Friday, December 30, 2011

བོད་པས་ཀྱང་རྒྱ་ཡི་ཞེན་ཁོག་བྱ་དགོས་པའི་གནས་སྟངས་འོག་ལྷུང་ཡོད།

འདོན་སྤེལ། ༢༠༡༡/༡༢/༡༩

ད་ནངས་༧གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་དུ་ཨུ་རུ་སུའི་ནང་པ་ ༡༦༠༠ ཙམ་དང་། བོད་ནས་གསར་འབྱོར་བ་ ༡༩༠༠ གཙོས་པའི་ཁྱོན་མི་ ༦༠༠༠ བརྒལ་བར་བཀའ་ཆོས་གནང་མགོ་བཙུགས་ཡོད།

ཨུ་རུ་སུའི་ནང་པའི་དད་ལྡན་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དེ་རིང་ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་། ༧གོང་ས་མཆོག་གིས་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཨུ་རུ་སུ་ནས་ཕེབས་པའི་ཐུ་བ་དང་བྷུ་རུ་ཡཱ་ཐུ ཁལ་མིག་བཅས་ཀྱི་ནང་པའི་ཆོས་ཞུ་བ་ ༡༦༠༠ དང་། བོད་ནས་གསར་འབྱོར་བ་ ༡༩༠༠། ངྷ་སའི་སེར་སྐྱ་མང་ཚོགས་དང་འཛམ་གླིང་ཕྱོགས་མཐའ་ནས་ཆོས་ཞུ་བ་ ༦༠༠༠ བརྒལ་བར། དུས་ཡུན་ཉིན་གསུམ་རིང་རྗེ་ཙོང་ཁ་པས་མཛད་པའི་༼རྟོགས་བརྗོད་མདུན་ལེགས་མ༽དང་། དགེ་བཤེས་གླང་རིང་ཐང་པ་རྡོ་རྗེ་སེངྒེས་མཛད་པའི་༼བློ་སྦྱོང་ཚིག་བརྒྱད་མ༽གཉིས་བཀའ་ཁྲིད་གནང་མགོ་བཙུགས་ཡོད།

གསུང་ཆོས་མགོ་འཛུགས་མ་གནང་གོང་༧གོང་ས་མཆོག་གིས་ཨུ་རུ་སུའི་ནང་པའི་རྒྱལ་ཁབ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཚོར་གསུང་ཆོས་ཀྱི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་སྟེ། གསུང་ཆོས་ཀྱི་གདུལ་བྱ་གཙོ་བོ་ཕ་མེས་དུས་ནས་བོད་ཀྱི་ནང་ཆོས་ལ་དད་པ་བྱེད་མཁན་བྷུ་རུ་ཡཱ་ཐི་དང་། ཁལ་མིག ཐུ་བ་བཅས་ཡིན་སྐོར་དང་། ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་ལུང་པ་དེ་དག་ནས་བོད་ལ་སློབ་གཉེར་དུ་ཡོང་སྟེ་ལོ་མང་སློབ་སྦྱོང་གནང་སྟེ། མཁས་པ་རྩེ་སོན་པ་མང་པོ་བྱུང་ཡོད་པ་མ་ཟད། མཁས་པ་དེ་ཚོས་སྤུས་དག་གི་ཡིག་ཆ་གང་མང་བརྩམས་ཡོད་སྐོར་གསུངས་སོང་།

དེའི་རྗེས་༧གོང་ས་མཆོག་གིས་དེ་རིང་གི་གདུལ་བྱ་གཙོ་བོ་གཅིག་བོད་ནས་ཕེབས་པའི་གསར་འབྱོར་ཚོ་ཡིན་སྐོར་གསུངས་ཏེ། གསར་འབྱོར་བ་ཚོར་ཆོས་འཆད་ཉན་གྱི་གོ་སྐབས་རག་གི་མེད་སྟབས། གསུང་ཆོས་སྐབས་གཟབ་ནན་གྱིས་ཉན་དགོས་སྐོར་གསུངས་དོན། “ དེ་རིང་བོད་ནས་གསར་འབྱོར་སྟོང་ཕྲག་ལྷག་ཕེབས་ཡོད་པ་ཚོ་གདུལ་བྱ་གཙོ་བོ་ཆགས་ཡོད། ཁྱེད་ཚོ་སྡོད་ས་རང་གི་ལུང་པ་ཡིན་ནའང་རང་དབང་ཡོད་པ་མ་རེད། རང་དབང་མེད་པ་ཙམ་དུ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་ལ་དད་པ་དང་དགའ་ཞེན་བྱས་ན་འགྲིག་གི་མེད་པར། བོད་པ་ཞིག་གིས་རྒྱ་ཡི་ཞེན་ཁོག་བྱ་དགོས་པའི་གནས་སྟངས་འོག་ལྷུང་ཡོད། ང་དགུ་གོང་ལ་བོད་ཆོལ་ཁ་གསུམ་གང་སར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་པོ་ཡོད་ཀྱང་། དེ་ཚོ་ད་ཆར་རིམ་བཞིན་རྫོགས་སྟེ་ཆོས་ཡག་པོ་འགྲེལ་བཤད་རྒྱག་ཐུབ་མཁན་དཀོན་པོ་ཆགས་ཡོད། ས་ཁུལ་ཕལ་ཆེ་བ་ཆོས་འགྲེལ་བཤད་རྒྱག་རྒྱུར་དམ་དྲག་བྱེད་ཀྱི་ཡོད་པ་རེད། དེ་རིང་ཁྱེད་ཚོར་ནང་ཆོས་གང་འདྲ་ཡིན་མིན་ཐོག་ཉན་རྒྱུའི་གོ་སྐབས་ཐོབ་ཡོད་སྟབས། གཟབ་གཟབ་བྱས་ཏེ་ཉན་རོགས་གནང་ཞུ་རྒྱུ་ཡིན། སངས་རྒྱས་ཆོས་དེ་དད་པ་དང་སྨོན་ལམ་རྒྱག་རྒྱུ་གཅིག་པུ་མ་རེད། སོ་སོའི་སེམས་ལ་འགྱུར་བ་བཏང་སྟེ་མི་ཡ་རབས་བཟོ་རྒྱུ་ཞིག་དང་། སྤྱོད་པ་བཟང་པོའི་ཐོག་རང་སྐྱིད་པ་དང་གཞན་བདེ་བ་ཞིག་གནང་དགོས་པ་རེད། སེམས་མི་ཤེས་པའི་གཞན་དབང་དུ་སོང་བ་དེ། ཤེས་བྱ་ཐམས་ཅད་མཁྱེན་པའི་བློ་ཞིག་ལ་བསྒྱུར་རྒྱུ་དེ་ནང་ཆོས་ཀྱི་དམིགས་ཡུལ་རེད་ཅེས་ ” གསུངས།

