Monday, August 22, 2011

བོད་དུ་ལོག་མཁན་ཚོར་གཞུང་ངོས་ནས་བཀག་འགོག་གནང་རྩིས་མེད།


འདོན་སྤེལ། ༢༠༡༡/༠༨/༢༢
ལོ་འགའི་གོང་ནས་གདན་ས་ཁག་གཙོས་པའི་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་གནས་ཡུལ་ཁག་ཏུ། རྒྱ་ནག་གཞུང་ཚབ་ཀྱིས་སྤྲད་པའི་འགྲུལ་བསྐྱོད་ལག་འཁྱེར་བརྒྱུད་བོད་ནང་གཉེན་འཕྲད་དུ་འགྲོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། གནད་དོན་འདིའི་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཟེར།
འདས་པའི་ལོ་ངོ་ལྔ་བཅུའི་རིང་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མི་མང་པོ་ཞིག་གིས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འགྲོ་རྒྱུ་ནི་དམིགས་ཡུལ་མཐར་ཐུག་ཏུ་བཟུང་སྟེ། ཁྲིམས་མཐུན་ཁྲིམས་འགལ་ཅི་རིགས་ཐོག་འཛམ་གླིང་གི་རྒྱལ་ཁབ་ ༤༥ ཙམ་ནང་བོད་མི་དྲུག་ཁྲི་ལ་ཉེ་བ་ཞིག་ཕྱིན་ཡོད། འོན་ཀྱང་ལོ་ཤས་གོང་ནས་རྒྱ་གཞུང་གིས་ཕྱི་སྡོད་བོད་རིགས་ཚོ་ཕྱིར་རྒྱལ་ནང་དུ་ལོག་རྒྱུའི་སྲིད་བྱུས་གསར་པ་ཞིག་བཏང་སྟེ། བོད་ནང་ལོག་མཁན་ཚོར་རྣམ་འགྱུར་ཡག་པོ་བཟུང་བ་བཅས་ལ་བརྟེན་ཏེ། སྐྱབས་བཅོལ་བོད་མི་མང་དག་ཅིག་གིས་ཕྱི་རྒྱལ་དུ་འགྲོ་རྒྱུའི་ཚབ་ལ་ཕྱིར་བོད་ནང་ལོག་རྒྱུར་བློ་ཁ་ཕྱོགས་མགོ་བརྩམས་ཡོད།

ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གིས་རེས་གཟའ་མིག་དམར་དང་ཕུར་བུའི་ཞོགས་པ་ནས་ཉིན་གུང་བར་བོད་ནང་ལོག་མཁན་ཚོར་ཐོ་འགོད་བྱེད་ཀྱི་ཡོད་འདུག་ལ། ཉིན་དེ་གཉིས་ལ་བོད་མི་ཧ་ཅང་མང་པོ་ཞིག་ལྡི་ལི་རྒྱ་ནག་གཞུང་ཚབ་མདུན་དུ་བང་བསྒྲིགས་ཏེ་ཐོ་འགོད་བྱེད་ཀྱི་ཡོད་པ་དང་། དེ་དག་མང་ཆེ་བ་གདན་ས་ཁག་གི་དགེ་འདུན་པ་དང་བོད་ནས་ཕེབས་པའི་གཞོན་སྐྱེས་ལས་མེད་དག་ཡིན་འདུག དེ་སྔོན་རྒྱ་ནག་གཞུང་ཚབ་ཀྱིས་བོད་ནང་སྐྱོད་མཁན་ཚོར་ཡིག་ཆ་དུས་ཐོག་ཏུ་སྤྲོད་ཀྱི་མེད་ནའང་། ན་ནིང་ལོ་མགོ་ཙམ་ནས་བོད་ནང་ལོ་ ༢ རིང་སྡོད་ཆོག་པའི་ཡིག་ཆ་༼འགྲུལ་བསྐྱོད་ཡིག་ཆ་༽ (Travel Document) ཟེར་བ་ཞིག་སྤྲོད་མགོ་བརྩམས་ཡོད་འདུག ད་ཆར་རྒྱ་གཞུང་གིས་ཕྱི་ཕྱོགས་ཀྱི་བོད་རིགས་ནང་འགུག་བྱ་ཆེད་བོད་ཀྱི་ས་གནས་ཆེ་ཁག་ཏུ་སྣེ་ལེན་ཁང་གསར་རྒྱག་གིས་ལས་བྱེད་བསྐོ་བཞག་བྱས་ཡོད་པ་དང་། བོད་ནང་ལོག་མཁན་ཚོ་ངེས་པར་དུ་བལ་བོད་ས་མཚམས་འགྲམ་དང་ལྷ་ས། ཁུངས་སོ་སོའི་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་སྣེ་ལེན་ཁང་བརྒྱུད་དགོས་ཀྱི་ཡོད་འདུག

མདོ་སྨད་མང་རའི་གྲྭ་ཐོས་བསམ་ལགས་ནི་ལྡི་ལི་རྒྱ་ནག་གཞུང་ཚབ་ནས་བོད་ནང་སྐྱོད་པའི་ཡིག་ཆ་རག་སྟེ། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༠ ཉིན་བོད་ནང་བསྐྱོད་ཅིང་། ཕྱི་ཟླ་ ༤ ཚེས་མགོར་ཕྱིར་རྒྱ་གར་དུ་ལོག་སྟེ་ད་ཆར་བཞུགས་སྒར་ངྷ་རམ་ས་ལར་བཞུགས་ཡོད་པ་ཞིག་ཡིན། འདི་གའི་གསར་འགོད་པ་ཁོང་ལ་ཐུག་འཕྲད་ཀྱིས་བོད་ནང་སྐྱོད་པའི་བརྒྱུད་རིམ་སྐོར་ལ་གླེང་མོལ་བྱས་པ་ལྟར་ན། བོད་དུ་ལོག་མཁན་མང་ཆེ་བ་གདན་ས་ཁག་གི་དགེ་འདུན་པ་དང་། ངྷ་རམ་ས་ལ་ཁུལ་གྱི་གཞོན་སྐྱེས་ལས་མེད་དག་ཡིན་པ་དང་། གཞིས་ཆགས་ཁག་ནས་གཉེན་འཕྲད་དུ་བསྐྱོད་དེ་ཕྱིར་ལོག་མཁན་ཡང་མང་དག་ཅིག་ཡོད་འདུག ན་ནིང་དང་གཞེ་ནིང་གཉིས་ལ་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་དུ་ཐོ་འགོད་བྱེད་མཁན་ཧ་ཅང་མང་ཞིང་། གཟའ་མིག་དམར་དང་ཕུར་བུ་གཉིས་ལ་མཚན་གུང་ནས་བང་བསྒྲིགས་པ་དང་། དགོང་མོ་རྒྱ་ནག་གཞུང་ཚབ་སྒོ་དྲུང་ནས་ཞག་སྡོད་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད་ཅིང་། འདི་ལོར་མདོ་སྨད་རྔ་པ་དང་དཀར་མཛེས་ཕྱོགས་སུ་ངོ་རྒོལ་གྱི་ལས་འགུལ་བྱུང་སྐབས། རེ་ཞིག་ལྡི་ལི་རྒྱ་ནག་གཞུང་ཚབ་ཀྱིས་བོད་ནང་སྐྱོད་མཁན་ལ་ཡིག་ཆ་སྤྲོད་མཚམས་བཞག་ཡོད་འདུག