Thursday, August 4, 2011

ཨ་རིའི་བོད་མིའི་སློབ་ཡོན་ཐོག་གི་དཀའ་རྙོག

ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་ཁྲོད་ཕྱི་ལོ་ ༡༩༨༨ ནས་ ༢༠༡༠ བར། སློབ་མ་ ༣༨༢ ཙམ་ཨ་རིར་བཏང་ཡོད་པ་ལས་ཕྱིར་མ་ལོག་པ་ ༧༤ དང་། ཚུར་ཡོང་སྟེ་ཕྱིར་ཨ་རིར་ཕྱིན་པ་ ༦༧ ། ད་ལྟ་བཙན་བྱོལ་ཁྲོད་ཕྱག་ལས་གནང་བཞིན་པ་ ༡༧༧ བཅས་ཡོད་ཟེར།
ཉེ་ལམ་བཙན་བྱོལ་སྤྱི་ཚོགས་ཁྲོད་ལོ་འདི་འགར་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་བརྒྱུད་ཨ་རིར་སློབ་སྦྱོང་ལ་བཏང་བའི་བོད་རིགས་སློབ་ཕྲུག་སྐོར་ཞིག་ཕྱིར་ལོག་མ་བྱས་པའི་གླེང་སློང་ཞིག་བྱུང་ཡོད་པ་དང་། དེ་ནི་ ༢༠༠༩ ལོར་ཤེས་རིག་ལས་ཁུངས་བརྒྱུད་བོད་ཕྲུག་ ༡༩ ཨ་རིའི་སློབ་ཡོན་འོག་ཨ་རིར་བཏང་འདུག་ལ། ༢༠༡༠ ལོར་སློབ་ཕྲུག་ ༨ ཕྱིར་ལོག་དགོས་པ་ལས་ ༤ ཕྱིར་ལོག་བྱས་མེ་པ་དང་། གཞན་སློབ་ཕྲུག་ ༡༡ ད་ལོར་སློབ་ཡུན་དུས་ཚོད་རྫོགས་ཡོད་ཀྱང་ད་སྔ་ཕྱིར་ལོག་མི་འདུག གནས་ཚུལ་འདིའི་སྐོར་ཤེས་རིག་ལས་ཁུངས་སུ་བཅར་འདྲི་ཞུས་སྐབས། ཕྱིར་ལོག་མ་བྱས་པ་དག་གི་མིང་དང་ཞིབ་ཕྲའི་ལོ་རྒྱུས་བཤད་རྒྱུ་མིན་ཟེར།
ཕྱི་ཚེས་ ༢༦ ཉིན་གསར་འགོད་པ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་སུ་བསྐྱོད་དེ། ཨ་རིའི་སློབ་ཡོན་ལས་གཞིའི་འོག་ཕྱིར་ལོག་མ་བྱས་བ་དག་གི་སྐོར་ལ་བཀའ་འདྲི་ཞུས་སྐབས། ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གནས་ཚུལ་འདིའི་སྐོར་ལ་ང་ཚོས་ཐད་ཀར་ལན་འདེབས་བྱ་རྒྱུ་མིན། དྲི་བ་ཡིག་ཐོག་ནས་འཁྱེར་ཤོག་ཅེས་བཀའ་གནང་བ་ལྟར། གསར་འགོད་པས་ད་ལོ་ཕྱིར་ལོག་མ་བྱས་པའི་སློབ་ཕྲུག་དག་དང་འབྲེལ་ཏེ། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སྐོར་ལ་དྲི་བ་ཁག་ཅིག་བཏོན་པའི་ལན་དུ། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་འདི་ནི། བཙན་བྱོལ་བོད་མིའི་སྒྲུག་འཛུགས་དང་བོད་དོན་རྒྱབ་སྐྱོར་བ་ཚོགས་སྒེར་ཁ་ཤས་ཀྱིས་ཨ་རིའི་གཞུང་ལ་རེ་སྐུལ་བྱས་ཏེ་ ༡༩༨༧ ལོར་ཆོག་མཆན་རག་ཅིང་ ༡༩༨༨ ལོ་ནས་དངོས་སུ་ལག་བསྟར་མགོ་འཛུགས་བྱས་པ་ཞིག་ཡིན་ཞིང་། ལས་གཞི་འདིའི་ལས་འགན་གཙོ་བོ་ཨ་རི་བོད་ཀྱི་ཐེབས་རྩ་(The Tibet Fund, New York)ཁང་གིས་འཁུར་གྱི་ཡོད་ཀྱང་། ལོ་ལྟར་སློབ་ཡོན་གསལ་བསྒྲགས་སྤེལ་རྒྱུ་དང་སྔོན་འགྲོའི་སློབ་མ་འདེམས་སྒྲུག་སོགས་ཤེས་རིག་ལས་ཁུངས་ཀྱིས་ལག་བསྟར་བྱས་ཡོད་འདུག ༢༠༡༠ ལོ་ནས་བཟུང་ལས་ཀ་ཆ་ཚང་ཨ་རི་བོད་ཀྱི་ཐེབས་རྩར་རྩིས་སྤྲོད་བྱས་རྗེས། ཨ་རི་བོད་ཀྱི་ཐེབས་རྩས་ངྷ་ས་བོད་ཁྱིམ་དང་སམ་བྷོ་ཊ། མཚན་ཉིད་བཅས་ཀྱི་ཤེས་ཡོན་འགན་འཛིན་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ཏེ་སློབ་ཕྲུག་འདེམས་སྒྲུག་བྱེད་བཞིན་ཡོད་འདུག
ཤེས་རིག་གི་ལན་འདེབས་ནང་བཀོད་པ་ལྟར་ན། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་མགོ་བརྩམས་པ་ནས་ ༢༠༡༠ ཟླ་ ༨ བར་སློབ་ཡོན་རག་སྟེ་ཨ་རིར་སློབ་སྦྱོང་དུ་འགྲོ་མཁན་ ༣༨༢ བྱུང་པའི་ཁྲོད་ཕོ་ ༢༧༣ དང་མོ་ ༡༠༩ བྱུང་འདུག དེ་དག་ཁྲོད་སློབ་སྦྱོང་གི་དུས་ཡུན་ཚང་རྗེས་ཕྱིར་གཏན་ནས་མ་ལོག་མཁན་ ༧༤ དང་། ལན་གཅིག་ཚུར་ཡོང་སྟེ་ཕྱིར་ཨ་རིེར་ཕྱིན་པ་ ༦༧ དང་། སློབ་མཐར་ཕྱིན་རྗེས་ཚུར་ལོག་སྟེ་ད་ལྟ་བཙན་བྱོལ་ནང་ལས་ཀ་བྱེད་བཞིན་པ་ ༡༧༧ བཅས་ཡོད་འདུག
ད་ལོའི་སློབ་ཡོན་ཁོངས་སུ་འགྲོ་མཁན་མི་ ༡༨ བྱུང་ཡོད་པ་དག་སྔ་ལོ་ནས་འདེམས་སྒྲུག་ཟིན་ཡོད་པ་མ་ཟད། དེ་དག་ཨ་རིའི་མཐོ་སློབ་གང་དུ་སློབ་ཚན་ཅི་ཞིག་གི་ཐོག་སློབ་སྦྱོང་བྱ་རྒྱུ་སོགས་གཏན་འཁེལ་ཟིན་ཡོད་ཀྱང་། ཉེ་ཆར་ཨ་རིའི་གཞུང་ཚབ་ཏུ་ཐོངས་མཆན་ཞུ་རུ་སྐྱོད་སྐབས་མི་ ༥ མ་གཏོགས་རག་མེད་པ་དང་། གནད་དོན་དེའི་ཐད་ཨ་རིའི་གཞུང་ཚབ་ཀྱིས་ “ ཨ་རིར་སློབ་སྦྱོང་སོགས་ཀྱི་ཆེད་དུ་སྐྱོད་མཁན་བོད་མི་རྣམས་ནས་རྒྱལ་ཁབ་ཀྱི་ཁྲིམས་དང་མིའི་བཟང་སྤྱོད་གཉིས་ཀར་བརྩི་འཇོག་བྱེད་ཀྱི་མེད་པ་དང་། དེ་ལ་བརྟེན་ནས་གཞུང་ཚབ་དང་གཞུང་ཚབ་ཁང་གི་སྙན་གྲགས་ལ་གནོད་སྐྱོན་ཆེན་པོ་བྱུང་ཚུལ་རྗོད་ཀྱི་འདུག” ཅེས་ཤེས་རིག་ལས་ཁུངས་ཀྱིས་གསལ་འདེབས་གནང་བྱུང་།

