Tuesday, August 23, 2011

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲན་ཤེས་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་མཇུག་བསྡོམས་མཛད་སྒོར་བཀའ་སློབ་སྩལ་བ།


༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲན་ཤེས་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་མཇུག་བསྡོམས་མཛད་སྒོར་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༡ ཉིན་གྱི་ཇར་མན་གྲོང་ཁྱེར་ཧམ་བྷག་(Hamburg) ནང་སྔ་དྲོ་ཐོག་མར་༸གོང་ས་མཆོག་གིས་གསར་འགོད་པ་ཁག་གཅིག་ལ་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུའི་མཛད་ཁུར་གཉིས་ཀྱི་སྐོར་བཀའ་སློབ་སྩལ། སྐབས་དེར་ཉེ་ལམ་བོད་ནང་བྱུང་བའི་དོན་རྐྱེན་ཐོག་ཐུགས་ཕམ་བྱུང་ཡོད་ཚུལ་བཀའ་སྩལ་བ་དང་སྦྲགས་གཞིས་ལུས་རྒྱ་ཆེའི་མང་ཚོགས་རྣམས་བོད་ནང་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་ཡོད་བཞིན་དུ་འཚེ་བ་མེད་པའི་ལམ་ལ་འཇུག་པ་དེར་བསྔགས་བརྗོད་མཛད།
ཕྱི་ཚེས་ ༡༨ ནས་ ༢༡ བཅས་ཉིན་གྲངས་བཞིའི་རིང་ཇར་མན་གྲོང་ཁྱེར་ཧམ་བྷག་ནང་དྲན་པ་ཉེར་བཞག་ཐོག་བློ་སྦྱོང་གི་ཉམས་ལེན་བྱེད་ཚུལ་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་མཇུག་བསྡོམས་མཛད་སྒོར་༸གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཆིབས་སྒྱུར་བཀའ་དྲིན་བསྐྱངས། ལྷན་ཚོགས་དེར་སྨན་པ་དང་སེམས་ཁམས་རིག་པ་བ། དེ་བཞིན་ཤེས་ཡོན་ཅན་བཅས་ཁྱོན་མི་གྲངས་ ༣༠ བརྒལ་བས་མཉམ་ཞུགས་གནང་ཡོད། སྐབས་དེར་༸གོང་ས་མཆོག་གིས་ནང་ཆོས་ནས་གསུངས་པའི་དྲན་པ་ཉེར་བཞག་ཐོག་ནས་བློ་སྦྱོང་ཚུལ་སྐོར་བཀའ་སློབ་སྩལ་དོན།
དྲན་ཤེས་བརྗོད་སྐབས་ནང་ཆོས་ནས་གསུངས་པའི་ཉམས་ལེན་བྱེ་བྲག་པ་ཞིག་མིན། ང་ཚོའི་ཉིན་རེའི་འཚོ་བ་དང་འབྲེལ་བའི་ལས་དོན་འདྲ་མིན་ཐོག་ལའང་བེད་སྤྱོད་བྱེད་བཞིན་ཡོད། འདས་པའི་ལོ་བཅུའམ་ཉི་ཤུ་ཙམ་གྱི་ནང་སེམས་དང་སེམས་ཚོར་ཐོག་དོ་སྣང་བྱེད་མཁན་ཚན་རིག་པ་ཙམ་མིན་པར་སྨན་པའི་ཚན་རིག་པ་དེ་འདྲའང་ཇེ་མང་འགྲོ་བཞིན་ཡོད། སྤྱིར་སེམས་ཀྱི་རྣམ་གཞག་བརྗོད་སྐབས་མིག་གིས་དངོས་སུ་མཐོང་རྒྱུ་མེད་ནའང་གང་ཟག་སྒེར་དང་ནང་མི། སྤྱི་ཚོགས་བཅས་ཀྱི་བདེ་སྡུག་ལ་དངོས་སུ་ཕན་གནོད་ཀྱི་འབྲེལ་བ་ཧ་ཅང་ཆེན་པོ་ཡོད། སེམས་ནི་ང་ཚོར་ཞི་བདེ་དང་རྙོག་གྲ་བཟོ་མཁན་གཉིས་ཀ་ཆགས་ཡོད། བཅོམ་ལྡན་འདས་ཀྱིས་དཔྱད་པ་བྱེད་དགོས་པ་གསུངས་ཡོད།