ད་ཆར་བསྐྱར་དུ་སྒོ་འབྱེད་བྱས་ཏེ་བདུན་ཕྲག་རེར་ཆ་སྙོམས་བོད་མི་ ༡༢༠ ཙམ་གྱིས་ཐོ་འགོད་བྱེད་ཀྱི་ཡོད་འདུག སྔར་བོད་ནང་ཆབ་སྲིད་ཀྱི་ནག་ཉེས་ཡོད་མཁན་དང་། ལྷ་ས་དང་ཆབ་མདོ་གཙོས་པའི་བོད་རང་ལྗོངས་འོག་གི་བོད་མི་ཚོར་ཡིག་ཆ་རག་རྒྱུར་ཅུང་དཀའ་ངལ་འཕྲད་བཞིན་ཡོད་འདུག རྒྱ་གར་ནས་བོད་ནང་ལོག་མཁན་མང་ཆེ་བ་བོད་ནང་གཏན་སྡོད་བྱེད་མཁན་ཡིན་པ་དང་། ཁག་ཅིག་ཕྱིར་རྒྱ་གར་དུ་ལོག་རྩིས་ཡོད་ཀྱང་ནང་མིས་མ་བཏང་བ་དང་། ཁག་ཅིག་བོད་ནང་སྡོད་འདོད་ཡོད་ཀྱང་ལྟ་བ་མཐུན་མི་དང་ཆབ་སྲིད་ཀྱི་དཀའ་ངལ་འོག་ཕྱིར་རྒྱ་གར་ནང་ཡོང་མཁན་ཡང་ཡོད་འདུག བོད་དུ་སྐྱོད་སྐབས་ས་མཚམས་འགྲམ་དུ་ལས་ཁུངས་རིམ་པ་གསུམ་གྱིས་དྲི་བ་བཏང་རྗེས་བོད་ནང་དུ་འཛུལ་ཆོག་གི་ཡོད་ཀྱང་། གཉའ་ལམ་ནས་ལྷ་ས་བར་རྒྱ་དམག་གིས་བརྟག་དཔྱད་རིམ་པ་ ༤ བྱེད་ཀྱི་ཡོད་པ་དང་། ལྷ་སར་འབྱོར་སྐབས་གཉེན་ཉེ་སོགས་ངོས་ལེན་བྱེད་མཁན་མེད་ཚེ་སྣེ་ལེན་ཁང་དུ་སྡོད་དགོས་ཀྱི་ཡོད་འདུག ལྷ་ས་ནས་ས་གནས་རྫོང་བར་དམིགས་བསལ་དཀའ་ངལ་མེད་ཀྱང་། ཁྱིམ་དུ་བསླེབས་རྗེས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་འདྲི་བརྩད་ཡང་ཡང་བྱེད་ཀྱི་ཡོད་པ་དང་། ས་གནས་གཞན་ལ་འགྲོ་དགོས་ཚེ་ཁ་པར་བརྒྱུད་སྙན་སེང་ཞུ་དགོས་ཀྱི་ཡོད་འདུག མི་རེ་ཟུང་གིས་བརྗོད་ན་རྒྱ་གར་ནས་བོད་དུ་ལོག་མཁན་མང་ཆེ་བ་རྒྱ་ནག་གཞུང་གི་༼ མིང་ཐོ་ནག་པོ ༽ཟེར་བ་ཞིག་གི་ནང་བཅུག་ཡོད་སྟབས། རྒྱ་ནག་གི་༼ རྒྱ་ནག་གི་མི་སེར་ཐོབ་ཐང་ལག་འཁྱེར ༽རག་རྒྱུར་དཀའ་ངལ་འཕྲད་ཀྱིན་ཡོད་འདུག གྲྭ་ཐོས་བསམ་ལགས་ཀྱིས་བརྗོད་དོན། “ ང་རང་ཕྱིར་རྒྱ་གར་དུ་ལོག་སྐབས་ཟི་ལིང་ནས་མཚོ་སྔོན་ཞིང་ཆེན་ཆོས་ལུགས་ཚན་པའི་མགོ་གཙོ་དང་ཞིང་ཆེན་སྤྱི་བདེ་ཚན་པའི་མགོ་གཙོ། དེ་བཞིན། མཚོ་ལྷོ་ཁུལ་བདེ་འཇགས་ཚན་པའི་མགོ་གཙོ་དང་དྲུང་ཡིག་བཅས་ཁྱོན་བོད་པ་ ༤ ང་རང་ཡོད་སར་ཡོང་སྟེ། ཁྱོད་ལ་སྐད་ཆ་འགའ་འདྲི་རྒྱུ་ཡོད་ཟེར་ནས་རླངས་འཁོར་ཆུང་ཆུང་ཞིག་ཏུ་བཅུག་ཏེ། གྲོང་ཁྱེར་མཐའ་མཚམས་ཀྱི་མགྲོན་ཁང་ཞིག་ཏུ་ཁྲིད་སོང་། སྐབས་དེར་ཁོང་ཚོས “ཏཱ་ལའི་བླ་མས་བགྲེས་ཡོལ་གནང་རྩིས་ཡོད་པ་དེར་བསམ་ཚུལ་ག་རེ་ཡོད། ཁོང་བགྲེས་ཡོལ་གནང་ན་བཀའ་ཁྲི་སུ་ཐོབ་ཀྱི་རེད། བློ་བཟང་སེང་གེ་ལ་བཀའ་ཁྲི་ཐོབ་ན། ཁོང་གི་ལངས་ཕྱོགས་དེ་རང་བཙན་དང་ལམ་དབུ་མ་གང་ལ་འགྲོ་རྒྱུ་རེད” ཅེས་སོགས་དྲིས་སོང་། ངས་༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ལས་བགྲེས་ཡོལ་མ་གནང་ཚེ། བོད་ཀྱི་གནད་དོན་ཐག་གཅོད་རྒྱུར་ཕན་ཐོགས་ཡོང་གི་རེད་ཅེས་ལན་བཏབས་སྐབས། དེའི་ནང་གི་ལས་བྱེད་རྒན་གྲས་ཤིག་གིས་དེ་ངོ་མ་རེད་ཅེས་བཤད་སོང་། ཡང་ལས་བྱེད་གཞན་ཞིག་གིས “ཁྱོད་རྒྱ་གར་ལ་སོང་ན་དགེ་མཚན་གང་ཡང་ཡོད་པ་མ་རེད། ང་རང་ཡང་རྒྱ་གར་དང་བལ་ཡུལ་དུ་སོང་མྱོང་ཡོད། རྒྱལ་ཁབ་དེ་གཉིས་ཀྱི་ས་ཆ་གང་དུ་སོང་ནའང་གད་སྙིགས་དང་དྲི་ངན་ཁེངས་འདུག དེ་ལས་ཕ་ཡུལ་དུ་ནང་མིའི་མཉམ་བསྡད་ན་ཡག་གི་རེད། ཕ་ཡལ་དུ་བསྡད་ན་གཙོ་བོ་སོ་སོས་ཁ་ལ་བདག་པོ་རྒྱག་དགོས་པ་རེད། ད་ལྟ་ཕ་ཡུལ་གྱི་དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་པ་རེད། དཀའ་ལས་དེ་འདྲ་རྒྱག་དོན་ཡོད་པ་མ་རེད” ཅེས་བརྗོད་བྱུང་།
