Sunday, August 21, 2011

ཨ་རིའི་དཔལ་འབྱོར་དར་རྒུད་དང་འཛམ་གླིང་གི་འཇིཊ་སྣང་།



འདས་པའི་ལོ་འགར་ཨ་རིའི་དཔལ་འབྱོར་ལ་ཉམ་ཉེས་ཆེན་པོ་བྱུང་སྟེ། རྒྱལ་ཕྱིའི་ཁྲོམ་རར་གྱོང་གུད་ཚབས་ཆེན་ཕོག་ཡོད་ལ། ད་ལྟ་ཡང་ཨ་རིའི་དཔལ་འབྱོར་བསྐྱར་གསོ་མ་ཐུབ་པའི་དབང་གིས་གྲོས་ཚོགས་གོང་འོག་ནང་རྙོག་གླེང་དང་། སྤྱི་དམངས་ཁྲོད་ཨོ་བྷ་མའི་གཞུང་ལ་ལྟ་ཚུལ་སྣ་ཚོགས་འབྱུང་བཞིན་ཡོད་ཀྱང་། ཕྱི་ཚེས་ ༢ ཉིན་ཨ་རིའི་གྲོས་ཚོགས་ནང་དཔལ་འབྱོར་སྲིད་ཇུས་ཐད་ཀྱི་གྲོས་དོན་ཁག་ཅིག་ཐག་གཅོད་བྱུང་ཡོད་འདུག

ཕྱི་ལོ་ ༢༠༠༨ ཙམ་ནས་ཨ་རིའི་ནང་གི་ལས་མེད་ཀྱི་བརྒྱ་ཆ་འཕར་བ་དང་མཉམ་དུ་དཔལ་འབྱོར་ཉམ་ཉེས་ཀྱི་མགོ་ཚུགས་ཡོད། དེ་ནི་རྒྱ་ནག་གཙོས་པའི་ཕྱི་ཕྱོགས་ཀྱི་ཚོང་ཟོག་ཐོན་རྫས་ནང་འདྲེན་བྱེད་པའི་ཚད་གཞི་ཨ་རིའི་ཚོང་ཟོག་ཐོན་རྫས་ཕྱིར་གཏོང་གི་ཚད་གཞི་ལས་རིང་དུ་བརྒལ་པར་བརྟེན། ཨ་རིའི་ཚོང་ཟོག་འཁོར་རྒྱུགས་བྱེད་མ་ཐུབ་པས་ཚོང་ལས་མ་དངུལ་ཉམ་ཉེས་དང་ལས་མེད་ཀྱི་གྲངས་འབོར་འཕར་མགོ་ཚུགས་ཡོད། དཀའ་ངལ་དེ་དག་ལ་གདོང་ལེན་བྱ་རྒྱུར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་གཞུང་གི་ཁྲལ་འབབ་མཐོ་རུ་གཏོང་རྒྱུ་དང་། ལྷག་པར་དུ་འབྱོར་ལྡན་ཅན་ཚོའི་གཞུང་ཁྲལ་ཇེ་མཐོར་གཏོང་རྒྱུའི་སྲིད་ཇུས་བཏོན་པར་གླེང་རྙོག་ཆེན་པོ་བྱུང་ཡོད།

