སྐུ་ཞབས་ཝང་ཤིན་ཞོའུ་ནི་ཐེ་ཝན་ནས་ཡིན་པ་དང་། ཁོང་ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་རྒྱུན་ལས་དང། ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གཙུག་ལག་སློབ་གྲྭའི་དགེ་རྒན་ཆེན་མོ། རྒྱ་ནག་སྐོར་ལ་ཞིབ་འཇུག་པ་བཅས་ཀྱི་ཕྱག་ལས་གནང་གི་ཡོད་པ་རེད། ཁོང་ལ་འདི་ག་གསར་ཁང་ནས་བཅར་འདྲི་བྱས་པ་ཡིན།
དྲི་བ། ཁྱེད་ཀྱིས་དང་ཐོག་བོད་དང་བོད་པའི་འཐབ་རྩོད་སྐོར་ལ་ཤེས་རྟོགས་ཇི་ལྟར་བྱུང་ངམ།
wangལན། ཕྱི་ལོ་༢༠༠༠ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱ་ནག་མང་གཙོ་དོན་གཉེར་བ་ཁག་ཅིག་གིས་མང་གཙོའི་སྐོར་ལ་ཟབ་སྦྱོང་ཞིག་འཚོགས་པ་རེད། དེ་དུས་མི་རིགས་འདྲ་མིན་གྱི་སྐུ་ཚབ་མང་པོ་སླེབས་འདུག ང་ཡང་དེ་དུས་མཉམ་བཞུགས་བྱས་པ་ཡིན། དེའི་སྐབས་ཝ་ཤིང་ཊོན་ལ་ཡོད་པའི་༧གོང་ས་མཆོག་གི་སྐུ་ཚབ་དང་གཞན་ཡང་བོད་མི་ཁ་ཤས་ཤིག་ཆེད་བཅར་བྱས་འདུག་པ་དང། བོད་པ་ཟེར་བ་དེ་ལ་སྐད་དང་ཆས་གོས་སོགས་ཆ་ཚང་རྒྱ་མི་རིགས་དང་ཐ་དད་ཡིན་པ་དེ་དུས་ཐོག་མར་མཐོང་སོང་ལ། ཧང་སང་བ་ལྟ་བུ་བྱུང། ངས་སློབ་གྲྭར་སྦྱང་པ་མང་ཆེ་བ་ལྡོག་ཕྱོགས་ལྟ་བུ་རེད་འདུག
དྲི་བ། ཁྱེད་ཀྱི་དེའི་སྔོན་ལ་བོད་དང་རྒྱ་མི་གཉིས་ཐ་དད་ཡིན་པ་ཧ་གོ་ཡི་མེད་དམ།
ལན། སྤྱིར་བཏང་ང་རང་ལ་ཆ་མཚོན་ན་རྒྱལ་རབས་ལོ་རྒྱུས་ལ་དོ་སྣང་ཡོད་མཁན་ཞིག་ཡིན། བོད་པའི་སྐོར་ཕྲན་བུ་ཤེས་ཀྱི་ཡོད་ཀྱང་བོད་དང་རྒྱ་ནག་དབར་རྒྱལ་རབས་ནང་འབྲེལ་བ་གང་འདྲ་བྱུང་མིན་དང་། དམིགས་བསལ་གྱི་བོད་དེ་རྒྱའི་བཙན་གནོན་འོག་གང་འདྲ་བྱས་ནས་ཚུད་པ་ཡིན་གསལ་པོ་ཤེས་ཀྱི་མེད། ཕྲན་བུ་ཤེས་པ་དེ་ཡང་རྒྱ་ནག་གི་ཕྱོགས་ནས་འགྲེལ་བཤད་བརྒྱབ་པ་གཅིག་པུ་མ་གཏོགས་གཞན་ཤེས་ཀྱི་མེད། ཡིན་ཡང་བདུན་ཕྲག་གཅིག་གི་ཟབ་སྦྱོང་དེའི་རིང་ཚོགས་བཅར་བ་འདྲ་མིན་མཉམ་གྲོས་བསྡུར་ལྷུག་པོ་བྱུང་སོང། སྐབས་དེར་བོད་དང་ཐེ་ཝན་གཉིས་ཀྱི་གནས་སྟངས་དང་བསམ་ཚུལ་མང་པོ་ཞིག་གཅིག་པ་ལྟ་བུའི་ཚོར་སྣང་བྱུང་སོང། མ་ཟད་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་པའི་རྒྱ་རིགས་ཚོགས་མི་མཉམ་དུ་སྐད་ཆ་ཤོད་སྐབས་ཐེ་ཝན་དང་བོད་པ་གཉིས་གཅིག་གིས་གཅིག་ལ་མཐུན་པོ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ཚོར་སྣང་བྱུང་སོང། རྗེས་སུ་ང་རང་ཕར་ལོག་རྗེས་བོད་པའི་སྐོར་མང་པོ་ཞིག་ལ་སློབ་སྦྱོང་བྱེད་རྒྱུ་འགོ་བཙུགས་པ་ཡིན་ལ། ཐེ་ཝན་ནང་ལ་བོད་པ་ཁ་ཤས་ཡོད་པ་ཁོང་ཚོ་མཉམ་དུ་འབྲེལ་བ་བྱས་པ་ཡིན་པས་དེ་ནས་གནས་ཚུལ་གསར་པ་མང་པོ་ཞིག་ཤེས་སོང།
དྲི་བ། སྤྱིའི་ཆ་ནས་བཤད་ན་ཐེ་ཝན་མི་མང་གིས་བོད་པའི་གནད་དོན་ལ་མཐོང་སྣང་དང་ཤེས་རྟོགས་ག་འདྲ་ཡོད་པ་རེད་དམ།
ལན། ངས་བསམ་ཚུལ་བྱས་ན་ཐེ་ཝན་མི་མང་ལ་བོད་པའི་གནད་དོན་སྐོར་གྱི་གོ་རྟོགས་ཞེ་དྲག་སྐྱོ་པོ་རེད་བསམ་གྱི་འདུག རིགས་གཅིག་གི་ཧ་ལམ་རྩ་བ་ནས་ཤེས་ཀྱི་མེད་པ་ལྟ་བུ་མཐོང་གི་འདུག སྤྱིར་བཏང་ནས་ཐེ་ཝན་ནང་ཡོད་པའི་སློབ་གྲྭ་མང་ཆེ་བའི་སློབ་ཚན་ནང་བོད་པའི་སྐོར་ཞེ་དྲག་ཉུང་ཉུང་རེད། རྩ་བའི་རྒྱལ་རབས་དང་ས་ཁམས་རིག་པའི་སློབ་མཚན་དེ་འདྲའི་ནང་བོད་པའི་སྐོར་ཕྲན་བུ་ཡོད་པ་རེད། ཡིན་ཡང་དེ་ཚོ་ཚང་མ་རྒྱ་ནག་གིས་འགྲེལ་བཤད་བརྒྱབ་པ་གཅིག་པུ་ལས་མེད་པ་མ་ཟད། བོད་པའི་སྐོར་ལ་དེབ་དང་གནས་ཚུལ་ཡོད་པ་ཚང་མ་རྒྱ་ནག་གིས་འགྲེལ་བཤད་བརྒྱབ་པ་དེ་འདྲ་རྐྱང་རྐྱང་ཡིན་པས་མིའི་གོ་རྟོགས་ཀྱང་ཕྱོགས་གཅིག་གི་གནས་ཚུལ་མ་གཏོགས་ཤེས་ཀྱི་མེད་པ་འདྲ་པོ་རེད།
ཐེ་ཝན་ནང་ལ་སྤྱིར་བཏང་ནང་པ་མང་པོ་ཡོད་པ་རེད། དེར་བརྟེན། བོད་ཀྱི་ནང་པའི་ཆོས་ལུགས་དང་༧གོང་ས་མཆོག་ལ་དད་པ་ཡོད་མཁན་མང་པོ་རེད། ཡིན་ཡང་ནང་པ་མང་ཆེ་བས་ཆབ་སྲིད་ཟེར་དུས་ཡག་པོ་མིན་པའི་ལྟ་སྟངས་ཡོད་པ་རེད། དེར་བརྟེན། ཐེ་ཝན་གྱི་ནང་པ་མང་ཆེ་བ་ཞིག་གིས་ནང་ཆོས་སྦྱང་པ་ཙམ་ལས་དེ་མིན་བོད་པའི་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་དཀའ་རྙོག་ཡོད་པའི་རིགས་ལ་དོ་སྣང་དེ་ཙམ་མེད་པ་རེད། ཕྱི་ལོ་༢༠༠༨ ནས་གནས་སྟངས་འགྱུར་བ་འགྲོ་ཡི་ཡོད་པ་མཐོང་གི་འདུག ༢༠༠༨ ལོ་ལ་རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དེ་དང་། བོད་ནང་ཡར་ལངས་ཆེན་མོ་བྱུང་བ་ནས་བཟུང་མི་མང་དང་ཚོགས་པ་ཁག་མང་པོ་ཞིག་ལ་དོ་སྣང་གསར་པ་ཞིག་སླེབས་ཀྱི་འདུག