ཡང་ལྡི་ལི་རྒྱ་ནག་གཞུང་ཚབ་ནས་བོད་ནང་སྐྱོད་ཆོག་པའི་ལག་འཁྱེར་རག་སྟེ།ད་ཆར་བོད་ནང་ལོག་རྒྱུར་གྲ་སྒྲིག་བྱེད་བཞིན་པའི་སྐུ་ཞབས་བརྩོན་འགྲུས་ལགས་ཀྱིས་བོད་དུ་ཕྱིར་ལོག་དགོས་པའི་རྒྱུ་མཚན་སྐོར་བརྗོད་དོན། “ གཅིག་ནས་ངའི་ཨ་མ་ལགས་ལོ་ན་ཆེན་པོ་ཡིན་པ་དང་། གཉིས་ནས་ལོ་འདི་དག་རིང་ཕྱི་རྒྱལ་དུ་འགྲོ་རྒྱུར་འབད་བརྩོན་ཐེངས་མང་ཞུས་ཀྱང་ཐོངས་མཆན་རག་མ་སོང་། རྒྱ་གར་དུ་བསྡད་ན་རང་དབང་ཙམ་འདུག་ཀྱང་། དགོན་སྡེ་ཁག་དང་ཚོགས་པ་སྒྲིག་འཛུགས་གང་རུང་གི་ཁོངས་སུ་མེད་ན། རང་གི་འཚོ་བར་དཀའ་ངལ་འཕྲད་ཀྱི་འདུག དེ་བཞིན་རྒྱ་གར་ནང་སྐད་དང་ལག་འཁྱེར་མེད་ན། རང་ཁ་རང་གསོ་བྱ་ཐབས་མེད་སྟབས། ཨ་མ་དང་ནང་མིའི་རེ་བ་ལྟར་ཕ་ཡུལ་དུ་ལོག་རྒྱུར་ཐག་བཅད་པ་ཡིན། ཕ་ཡུལ་ལ་སོང་ན་རང་ས་རང་བདག་གི་ས་ཆ་ཡོད་དུས་རྒྱ་གར་ལས་ཅུང་ཡག་གི་རེད་བསམ་གྱི་འདུག ཟླ་གཉིས་གོང་ངའི་རོགས་པ་གཉིས་ཕྱིར་བོད་དུ་ལོག་པ་རེད། ཁོང་ཚོས་བཤད་ན། ད་ལྟ་ཕ་ཡུལ་དུ་ཆབ་སྲིད་ལ་བྱུས་གཏོགས་མ་བྱས་ན་དཔལ་འབྱོར་འཚོལ་སྒྲུབ་ཀྱི་གོ་སྐབས་ཧ་ཅང་མང་པོ་འདུག་ཟེར། སློབ་སྦྱོང་ཡོད་མཁན་ཞིག་ཡིན་ན། འདི་གར་༧གོང་ས་མཆོག་དང་བོད་གཞུང་ལ་སྲི་ཞུ་བསྒྲུབ་ན་ཡག་པོ་འདུག དེ་མིན། སོ་སོར་སློབ་སྦྱོང་གང་ཡང་མེད་མཁན་ཞིག་ཡིན་ན། ངྷ་སའི་གཡས་གཡོན་དུ་འཁྱམ་བསྡད་ན་མི་ཚེ་འཕྲོ་བརླག་རེད ” ཅེས་བརྗོད་བྱུང་།

ལོ་འདི་འགར་ཕྱི་ཕྱོགས་ཀྱི་བོད་མི་མང་པོ་ཞིག་ཕྱིར་བོད་ནང་ལོག་བཞིན་པ་དེར། བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་མཆོག་ལ་གནས་ཚུལ་འདིའི་སྐོར་ལ་རྒྱུས་མངའ་ག་ཚོད་ཡོད་མེད་དང་། གཞུང་གི་གཟིགས་ཕྱོགས་གང་འདྲ་ཡོད་མེད་ཐད་བཀའ་འདྲི་ཞུས་པར། “ ད་ལྟ་བོད་མི་མང་པོ་ཞིག་བོད་དུ་ཕྱིར་ལོག་བྱེད་བཞིན་པ་དེ་དངོས་ཡོད་གནས་ཚུལ་རེད། དེར་བཙན་བྱོལ་གཞུང་གི་ངོས་ནས་ཀྱང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ད་ལྟ་བོད་དུ་ལོག་མཁན་མང་ཆེ་བ་གདན་ས་ཁག་གི་དགེ་འདུན་པ་ཆགས་ཡོད། ཁོང་ཚོའི་མ་དགོན་བོད་ལ་ཡོད་དུས་བོད་ལ་ཕེབས་ཐུབ་ན་ཡག་པོ་ཡོང་གི་རེད། མ་གཞི་ང་ཚོར་གཉེན་འཕྲད་ལ་འགྲོ་རྒྱུའི་ལམ་ཁ་དེ་སྔོན་མ་ནས་ཡོད་ཀྱང་། རྒྱ་ནག་གི་ཆབ་སྲིད་ཀྱི་རྐྱེན་པས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་ལ་ཡིག་ཆ་དེ་ཙམ་སྤྲོད་ཀྱི་མི་འདུག སྤྱིར་བོད་དུ་ལོག་ན་གཞིས་ཆགས་ཁག་གི་གཞིས་མགོར་འབྲེལ་བ་བྱས་ཏེ། བོད་དུ་ལོག་དགོས་དོན་སྐོར་གྱི་འགེངས་ཤོག་བསྐང་རྒྱུ་དང་། ངྷ་ས་ལྟ་བུར་ས་གནས་མགོ་འཛིན་ལས་ཁུངས་ནས་འགེངས་ཤོག་བསྐང་དགོས་ཀྱང་། ད་བར་བོད་མི་ཉུང་ཤས་ཤིག་ལས་ལས་གཞི་དེར་དོ་སྣང་བྱེད་མཁན་བྱུང་ཡོད་པ་མ་རེད། དེར་མང་ཚོགས་ཀྱིས་ངེས་པར་དུ་དོ་སྣང་བྱ་དགོས་པ་རེད། བོད་དུ་ལོག་མཁན་དག་ལ་གཞུང་གི་ངོས་ནས་བཀག་འགོག་གནང་འདོད་ཡོད་པ་མ་རེད། ཡིན་ནའང་། གཙོ་བོ་རང་ཉིད་རྒྱ་ནག་གི་དྲིལ་བསྒྲགས་རྫུན་མའི་འོག་མགོ་མི་འཁོར་བ་ཞིག་གནང་དགོས་པ་རེད། རྒྱ་གཞུང་གིས་ལོ་རབས་ ༨༠ ནང་ཚུར་རྒྱ་གར་ལ་ཕེབས་མཁན་ཚོར་དམིགས་བསལ་སྣེ་ལེན་བྱེད་ཀྱི་ཡོད་པ་རེད། དེའི་སྔོན་ལ་ཡོང་མཁན་ཚོར་སྤུན་མཆེད་ཀྱི་འབྲེལ་བ་རིང་དུ་ཕྱིན་ཡོད་སྟབས་དེ་ཙམ་གལ་ཆེར་བརྩི་ཡི་ཡོད་པ་མ་རེད། དེ་མིན། སློབ་གྲྭ་ཁག་ནས་བོད་དུ་ལོག་མཁན་མང་པོ་ཡོང་གི་འདུག དེ་དག་ཁག་ཅིག་སློབ་ཕྲུག་གི་ཕ་མར་གནོན་ཤུགས་སྤྲད་དེ་ཕྱིར་ལོག་དགོས་པ་ཞིག་ཆགས་འདུག ” ཅེས་བརྗོད་སོང་། རྒྱལ་ས་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གིས་སྤྲོད་བཞིན་པའི་འགྲུལ་བསྐྱོད་ཡིག་ཆ་དེར་དུས་ཡུན་ལོ་ ༢ ཀྱི་ཆོག་མཆན་ཡོད་འདུག

གོང་བཀོད་གསར་འགྱུར་འདིའི་ཞིབ་འཇུག་རྒྱུ་ཆ་སོགས་ཞིབ་ཕྲའི་གནས་ཚུལ་ཁག་བོད་ཀྱི་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༼ ༥༢༧ ༽ སྟེང་བཀོད་འགྲེམས་བྱས་ཟིན།

No comments:

Post a Comment