ཨ་རིའི་སློབ་ཡོན་ཁོངས་ནས་ཕྱིར་མ་ལོག་པ་ཚོར་ཉེས་པ་གང་འདྲ་ཞིག་ལག་བསྟར་བྱས་ཡོད་པ་དང་། མ་འོངས་པར་ཐབས་ལམ་གང་འདྲ་འཚོལ་བཞིན་ཡོད་མེད་ཐོག་བཀའ་འདྲི་ཞུས་པའི་ལན་དུ། “དེ་སྔོན་ལོ་མང་རིང་ཨ་རིེར་མ་ཐོན་གོང་དོ་བདག་སོ་སོ་ནས་ཤེས་རིག་ལས་ཁུངས་དང་ལྷན་དུ་རྒྱ་གར་གྱི་ཁྲིམས་ཤོག་སྟེང་ཁས་ལེན་ཡིག་ཆ་གསུམ་ལ་མིང་རྟགས་འགོད་དགོས་པའི་ཆ་རྐྱེན་ལག་བསྟར་བྱས་ཡོད་ཀྱང་། དོ་བདག་རྒྱལ་ཁབ་གཞན་ཞིག་ཏུ་ཡོད་པའི་དབང་གིས་ཡིག་ཆ་དེ་དག་གིས་ཕན་ཐོགས་གང་ཡང་བྱུང་མེད།” ཅེས་དང་། “ སློབ་སྦྱོང་ཟིན་རྗེས་ཚུར་ལོག་དགོས་པ་ཨ་རིའི་ཁྲིམས་ཀྱི་གནད་དོན་ཞིག་ཡིན་པའི་ཁར། དེང་སང་ཨ་རིེེར་སླེབས་འཕྲལ་དོ་བདག་སོ་སོ་ནས་ཨ་རི་བོད་ཀྱི་ཐེབས་རྩ་དང་ལྷན་དུ་ཁས་ལེན་ཡིག་ཆ་ཞིག་ལ་མིང་རྟགས་འགོད་དགོས་པའི་ཆ་རྐྱེན་བཞག་ཡོད།” ཅེས་འཁོད་འདུག
ཨ་རི་གཞུང་གིས་སྐྱབས་བཅོལ་བོད་མིར་སློབ་ཡོན་གྱི་རོགས་སྐྱོར་འདིའི་ཐད་ལོ་རེར་ཨ་སྒོར་བདུན་འབུམ་སུམ་ཁྲི་ལྔ་སྟོང་ ༧༣༥༠༠༠ གཏོང་གི་ཡོད་པའི་སྟེང་། ཨ་རི་བོད་ཀྱི་ཐེབས་རྩའི་ངོས་ནས་སློབ་ཡོན་བརྒྱ་ཆ་ ༣༠ ཁ་སྣོན་བྱེད་ཀྱི་ཡོད་འདུག

No comments:

Post a Comment