སྔོན་མ་ཡིན་ན་ཐེ་ཝན་དུ་བོད་པའི་སྐད་འབོད་དང་ལས་འགུལ་སྤེལ་སྐབས་མི་མང་༣༠ ཙམ་སླེབས་ཀྱི་རེད། དེང་སང་མི་༡༠༠༠ བརྒལ་བ་དེ་འདྲ་ཡོང་གི་འདུག དེ་ནི་དུས་ཡུན་ཐུང་ཐུང་ཞིག་ནང་ལ་འགྱུར་བ་ཆེན་པོ་ཞིག་རེད་བསམ་གྱི་འདུག དེང་སང་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གྱི་ཚོགས་པ་མང་ཆེ་བས་བོད་པའི་གནད་དོན་ཧ་གོ་བ་མ་ཟད་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད། མ་ཟད་༢༠༠༥ ལོར་ཐེ་ཝན་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཙུགས་པ་རེད། ད་ལྟ་ཚོགས་མི་ཉུང་ཤས་ལས་མེད་ཀྱང་མ་འོངས་པར་ཚོགས་མི་མང་དུ་འགྲོ་རྒྱུ་དང་གོམ་པ་ཆེན་པོ་སྤོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
དྲི་བ། ཉེ་ཆར་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་མི་མང་རང་གི་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲད་པ་རེད། ཁྱེད་ཀྱིས་ཆབ་སྲིད་ཀྱི་འཕོ་འགྱུར་དེས་བོད་པ་སྤྱིའི་འཐབ་རྩོད་ལ་ཁྱད་པར་ཇི་ཙམ་མཐོང་གི་འདུག
ལན། ༧གོང་ས་མཆོག་བགྲེས་ཡོལ་སྐོར་དེ་ངས་ལས་རོགས་གཅིག་པ་མང་པོ་མཉམ་དུ་སྐད་ཆ་བྱུང་སོང་། ང་ཚོ་ཁ་གཅིག་གྲགས་ཐོག་༧གོང་ས་མཆོག་གིས་ཐག་བཅོད་དེ་ཕུགས་རྒྱང་རིང་པོར་ཡག་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ༧གོང་ས་མཆོག་ནི་བོད་མི་ཚང་མས་དད་གུས་བྱེད་སའི་མི་སྣ་ཞིག་ཡིན་མོད། དུས་ནམ་ཞིག་ལ་ད་ལྟའི་༧གོང་ས་མཆོག་སྐུ་ཕྲེང་བཅུ་བཞི་པ་དེ་མེད་པ་ཆགས་པ་དང་། སྐུ་ཕྲེང་བཅོ་ལྔ་པ་དེ་མ་ཕེབས་པའི་སྐབས་དེར་བོད་དང་བོད་པའི་འཐབ་རྩོད་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་རེད་ཅེས་ང་ཚོས་ལབ་ཀྱི་ཡོད་པ་རེད། ད་ཆ་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ཡོད་པ་དང། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་མི་མང་ལ་བཀའ་སློབ་ལམ་སྟོན་གནང་ན། སྐུ་འཚོ་བཞུགས་མེད་པའི་སྐབས་ཀྱང་བོད་པའི་གནས་བབ་དེ་ཕུགས་བརྟན་ངང་གནས་ཐུབ་རྒྱུར་ཕན་ཐོགས་ཡོད་པ་རེད། ༧གོང་ས་མཆོག་བགྲེས་ཡོལ་གནང་དགོས་པ་གཙོ་བོ་དེ་ཡང་བོད་མི་ཚོ་གཞན་ལ་བསྙེས་བསྡད་པ་མ་ཡིན་པར། རང་མགོ་ཐོན་པའི་ཆེད་དུ་རེད་བསམ་གྱི་འདུག