ཡུལ་ལ་དཔྱད་པ་བྱེད་པར་སེམས་མ་འཁྲུག་པ་ཞི་བར་གནས་དགོས། དྲན་ཤེས་སྐབས་ཆུ་ཚོད་ ༢༤ རིང་རང་གི་བློ་ལ་བྱ་ར་བྱེད་རྒྱུ་ཙམ་མ་ཟད། རྨི་ལམ་ཚུན་ཆད་ལའང་སོ་སོའི་སེམས་ལ་དྲན་ཤེས་ཐོག་བག་ཡོད་བརྟེན་ཐུབ་པ་དགོས། དྲན་ཤེས་ཀྱི་བློ་ཐོག་མར་སྦྱོང་སྐབས་ཡུལ་གཅིག་ལ་དམིགས་ཏེ་རང་གི་དབུགས་དབྱུང་རྔུབ་ལ་བསམ་བློ་གཏོང་དགོས། དེ་འདྲ་བྱས་ཚེ་སེམས་ལྷོད་བབ་ཡོང་རྒྱུ་རེད་ཅེས་བཀའ་སྩལ།
དེ་རྗེས་བགྲོ་གླེང་སྐབས་༸གོང་ས་མཆོག་གིས་དེང་སྐབས་ཤེས་ཡོན་ལམ་ལུགས་གཞི་བཅོལ་ས་དེ་ཕྱི་དངོས་པོའི་གནས་སྟངས་གཙོ་བཟུང་བྱས་པ་ཞིག་ཡིན་པ་ནི་ཤེས་གསལ་རེད། ལོ་ངོ་སྟོང་ཙམ་གྱི་སྔོན་དུ་ཤེས་ཡོན་སྒྲིག་འཛུགས་ཐོག་མར་འགོ་འཛུགས་སྐབས་ནང་གི་རིན་ཐང་དང་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གསོ་རྒྱག་རྒྱུའི་འགན་དེ་ཡེ་ཤུའི་ལྷ་ཁང་གིས་འཁྱེར་བཞིན་ཡོད། དེང་སྐབས་ཤེས་ཡོན་ལམ་ལུགས་ནང་གཙོ་བོ་ཀླད་པའི་རྣམ་དཔྱོད་ཡར་རྒྱས་གཏོང་རྒྱུར་དམིགས་བཞིན་ཡོད། བུ་བཅོལ་ཁང་ནས་མཐོ་སློབ་བར་ཆོས་ལུགས་རིས་མེད་ལ་གཞི་བཅོལ་བའི་ནང་གི་རིན་ཐང་གོང་མཐོར་ཇི་འདྲ་གཏོང་དགོས་མིན་ཐོག་སློབ་ཚན་གཏན་འབེབས་བྱ་རྒྱུའི་ཐོག་ང་ཚོས་བསམ་བློ་ནན་པོ་ཞིག་བཏང་སྟེ་ཉམས་ཞིབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དཀོན་མཆོག་དང་དགེ་སྡིག་སྐད་ཆ་གང་ཡང་ཤོད་ཀྱི་མེད། དེང་སྐབས་གསར་འགྱུར་བརྒྱུད་ལམ་དང་བརྙན་འཕྲིན། རླུང་འཕྲིན་ཁག་ཚང་མའི་ནང་ཚོང་དང་དངུལ་གྱི་སྐད་ཆ་ཁོ་ན་བཤད་པ་མ་གཏོགས། ནང་གི་རིན་ཐང་དང་འབྲེལ་བའི་སྐད་ཆ་ཤོད་མཁན་ཉུང་ཉུང་རེད། མཐར་ཐུག་གི་བདེ་བ་དེ་ང་ཚོའི་རྒྱུད་ལ་ཡོད། དཔལ་འབྱོར་དང་དངུལ་གལ་ཆེན་པོ་ཡིན་ནའང་མཐར་ཐུག་གི་བདེ་བ་སྤྲོད་མི་ཐུབ་ཅེས་བཀའ་སློབ་སྩལ།
ཐེངས་འདི་ལྷན་ཚོགས་གོ་སྒྲིག་གནང་མཁན་ནི་ཧམ་བྷག་ནང་པའི་གཙུག་ལག་གྲྭའི་ནང་ཆོས་སློབ་གཉེར་ཁང་དང་བོད་ཀྱི་ཚོགས་པ་བཅས་གཉིས་ཀྱིས་ཟུང་འབྲེལ་ཐོག་ཞུས་པ་ཡིན་འདུག ཉིན་འདིའི་གུང་ལྗགས་སྨིན་གྲུབ་བསྟུན་༸གོང་ས་མཆོག་གིས་ཧམ་བྷག་ནང་པའི་གཙུག་ལག་སློབ་གྲྭའི་ལས་བྱེད་དང་སྦྱིན་བདག་ཁག་གཅིག་ལ་མཇལ་ཁ་སྩོལ་སྐབས་ཁོང་ཚོའི་ལས་དོན་ལ་བསྔགས་བརྗོད་མཛད།
བོད་ཀྱི་ཚོགས་པ་དེ་ནི་ཕྱི་ལོ་ ༡༩༧༧ ལོར་རྒྱལ་ས་ཧམ་བྷག་ཏུ་གསར་འཛུགས་གནང་བ་ཞིག་དང་ཚོགས་པ་དེས་བོད་ཀྱི་ཐུན་མིན་ནང་ཆོས་སློབ་གཟོ་སྐྲུན་ཡོད་ལ་ཧམ་བྷག་གཙུག་ལག་སློབ་གྲྭའི་ནང་ཆོས་སློབ་གཉེར་ཁང་དེ་ནི་ཕྱི་ལོ་ ༢༠༠༧ ལོར་གསར་འཛུགས་ཀྱིས་ནང་ཆོས་ལ་ཉམས་ཞིབ་དང་ཡར་རྒྱས་ཀྱི་ལས་གཞི་སྤེལ་བཞིན་པ་མ་ཟད། ནང་ཆོས་སློབ་གཉེར་བྱེད་མཁན་རྣམས་ལ་ཕྱག་འཁྱེར་ཡང་གནང་བཞིན་འདུག་པ་བཅས།།

No comments:

Post a Comment