་དེ་དག་ནི་སེམས་ཀྱི་བསམ་ཚུལ་ཙམ་གྱིས་སེལ་ནུས་པ་ཞིག་རེད། དེ་ནི་ལུས་ཀྱི་སྡུག་བསྔལ་ལྟ་བུའི་སེམས་ཀྱི་བསམ་ཚུལ་ཙམ་གྱིས་སེལ་མི་ཐུབ་པ་ཞིག་མ་རེད། དེ་ཕྱིར་དཀའ་ངལ་དེ་དག་སེལ་བའི་ཐབས་ལམ་སེམས་ཁོ་ན་ཡིན་པས་དེ་སེལ་བའི་ཐབས་ལམ་གཉིས་ཙམ་བཤད་ན་འདི་ལྟར་ཡོད།

གཅིག་ནི་སྡུག་བསྔལ་དེ་དག་སོ་སོ་རང་གི་སེམས་ནས་བཟོས་པ་ལས་དོན་ལ་སྡུག་བསྔལ་ཞིག་མེད་པར་ཤེས་པ་དེ་ལ་གོམས་སུ་འཇུག་རྒྱུ་དེ་རེད། གཅིག་ནི་ནང་མི་ཕྱི་རྒྱལ་དུ་ཡོད་པ་དག་གིས་རང་གི་ནང་མི་ལ་འགྲན་རྩོད་དང་ཤོམ་ངོམ་སྐྱིད་ཉལ་དག་གི་ཆེད་དུ་དངུལ་བཏང་བ་ནི། གཞན་མེད་པོ་དག་ལ་འགྲན་རྩོད་ཀྱི་རང་བཞིན་དང་ཕམ་ཁའི་རང་བཞིན་གྱི་སྡུག་བསྔལ་མྱོང་བའི་རྐྱེན་བྱས་པ་ཡིན་པས། དེ་ནི་བྱམས་དང་སྙིང་རྗེས་དབེན་པའི་བྱ་བ་ཞིག་ཡིན་པ་ཤེས་དགོས། མ་ཟད་དེའི་སྤྱི་ཚོགས་ཁྱོན་ཡོངས་ནས་འཕྲལ་སེལ་འགྲན་རྩོད་བརྒྱུད་ནས་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པ་ཤེས་དགོས། དེ་བས་དངུལ་དེ་དག་དབུལ་པོ་དག་ལ་མ་དངུལ་གྱི་ཆེད་དང་། ཡང་ན་ཚོ་སྡེ་སྤྱི་ཁྱབ་ཀྱི་མ་དངུལ་ཆེད་དུ་བཏང་ན་ཕན་རླབས་འབུམ་འགྱུར་གྱིས་ཆེ། དེ་འདྲ་བྱས་ན་དམ་པའི་ཆོས་དང་མཐུན་པས་བསོད་ནམས་རྒྱ་ཆེན་པོ་གསོག་ཅིང་འཇིག་རྟེན་གྱི་བདེ་འབྱོར་དགའ་སྤྲོ་སོགས་ཀྱང་འདི་ལས་འབྱུང་ནུས། དེའི་ཕྱིར་སྟོབས་ཆེན་རྒྱལ་ཁབ་ཁག་ཏུ་བཞུགས་མི་དཔལ་འབྱོར་གྱིས་རོགས་སྐྱོར་བྱེད་ཐུབ་མཁན་ཚོས་བོད་མི་གཞིས་ཆགས་སྤྱི་ལ་ཕན་པ་དང། ལྷག་པར་དུ་ལས་མེད་དག་ལ་ལས་གནས་བསྐྲུན་པའི་རྒྱུ་རྐྱེན་དུ་འགྱུར་ཐུབ་ཐབས་བྱས་ན་མདའ་གཅིག་གིས་འབྲོང་དགུ་སོད་པའི་དཔེ་ལྟར་དང་། མི་རིགས་ཀྱི་བདེ་དོན་ལ་ཕན་པའི་དཔལ་འབྱོར་གྱིས་དོན་གོ་ཆེས་ཆེན་པོ་ཞིག་ཆོད་པ་ཡིན་ཁར། མ་འོངས་པར་ཡང་ནམ་ཡང་རང་ཉིད་དཔལ་འབྱོར་རྒྱ་ཆེན་ལྡན་པ་རུ་འགྱུར་བའི་བསོད་ནམས་བསགས་པ་ལ་སོགས་

No comments:

Post a Comment