ད་ནི་༧གོང་ས་མཆོག་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ལས་ཆབ་སྲིད་ཀྱི་དབུ་ཁྲིད་མིན་སྟབས་རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད་མཇལ་འཕྲད་གནང་རྒྱུར་ཡང་དཀའ་ངལ་མཐོང་གི་མི་འདུག སྔོན་མ་ཡིན་ན་ཐེ་ཝན་གཞུང་གིས་༧གོང་ས་མཆོག་ནི་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་རེད་ཅེས་མཉམ་དུ་མཇལ་འཕྲད་གནང་གི་མེད་པ་རེད། རྒྱུ་མཚན་དེའི་རྐྱེན་པས་མཇལ་འཕྲད་བྱེད་ཀྱི་མིན་ཞེས་བཤད་རྒྱུ་མེད་པ་ཆགས་པ་རེད། གལ་སྲིད་༧གོང་ས་མཆོག་ཐེ་ཝན་ལ་ཞབས་སོར་འཁོད་ཐུབ་ན་རྒྱ་རིགས་མང་པོ་མཉམ་དུ་ཐད་ཀར་བཀའ་མོལ་གནང་ཐུབ་རྒྱུའི་གོ་སྐབས་རག་གི་རེད། དེར་བརྟེན་ང་ཚོས་འབད་བརྩོན་གང་ཐུབ་བྱེད་རྒྱུ་ཡིན།
དྲི་བ། ཁྱེད་རང་ལ་ཆ་བཞག་ན་རྒྱ་ནག་མང་གཙོར་འགྱུར་བའི་རེ་བ་ཡོད་དམ།
ལན། རྒྱ་ནག་ནང་མང་གཙོ་ཇི་འདྲ་ཞིག་དང་ག་དུས་བྱུང་མིན་དེ་ཞེ་དྲག་བཤད་ཁག་པོ་རེད་བསམ་གྱི་འདུག རྒྱ་རིགས་མཁས་པ་ཚོ་དང་རྒྱ་ནག་གི་སྐོར་ལ་མཁས་དབང་རྣམས་ཀྱིས་ཀྱང་བཤད་ཚོད་ཐིག་གི་མེད་པ་རེད། གཅིག་བྱས་ན་མང་གཙོར་འགྱུར་སྲིད་པ་རེད། ཡང་གཅིག་བྱས་ན་གནས་སྟངས་ཇེ་སྡུག་ཏུ་འགྲོ་སྲིད་པ་རེད། གང་ཡིན་རུང་ཚིག་ཐག་ཆོད་པོའི་ཐོག་ནས་སྐད་ཆ་ཤོད་ཐུབ་རྒྱུ་ཁག་པོ་རེད།
དྲི་བ། ཐེ་ཝན་དང་རྒྱ་ནག་བར་ཆབ་སྲིད་ཀྱི་འབྲེལ་བ་ག་འདྲ་ཞིག་བྱུང་ན། བོད་དོན་ལ་ཕན་གྱི་རེད་དགོངས་ཀྱི་ཡོད་དམ།
ལན། ཐེ་ཝན་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་དེས་བོད་ཀྱི་འཐབ་རྩོད་ལ་ཕན་གནོད་གང་འདྲ་ཡོང་མིན་ལ་གནད་འགག་དང་འབྲེལ་བ་དེ་ཙམ་མཐོང་གི་མི་འདུག གནད་འགག་ཐུག་ས་དེ་ཐེ་ཝན་གྱི་གཞུང་འཛིན་དབུ་ཁྲིད་ཚོས་འདས་པའི་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་ཇི་འདྲ་ཡིན་མིན་ལ་ལྟ་རྒྱུ་དང་། བསམ་བློ་གང་འདྲ་ཞིག་ཡོད་མེད་ལ་ཞེ་དྲག་རག་ལས་ཀྱི་རེད་བསམ་གྱི་འདུག ཐེ་ཝན་ནང་ཡོད་པའི་ད་ལྟའི་མཐོ་རིམ་མི་སྣ་མང་པོ་ཞིག་གིས་བོད་རྒྱའི་དཀའ་རྙོག་སྐོར་ཤེས་ཀྱི་མེད་པ་འདྲ་པོ་འདུག