༧གོང་ས་མཆོག་གིས་ངྷ་ས་ཁུལ་ནས་ཕེབས་པའི་ཆོས་ཞུ་བར། “ ངྷ་སར་སྙིགས་མར་གནས་པའི་སེར་སྐྱ་མང་ཚོགས་ཀྱིས་ངོས་ཀྱིས་ཆོས་འགྲེལ་བཤད་བརྒྱབ་པ་ཐེངས་མང་ཉན་ཡོད་པ་རེད། ཁ་ཤས་ཀྱིས་དེ་འཆར་ཅན་ལྟ་བུ་རེད་བསམ་མཁན་ཡོད་སྲིད་ཀྱང་། འཆར་ཅན་རེད་བསམ་མཁན་ཚོ་འདིར་ཡོང་དགོས་དོན་ཡོད་པ་མ་རེད། ཆོས་ནི་ལོ་རྒྱུས་ཉན་པའི་བཟོ་འདྲ་བོ་མ་རེད། ལོ་རྒྱུས་ཡིན་ན་ཐེངས་གཅིག་ལ་ཉན་ན་ཐེངས་གཉིས་པ་གསུམ་པ་བསྐྱར་དུ་ཐོས་དགོས་དོན་ཡོད་པ་མ་རེད། ཆོས་ནི་སེམས་བཟོ་བཅོས་རྒྱག་དགོས་པ་ཞིག་ཡིན་པའི་ཆ་ནས། ཡང་ཡང་ཐོས་པའི་སྒོ་ནས་སེམས་ལ་བརྟག་དཔྱད་བྱས་ན། སེམས་ཡར་རྒྱས་འགྲོ་རྒྱུ་དང་རིག་པ་གསར་པ་རྙེད་རྒྱུར་ཕན་ཐོགས་ཡོང་གི་རེད་ ” ཅེས་གསུངས།

མཐའ་མར་༧གོང་ས་མཆོག་གིས་རྒྱ་ནག་དང་ཀོ་རི་ཡ། ཝེ་ཐི་ནམ་བཅས་ཀྱི་ཆོས་ཞུ་བར་ནང་ཆོས་ལ་སློབ་སྦྱོང་བྱས་ཏེ་ཤེས་ནས་དད་པ་འཐོབ་ཐུབ་པ་ཞིག་དང་། རྒྱུ་མཚན་ཤེས་ཏེ་དུས་རབས་ཉེར་གཅིག་པའི་ནང་པ་ཞིོག་བྱ་དགོས་སྐོར་གྱི་བཀའ་སློབ་བསྩལ་རྗེས། ནང་ཆོས་ཀྱི་དམིགས་བསལ་ཁྱད་ཆོས་སྐོར་ལ་གསུངས་དོན། “ འཛམ་གླིང་ཐོག་སྟོན་པ་མང་པོ་ཡོད་པ་རེད་ལ། ཆོས་ལུགས་ཀྱང་མང་པོ་ཡོད་པ་རེད། ཆོས་ལུགས་དེ་དག་ཉམས་ལེན་བྱེད་མཁན་སྐྱེས་བུ་ཚད་ལྡན་མང་པོ་བྱུང་ཡོད། ཡིན་ནའང་ནང་ཆོས་དེ་ཚོ་དང་གཅིག་མཚུངས་རེད་བསམ་པ་ཡིན་ན། སངས་རྒྱས་པའི་དམིགས་བསལ་ཁྱད་ཆོས་དང་ཐུན་མོང་མ་ཡིན་པའི་ཆ་དེ་མ་ཤེས་པ་རེད། སངས་རྒྱས་པར་མཚོན་ན་བྱམས་དང་བརྩེ་བ། བཟོད་པ་སོགས་རྟེན་འབྱུང་གི་ལྟ་བའི་ཐོག་འགྲེལ་བཤད་བརྒྱབ་སྟེ། སྡུག་བསྔལ་གྱི་རྒྱུ་ངོ་འཕྲོད་ཐུབ་པ་ཞིག་གནང་དགོས་ཞེས་ ” གསུངས།

ད་ལོའི་ལོ་མཇུག་ཏུ་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་བཀའ་དབང་ཐེངས་ ༣༢ པ་བསྩལ་རྒྱུ་ཡིན་འདུག

No comments:

Post a Comment