ཨ་རིའི་དཔལ་འབྱོར་གྱི་སྲིད་ཇུས་ནང་ཕྱི་དངུལ་འབོར་ཆེན་བུ་ལོན་དུ་བླངས་ཏེ།ཨ་རིའི་རྒྱལ་ཁོངས་བདེ་དོན་དང་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་ལས་གཞི་སྣ་ཚོགས་སྤེལ་བ་བཅས་ཀྱི་ཐད་འགྲོ་གྲོན་གཏོང་གི་ཡོད། གཞུང་གིས་ཕྱི་དངུལ་བུ་ལོན་དུ་ལེན་རྒྱུར་གྲོས་ཚོགས་ནང་ཐག་གཅོད་བྱ་དགོས་པ་ལས་སྲིད་འཛིན་ལ་ཐག་གཅོད་ཀྱི་དབང་ཚད་མེད་ཅིང་། ཨ་རི་གཞུང་གི་བུ་ལོན་ཐོག་མ་ ༡༩༡༧ ལོར་འཛམ་གླིང་དམག་ཆེན་དང་པོའི་འགྲོ་གྲོན་ཆེད་སྐབས་དེའི་གྲོས་ཚོགས་ནང་གཏན་འབེབས་ལག་བསྟར་བྱས་པ་ཞིག་དང་། རིམ་བཞིན་བུ་ལོན་ལེན་རྒྱུ་དེ་ཨ་རིའི་དཔལ་འབྱོར་སྲིད་ཇུས་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཡོད།
དེ་སྔའི་ཨ་རིའི་གཞུང་གི་ཕྱི་དངུལ་བུ་ལོན་དུ་ལེན་རྒྱུའི་ཚད་ཐིག་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༡༤།༣ ($ 14.3 trillion) ཡིན་ཞིང་། ༢༠༠༩ ལོར་ཨོ་བྷ་མ་སྲིད་སྟེགས་སུ་བསླེབས་སྐབས་གཞུང་གི་བུ་ལོན་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༡༠།༦ ཡིན། ཨོ་བྷ་མའི་སྐབས་སུ་དཔལ་འབྱོར་ཉམ་ཉེས་དང་ལས་མེད་བརྒྱ་ཆ་འཕར་ཡོད་སྟབས། སྤྱི་ཚོགས་དཔལ་འབྱོར་གནས་བབ་སྲ་བརྟན་བཟོ་ཕྱིར་བུ་ལོན་གྱི་གྲངས་ཚད་ཆེ་རུ་བཏང་སྟབས། འདི་ལོའི་ཕྱི་ཟླ་ལྔ་བའི་ཚེས་ ༣༡ ནས་དེ་སྔའི་ཕྱི་དངུལ་བུ་ལོན་དུ་ལེན་རྒྱུའི་ཐག་གཅོད་ཚད་ཐིག་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༡༤།༣ དུ་བསླེབས་ཡོད་པས། བུ་ལོན་ཚད་ཐིག་གི་འཕར་ཆ་བསྐྱར་དུ་གྲོས་ཚོགས་ནས་ཐག་གཅོད་མ་བྱུང་བར་དུ་གཞུང་གིས་བུ་ལོན་མཚམས་འཇོག་བྱས་ཏེ་ཟླ་འདིའི་ཕྱི་ཚེས་ ༢ ཉིན་གྱི་གྲོས་ཚོགས་ཀྱི་ཐག་གཅོད་ལ་སྒུག་ཡོད།
ཨ་རིའི་གྲོས་ཚོགས་གོང་འོག་ནང་ཨ་རིའི་དཔལ་འབྱོར་སྲིད་ཇུས་སྤྱི་དང་། ལྷག་པར་དུ་ཨ་རིའི་དཔལ་འབྱོར་ཉམ་ཉེས་བསྐྱར་གསོ་དང་བུ་ལོན་འཕར་ཆ་བཅས་ཀྱི་ཐད་རྩོད་གླེང་ཤུགས་ཆེན་བྱུང་ཡོད་ཅིང་། ཟླ་སྔོན་མའི་ཚེས་ ༢༩ ཉིན་ཝ་ཤིན་ཊོན་དུ་ཚོགས་པའི་ཨ་རིའི་གྲོས་ཚོགས་(Congress)ནང་བསམ་ཚུལ་མ་མཐུན་པར་འཐུས་མིའི་ནང་ཁུལ་དུ་ཤོག་ཁག་བྱུང་ཡོད། ཤོག་ཁག་གཅིག་ནི་སྤྱི་མཐུན་ཚོགས་པ་གཙོ་བོར་གྱུར་པའི་གྲོས་ཚོགས་འོག་མའི་འཐུས་མི་དང་། གཞུང་འཛིན་ཚོགས་པའམ་དམངས་གཙོ་ཚོགས་པ་གཙོ་བོར་གྱུར་པའི་གྲོས་ཚོགས་གོང་མ་གཉིས་སུ་གྱུར་ཡོད་ལ། ཕོ་བྲང་དཀར་པོ་བར་འདུམ་གྱི་ཚུལ་དུ་བསྡད་ཡོད་ཀྱང་དོན་དུ་གྲོས་ཚོགས་གོང་མའི་གྲོས་གཞི་ལ་རྒྱབ་སྐྱོར་ཆགས་ཡོད་པ་རེད། ཨ་རིའི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ངོས་ནས་དཔལ་འབྱོར་གྱི་གྱོང་གུད་སེལ་རྒྱུར་མོས་མཐུན་བྱུང་ཡོད་ཀྱང་། རྗེས་སུ་གྲོས་གཞི་འདོན་ཕྱོགས་ཐད་ཕན་ཚུན་མ་མཐུན་པའི་འགལ་ཟླ་ཆེན་པོ་བྱུང་པ་རེད། དེ་ནི། ཨོ་བྷ་མ་དང་དམངས་གཙོ་ཚོགས་པས་དེ་སྔའི་བུ་ལོན་ཚད་གཞི་སྟེང་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༢།༧ སྤར་རྒྱུ་དང་། དེ་བཞིན་གཞུང་གི་འཆར་ཟིན་སྔོན་རྩིས་ནས་མ་དངུལ་ཨ་སྒོར་ཐེར་འབུམ་(billion) ༢།༢ འཐེན་ཏེ། ཨ་རིའི་དཔལ་འབྱོར་གྱི་གནས་བབ་སྲ་བརྟན་བཟོ་ཐབས་ཀྱི་གྲོས་གཞི་བཏོན་པར་སྤྱི་མཐུན་ཚོགས་པས་ངོས་ལེན་མ་བྱས་པ་མ་ཟད། ཨ་རིའི་དཔལ་འབྱོར་ཉམ་ཉེས་ཀྱི་གྱོང་གུད་ཕྱིར་གཞུང་གི་སྟངས་འཛིན་འོག་བསླེབ་ཐབས་བྱ་རྒྱུ་དང་། བུ་ལོན་ཚད་ཐིག་མཐོ་རུ་གཏོང་རྒྱུར་ངོ་རྒོལ་དང་། ད་ལྟའི་དཀའ་རྙོག་སེལ་རྒྱུར་འབད་བརྩོན་བྱ་དགོས་པའི་སྐུལ་འདེད་བྱས་ཡོད།

སྤྱི་མཐུན་ཚོགས་པའི་ངོས་ནས་བུ་ལོན་ཚད་ཐིག་གི་འཕར་ཆའི་གནད་དོན་འདི་ཟླ་ ༦ ནས་ ༨ ནང་བར་ཕྱི་ནུར་གྱིས་གྲོས་མོལ་བྱ་དགོས་པའི་གྲོས་གཞི་བཏོན་ཡོད་མོད། ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་གྲོས་ཚོགས་འོག་མའི་ཚོགས་གཙོ་ཇོན་བྷོ་ནར་(John Boehner) གྱིས་སྤྱི་མཐུན་ཚོགས་པའི་གྲོས་གཞི་བཏོན་པའི་ནང་། གཞུང་གི་སྔོན་རྩིས་འགྲོ་གྲོན་ནས་ཨ་སྒོར་ཐེར་འབུམ་ ༩༠༠ ཕྱིར་འཐེན་དང་། བུ་ལོན་ཚད་ཐིག་གི་འཕར་ཆ་ཡང་དེ་དང་མཉམ་པ་ཞིག་སྤར་རྒྱུ། དེ་བཞིན་གནད་དོན་འདི་དུས་འགྱང་གིས་ ༢༠༡༢ ལོའི་དཀྱིལ་ཙམ་ལ་བསྐྱར་དུ་མང་མོས་ཐག་གཅོད་བྱ་རྒྱུ་བྱས་ཡོད། འོན་ཀྱང་། གྲོས་དོན་དེར་ཕོ་བྲང་དཀར་པོ་དང་གྲོས་ཚོགས་གོང་མ་གཉིས་ཀྱིས་ངོས་ལེན་བྱས་མེད། ཨོ་བྷ་མས་གནད་དོན་འདི་གང་འགྱོགས་ཐག་གཅོད་བྱ་རྒྱུར་གནོན་ཤུགས་སྤྲད་དེ་ ༢༠༡༢ ལོའི་སྲིད་འཛིན་གྱི་འོས་བསྡུའི་ལས་གཞི་མགོ་མ་བཙུགས་གོང་ཐག་གཅོད་ཡོང་ཐབས་ལ་འབད་བཞིན་ཡོད་ལ། དེ་ནི་ཨོ་བྷ་མ་སྐབས་རྗེས་མའི་སྲིད་འཛིན་འོས་འདེམས་ལས་རྒྱལ་ཁ་འཐོབ་རྒྱུར་དམིགས་པ་ཞིག་ཡིན་ཚུལ་བརྗོད།
ཐེངས་འདིར་གནད་དོན་འདི་ངེས་པར་དུ་ཐག་གཅོད་བྱ་དགོས་པའི་རྒྱུ་མཚན་ནི། རྒྱལ་སྤྱིའི་དཔལ་འབྱོར་གྱི་ཉམ་ཉེས་དང་ཨ་རིའི་དཔལ་འབྱོར་གྱི་གནས་བབ་བརྟན་ལྷིང་མེད་པར་གྱུར་ཏེ། ཨ་རི་གཞུང་གི་འགྲོ་གྲོན་ཤུགས་ཆེ་རུ་འགྲོ་བ་དང་ལྷན་དུ་གཞུང་གི་ཁྲལ་འབབ་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན་པ་དང་། ཨ་རིའི་དཔལ་འབྱོར་རིག་པ་བ་ཚོས། ཨོ་བྷ་མར་ཡོད་པའི་གདམ་ཀ་དག་ནི། ཕྱི་ཕྱོགས་ལ་བུ་ལོན་སྐྱིན་ཚབ་དང་རོགས་དངུལ་ཚུད་པའི་དངུལ་སྤྲོད་རྒྱུ་མཚམས་འཇོག་བྱ་རྒྱུ་དང་། དེ་ལ་ཨ་རིའི་སྣང་བརྙན་དང་ཚོང་རའི་དཔལ་འབྱོར་ལ་དོ་ཕོག་ཡོང་ངེས་ཡིན་པ། གདམ་ཀ་གཞན་ཞིག་ནི། གནད་དོན་གལ་ཆེ་ཆུང་དབྱེ་སྟེ། ཨ་རིའི་ནང་ཕྱི་དངུལ་མ་འཇོག་བྱས་ཡོད་པའི་སྐྱེད་ཀ་ཚུད་པའི་བུ་ལོན་གལ་ཆེ་ཤོས་རིགས་འཇལ་རྒྱུ་དེ་རེད། གདམ་ཀ་མཐའ་མ་ནི། བུ་ལོན་གྱི་ཚད་ཐིག་སྤར་རྒྱུ་བཞག་སྟེ་མུ་མཐུད་བུ་ལོན་ལེན་རྒྱུའམ། ཡང་ན་ཨ་རིའི་རྩ་ཁྲིམས་ཀྱིས་ཨོ་བྷ་མར་གནད་དོན་འདི་ཐག་གཅོད་ཀྱི་དབང་ཆ་སྤྲོད་དགོས་པ་རེད། དེ་ལྟར་བྱས་ཚེ་ཨ་རིའི་དཔལ་འབྱོར་གྱི་དཀའ་ངལ་འདི་རྩ་ཁྲིམས་ཀྱི་དཀའ་ངལ་ཞིག་ཏུ་འགྱུར་སྲིད་པ་དང་། མཐའ་ན་སྲིད་འཛིན་གནས་དབྱུང་གཏོང་དགོས་པའི་གནས་བབ་ཀྱང་འཕྲད་སྲིད་པའི་བསམ་ཚུལ་འདོན་གྱི་ཡོད།