དེ་ནི་ཞན་ཆ་ཆེན་པོ་ཞིག་རེད་བསམ་གྱི་འདུག ཕྱི་ལོ་༢༠༠༠ ནས་༢༠༠༨ ལོའི་བར་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པས་གཞུང་འཛིན་སྐབས། ཐེ་ཝན་དང་བཙན་བྱོལ་བོད་གཞུང་གཉིས་བར་འབྲེལ་ལམ་ཡག་པོ་ཞེ་དྲག་རེད། གཅིག་བྱས་ན་ཆབ་སྲིད་ཚོགས་པ་དེ་ནི་བོད་པར་རྒྱབ་སྐྱོར་བྱེད་མཁན་ཆེ་ཤོས་ཞིག་ཡིན་རྒྱུ་རེད། ཡིན་ཡང་༢༠༠༨ ལོ་ནས་ད་ལྟའི་ཐེ་ཝན་གཞུང་འཛིན་ཚོགས་པའི་སྐབས། བཙན་བྱོལ་བོད་གཞུང་དང་འབྲེལ་བ་མེད་པ་མ་ཟད། བོད་པར་རྒྱབ་སྐྱོར་མེད་པ་ལྟ་བུ་ཆགས་པ་རེད།
དྲི་བ། བོད་ཀྱི་གནད་དོན་ཐག་གཅོད་ཆེད། བོད་མི་ནང་ཁུལ་ལ་རང་བཙན་དང་དབུ་མའི་ལམ་གྱི་འདོད་ཕྱོགས་གཉིས་ཡོད་པ་ལས། ཁྱེད་རང་ལ་དེའི་ཐོག་ལྟ་ཚུལ་ག་རེ་ཡོད།
ལན། དེ་ནི་བོད་པ་རང་ཉིད་ཀྱི་ཐག་གཅོད་བྱེད་དགོས་པ་ཞིག་མཐོང་གི་འདུག ང་རང་ལ་ཆ་མཚོན་ན་ལམ་དབུ་མ་དང་རང་བཙན་གཉིས་ཀ་ཡག་པོ་འདུག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དགྲ་ལ་ཁ་གཏད་གཅོག་སྐབས་ཐབས་ལམ་གཅིག་ལས་མང་བ་དགོས་པ་དེ་གལ་ཆེན་པོ་དང་ཡག་པོ་ཞིག་མཐོང་གི་འདུག སྐབས་རེ་ཐབས་ལམ་གཉིས་ཡོད་པ་དེས་དགྲ་བོ་མགོ་འཐོམ་འཇུག་རྒྱུ་ལ་ཕན་ཐོགས་ཡོད་པ་རེད། གལ་སྲིད་ཐབས་ལམ་གཅིག་རང་གི་ཐོག་ནས་གྲུབ་འབྲས་བཙལ་བ་ཡིན་ན་དེ་ཁག་པོ་ཆགས་ཀྱི་རེད། དེར་བརྟེན། ང་སྒེར་གྱི་ངོས་ནས་ལམ་དབུ་མ་དང་རང་བཙན་གཉིས་ཀྱི་ཐབས་ལམ་དེ་ཡག་པོ་མཐོང་གི་ཡོད། མ་གཞི་ནས་བོད་པའི་བཙན་བྱོལ་གྱི་གཞུང་དེ་མང་གཙོའི་གཞུང་ཞིག་ཡིན་དུས་ཆབ་སྲིད་ཀྱི་ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་རང་བཞིན་གྱིས་ཡོང་རྒྱུ་ཞིག་རེད། དུས་རྒྱུན་རྒྱ་མིས་ཟེར་ཟེར་བྱས་ན་བོད་དེ་བཀས་བཀོད་རྒྱུད་འཛིན་ཞིག་རེད། ༧རྒྱལ་བ་རིན་པོ་ཆེས་ག་རེ་བཤད་ན་བོད་མི་ཚོས་ཉན་གྱི་རེད་ཅེས་ལབ་ཀྱི་ཡོད་པ་རེད། ད་ལྟ་བཙན་བྱོལ་གཞུང་གི་སྲིད་ཇུས་དབུ་མའི་ལམ་ལས་ལྡོག་སྟེ། རང་བཙན་རྩོད་མཁན་ཡོད་པ་དེས་རྒྱ་ནག་གིས་བཤད་པ་དེ་དངོས་བདེན་མིན་པ་དང་རྫུན་གཏམ་ཞིག་ཡིན་པ་གསལ་པོ་ཆ
No comments:
Post a Comment