Wednesday, December 28, 2011

༢༠༡༡ ལོར་བཙན་བྱོལ་ནང་གི་གནས་ཚུལ་ཆེ་ཁག

༡༽ ༢༠༡༡ ལོའི་ཕྱི་ཟླ་༣ པའི་ནང་གི་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐོག་༧གོང་ས་མཆོག་བགྲེས་ཡོལ་ཆ་ཚང་གནང་རྒྱུ་ཡིན་པའི་གསུང་འཕྲིན་༢༠༡༡ ཟླ་༣ ཚེས་༡༡ ཉིན་འཁོད་པ་ཞིག་གནང།

༢༽ ཕྱི་ཟླ་༤ ཚེས་༢༧ ཉིན་དབུས་འོས་བསྡུ་ལས་ཁང་ནས་བོད་རྒྱལ་ཡོངས་འོས་བསྡུ་ཆེན་མོ་གྲུབ་པ་དང་། མི་མང་གིས་འོས་འདེམས་བྱས་པའི་བཀའ་ཁྲི་བློ་བཟང་སེང་གེ་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས།

༣༽ ཕྱི་ཟླ་༤ པའི་ཚེས་༢༥ ནས་ཉིན་༢༤ རིང་རྒྱལ་ས་ལྡི་ལི་རུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་གསུམ་གྱིས་བོད་ནང་གི་ལས་འགུལ་བར་གདུང་སེམས་མཉམ་བསྐྱེད་དང་རྒྱ་ནག་གི་དྲག་གནོན་ལ་ཟས་བཅད་ངོ་རྒོལ་བྱས་མཐར་བོད་ཀྱི་དབུ་ཁྲིད་རྣམས་དང་། རྒྱལ་སྤྱིའི་དབུ་ཁྲིད་མང་པོས་ཟས་བཅད་པའི་གཟུགས་པོའི་གནས་སྟངས་སྐྱོ་པོ་ཆགས་ཡོད་པར་བརྟེན། ལས་འགུལ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་བ་ལྟར་མཚམས་འཇོག་བྱས། སྐབས་དེར་བོད་རིགས་གནས་སྡོད་བྱེད་སའི་ས་གནས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ།

༤༽ ཕྱི་ཟླ་༥ ཚེས་༢༡ ནས་ཉིན་བཞིའི་རིང་དྷ་སར་༧གོང་ས་མཆོག་བགྲེས་ཡོལ་སྐོར་ལ་བོད་གཞུང་མང་རྒྱལ་ཡོང་ཚོགས་ཆེན་འཚོགས་པ་དང། ཚོགས་མི་ཡོངས་ཀྱིས་མུ་མཐུད་༧གོང་ས་མཆོག་ལ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་དགོས་པའི་གསོལ་འདེབས་ཞུས་ཡོད་ནའང། ༧གོང་ས་མཆོག་གིས་ཞལ་བཞེས་མ་གནང་བར་ཚོགས་མི་ཡོངས་ལ་མ་འོངས་ལས་དོན་བྱེད་ཕྱོགས་སྐོར་ལ་བཀའ་སློབ་གནང།

༥༽ ཕྱི་ཟླ་༥ ཚེས་༢༧ ནས་ཉིན་གསུམ་རིང་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་འཕར་མ་འཚོགས་པ་དང་། ༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་སྐོར་དང། བཙན་བྱོལ་བོད་མིིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་གཏན་འབེབས་བྱས།

༦༽ ཕྱི་ཟླ་༥ པའི་ཚེས་༣༠ ཉིན་གྲོས་ཚོགས་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་ཚོགས་གཙོར་མདོ་སྨད་སྤྱི་འཐུས་སྤེན་པ་ཚེ་རིང་དང། ཚོགས་གཙོ་གཞོན་པར་རྙིང་མའི་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་གཉིས་འོས་འདེམས་བྱས།

༧༽ ཕྱི་ཟླ་༧ ཚེས་༡༧ ཉིན་ཨ་རིར་༸གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་གྲུབ་པ་དང་། ཆོས་ཞུ་བ་རྣམས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས།

༨༽ ཕྱི་ཟླ་༨ ཚེས་༨ ཉིན་མཁས་དབང་བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲིའི་ལས་ཁུར་དམ་འབུལ་ཞུས་པ་དང། ༧གོང་ས་མཆོག་གིས་“དེ་རིང་སྔོན་མ་ང་ཚོ་བོད་ཀྱི་སྤྱི་ཚོགས་རྙིང་པའི་འགྲོ་སྟངས་ཀྱི་འོག་ནས་སྲིད་སྐྱོང་གི་འགན་བཞེས་མཁན་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངས་རྩིས་བཞེས་པ་དང་། དེ་རིང་དུས་རབས་ཉི་ཤུ་པ་དང་ཉི་ཤུ་རྩ་གཅིག་པའི་ནང་འཛམ་གླིང་གང་སར་འཕེལ་རྒྱས་འགྲོ་བའི་མང་གཙོ་ཟེར་བ་དེ་ང་ཚོས་ཁ་ཞེ་གཉིས་མེད་ཀྱིས་ལག་ལེན་བྱས་ཏེ། མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངས་རྩིས་སྤྲོད་བཞིན་པ་རེད་”ཅེས་བཀའ་སློབ་གནང་།

༩༽ ཕྱི་ཟླ་༩ ཚེས་༢༢ ནས་ཉིན་གསུམ་རིང་བོད་ཀྱི་ཆོས་ཚོགས་ཐེངས་བཅུ་གཅིག་པ་དེ་དྷ་སར་འཚོགས་པ་དང་། ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་དང་ལྷན་འབྱུང་འགྱུར་༧གོང་ས་མཆོག་གི་ཡང་སྲིད་དང་ཏཱ་ལའི་བླ་མའི་བླ་བྲང་མུ་མཐུད་གནས་མིན་ཐད་བགྲོ་གླེང་དང་། ༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང།

༡༠༽ ཕྱི་ཟླ་༡༠ ཚེས་༡༨ ནས་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་རྒྱལ་ས་ལྡི་ལི་རུ་ཆུ་ཚོད་༢༤ ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། ཕྱོགས་ཚུངས་ས་གནས་ཚང་མར་ཉིན་གཅིག་དུས་གཅིག་ལ་བོད་དོན་ལས་འགུལ་སྤེལ། ལྡི་ལིར་ཉིན་གསུམ་རིང་གཞུང་ཚབ་ཁག་ལ་བོད་སྐྱོབ་རེ་འབོད་ཀྱི་སྙན་ཞུ་ཕུལ་བ་དང་། རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ། དེ་བཞིན་བཀའ་ཁྲི་བློ་བཟང་སེང་གེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་བོད་དོན་ཁྱབ་བསྒྲགས་དང་། རྒྱབ་སྐྱོར་དགོས་པའི་འབོད་སྐུལ་གནང་བར་ཆེད་ཕེབས་གནང།།

No comments:

Post a Comment