ཨ་རིའི་ཤེས་ཡོན་པ་ཚོས་ཐེངས་འདིར་ཨ་རིས་འཐུས་ཤོར་བཏང་ཚེ་མཇུག་འབྲས་གང་འདྲ་འབྱུང་རྒྱུའི་ཐད། ཨ་རིའི་མི་སེར་ལ་ཁང་པ་དང་རླངས་འཁོར་སོགས་ཉོ་རྒྱུར་བུ་ལོན་སྤྲོད་ཀྱི་ཡོད་པའི་སྐྱེད་ཀ་འཕར་རྒྱུ་དང་། ཨ་རིའི་དངུལ་ཁང་ལ་ཕྱི་དངུལ་སྐྱེད་ཀར་བཞག་ཡོད་པ་རྣམས་ཕྱིར་འཐེན་བྱ་ངེས་ཡིན་པ། དེ་བཞིན། འཛམ་གླིང་གང་སར་ཡོད་པའི་རྒྱལ་སྤྱིའི་དཔལ་འབྱོར་སྡེ་ཚན་ཁག་ཏུ་ཨ་རིའི་དངུལ་གྱི་ཛ་ཐང་མར་ཆག་རྒྱུ་མ་ཟད། ཚོང་རའི་དཔལ་འབྱོར་གྱི་འབྲེལ་ལམ་ལའང་དོ་ཕོག་འགྲོ་ཉེན་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད། སྤྱི་ཚོགས་དཔྱད་བརྗོད་པ་ཚོས། ཨ་རིས་དཔལ་འབྱོར་སྲིད་ཇུས་ལ་ནོར་འཁྲུལ་ཤོར་པ་དང་བུ་ལོན་སྤྲོད་མ་ཐུབ་པའི་གནས་སྟངས་ཤིག་བྱུང་ཚེ་རྒྱལ་སྤྱིའི་ཚོང་ལས་ཁྲོམ་རར་གཡོ་འགུལ་ཆེན་པོ་ཐེབས་ངེས་ཡིན་པར་གླེང་།

ཟླ་འདིའི་ཕྱི་ཚེས་ཉིན་གྱི་གྲོས་ཚོགས་ནང་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་གྲོས་མཐུན་གྱིས་མང་མོས་ཐག་གཅོད་ཅིག་བྱུང་ཡོད་པའི་ཐད། ཨོ་བྷ་མས་ “ཨ་རིའི་དཔལ་འབྱོར་ཉམ་ཉེས་སླར་གསོ་བྱ་རྒྱུ་དང་བུ་ལོན་ཚད་ཐིག་གི་འཕར་ཆ་གཏོང་རྒྱུར་གྲོས་མཐུན་བྱུང་ཡོད། གྲོས་མཐུན་དེར་དེ་སྔའི་བུ་ལོན་ཚད་ཐིག་གི་སྟེང་འཕར་ཆ་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༢།༤ བར་སྤར་ཆོག་པ་དང་། ད་སྔའི་རྒྱལ་ཡོངས་དཔལ་འབྱོར་འགྲོ་གྲོན་སྔོན་རྩིས་ཀྱི་འཕར་སོང་གྱོང་གུད་རིམ་བཞིན་ཇེ་ཉུང་དུ་བཏང་སྟེ། འབྱུང་འགྱུར་ལོ་ ༡༠ ནང་བྱུང་སོང་སྙོམ་སྒྲིག་བྱ་རྒྱུ། གནད་དོན་དེ་དག་གི་ཞིབ་ཕྲའི་གཏན་འབེབ་ཐད་གྲོས་ཚོགས་གོང་འོག་གཉིས་ལས་གྲུབ་པའི་ཚོགས་ཆུང་ཞིག་གསར་འཛུགས་བྱས་ཏེ། ཚོགས་ཆུང་གི་མཐའ་མའི་ཟིན་ཐོ་གཞིར་བཞག་གིས་མང་མོས་ཐག་གཅོད་བྱུང་ཡོད་”ཅེས་བསྒྲགས་ཡོད་འདུག

ཨོ་བྷ་མས་གྲོས་ཚོགས་ཀྱི་ཐག་གཅོད་གསལ་བསྒྲགས་བྱས་འཕྲལ་ཉི་ཧོང་དང་ཧོང་ཀོང་སོགས་ཀྱིས་ཨ་རིའི་ཚོང་ལས་དཔལ་འབྱོར་གྱི་འབྲེལ་ལམ་ཐད་ཀྱི་མ་དངུལ་བརྒྱ་ཆ་སྔར་ལས་ཤུགས་ཆེར་སྤར་ཡོད་པ་དང་། དེ་བཞིན་ཨ་སྒོར་གྱི་འཛའ་ཐང་ཡང་འཕར་ཡོད་པ་རེད་ལ། ཉི་ཧོང་གྲོས་ཚོགས་རྒྱུན་ལས་ཀྱི་དྲུང་ཆེ་ཡུ་ཀེའོ་(Yukio Edano) ཡིས་ “ང་ཚོས་ཨ་རིའི་བུ་ལོན་གྱི་སྲིད་ཇུས་གཏན་འབེབས་བྱུང་པར་དགའ་བསུ་དང་། གནད་དོན་འདིས་རྒྱལ་སྤྱིའི་ཁྲོམ་རའི་དཔལ་འབྱོར་སྲ་བརྟན་ཡོང་རྒྱུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་”ཅེས་བརྗོད་འདུག

No comments:

Post a Comment